༄༅༅།།བྱང་ཆུབ་འོད་ཀྱིས་དུས་རྟག་ཏུ། །བདག་ལ་ཚིག་ནི་བདུན་དྲིས་པས། །རྩ་བར་དོན་དེ་མ་གསལ་ཞེས། །བསྐུལ་བའི་དོན་དུ་བྲི་བར་བྱ། །སྔོན་གྱི་སློབ་དཔོན་མཁས་པ་ཆེན་པོ་ནོར་གྱི་རྩ་ལག་གི་ཞལ་ནས། མདོ་དོན་སྨྲ་བ་རྣམས་ལ་ནི།།མན་ངག་ཅུང་ཟད་སྦྱིན་པར་བྱ། །དགོས་པ་བཅས་དང་བསྡུས་དོན་བཅས། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་པས་བསྙད་པར་བྱ། །ཞེས་བཤད་པས་འདིར་ཡང་ཤེས་རབ་དང་ལྡན་པ་དང༌། བླ་མ་མཁས་པ་ལ་བརྟེན་པ་དག་གིས་ཚུལ་ཇི་ལྟ་བ་བཞིན་དུ་སྦྱར་བ་བྱས་ན་ཐེག་པ་ཆེན་པོའི་ལམ་བཟང་པོ་སྐྱེ་བོ་ཆེན་པོའི་ཆོས་ལུགས་ཤིང་རྟ་ཆེན་པོའི་ལམ་ཆེན་པོ་འདི་མྱུར་དུ་རྟོགས་པར་འགྱུར་རོ།།མདོ་སོགས་ལུང་དང་བསྟན་བཅོས་དང༌། །བླ་མ་རྣམས་ཀྱི་གསུང་བཞིན་དུ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ། །བདག་གིས་ངེས་པར་བཤད་པར་བྱ། །དེ་གང་ཡིན་ཞེ་ན། དུས་གསུམ་རྒྱལ་བ་ཐམས་ཅད་དག་དང་དེའི་ཆོས་དང༌། །དགེ་འདུན་རྣམས་ལ་གུས་པ་ཆེན་པོས་ཕྱག་བྱ་སྟེ། །སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས། །བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ། །ཞེས་བྱ་བ་ལ་སོགས་པའི་གཞུང་འདི་ཡིན་ནོ། །གཞུང་དེ་དག་གང་ཡིན་ཞེ་ན། དུས་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་གསུམ་ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་པ་གཅིག་ནི་རྟོགས་པར་སླའོ། །སློབ་མ་བཟང་པོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་སྣོད་ཡིན་པས་སོ། །དེ་གང་ཡིན་ཞེ་ན། བྱང་ཆུབ་འོད་ཅེས་བྱ་བ་འདི་ཡིན་ནོ། །བསྐུལ་གྱུར་པས་ཞེས་བྱ་བ་ནི་དེས་བདག་ལ་འདི་སྐད་དུ། བོད་ཀྱི་ཡུལ་འདི་ན་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེན་པོའི་ལམ་འདི་ལ་ལོག་པར་རྟོག་པའི་གང་ཟག་བླ་མ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པ་དག་ཕན་ཚུན་རྩོད་ཅིང་རང་རང་གི་རྟོག་གེས་ཟབ་པ་དང་རྒྱ་ཆེན་པོའི་དོན་ལ་རང་གི་རྟོག་པ་དཔྱོད་ཅིང་སོ་སོ་ནས་མི་མཐུན་པ་དག་མང་དུ་མཆིས་པས་དེ་དག་ཐེ་ཚོམ་བསལ་དུ་གསོལ་ཞེས་བདག་ལ་ཡང་དང་ཡང་དུ་བསྐུལ་བར་གྱུར་པས། དེའི་དོན་དུ་བདག་གིས་མདོ་ལ་སོགས་བའི་རྗེས་སུ་འབྲངས་ནས་བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱའོ། །བྱང་ཆུབ་ལམ་གྱི་སྒྲོན་མ་དེ་གང་ཡིན་ཞེ་ན། སེམས་ཅན་དམ་པ་བྱང་ཆུབ་མཆོག །ཅེས་བྱ་བ་ནས། དེ་ཉིད་རིག་ལ་ཉེས་པ་མེད། །ཅེས་པའི་བར་གྱི་གཞུང་འདི་ཡིན་ནོ། །དེ་ལ་ཆུང་དང་ཞེས་པ་ནས་མཆོག་ཡིན་ནོ་ཞེས་པའི་གཞུང་གིས་ཐེག་པ་ཆེན་པོའི་སྣོད་དང་སྣོད་མ་ཡིན་པ་བསྟན་ཏེ། སྐྱེས་བུ་ཐ་མ་དང༌། སྐྱེས་བུ་འབྲིང་ནི་ཞར་ལ་བཤད་པ་ཡིན་ནོ། །ཚིག་དོན་རྣམས་ནི་རྟོགས་པར་སླའོ། །རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་པས་ནི་ཐེག་པ་ཆེན་པོའི་སྣོད་བསྟན་པ་ཡིན་ནོ། །དོན་འདི་ལ་དགོངས་ནས་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་ཅན་ལ། །བུ་གཅིག་པ་ལ་བྱ་བ་བཞིན། །རྐང་གི་གཏིང་ནས་བྱམས་པ་སྟེ། །དེ་ལྟར་རྟག་ཏུ་བྱེད་པར་འདོད། །ཡང་ཇི་ལྟར་ཕུག་རོན་རང་གི་བུ་མཆོག་བྱམས། །རང་གི་བུ་དེ་པང་ན་འཁྱུད་ནས་འདུག །དེ་འདྲ་བ་ལ་ཁོང་ཁྲོ་འགལ་བ་ལྟར། །བརྩེར་བཅས་ལུས་ཅན་བུ་ལའང་དེ་དང་འདྲ། །ཞེས་གསུངས་པ་དང༌། སློབ་དཔོན་མཁས་པ་ཆེན་པོ་ནོར་གྱི་རྩ་ལག་གིས་ཀྱང་ཇི་སྐད་དུ། དམན་པ་དེ་དང་དེའི་ཐབས་ཀྱིས་རང་གི་རྒྱུད་དུ་གཏོགས་པའི་བདེ་བ་དོན་དུ་གཉེར། །འབྲིང་པོ་སྡུག་བསྔལ་ལྡོག་པ་ཁོ་ནའོ་བདེ་མིན་གང་ཕྱིར་དེ་ནི་སྡུག་བསྔལ་གནས་ཡིན་ཕྱིར། །དམ་པ་རང་གི་རྒྱུད་ལ་ཡོད་པའི་སྡུག་བསྔལ་རྣམས་ཀྱིས་གཞན་དག་ལ་ནི་བདེ་བ་དང༌། །སྡུག་བསྔལ་གཏན་ལྡོག་ཁོ་ན་དོན་གཉེར་གང་ཕྱིར་དེ་ཡི་སྡུག་བསྔལ་གྱིས་དེ་སྡུག་བསྔལ་ཕྱིར། །ཞེས་གསུངས་པ་དང༌། ཡང་གང་གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བར་འགྱུར་ཞིང༌། གཞན་གྱི་བདེ་བས་ཡིད་བདེ་ཞིང་དགའ་བར་འགྱུར་གྱི། བདག་གི་ནི་མ་ཡིན་པ་དེ་ལྟ་བུའི་རིགས་ཅན་ལ་ཡིན་ཏེ། དེ་དག་ནི་རང་གི་བདེ་བ་ལ་མི་ལྟ་བ་དང༌། དེ་དག་ནི་གཞན་དག་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་ལས་ཡོངས་སུ་བསྐྱབ་པར་ནུས་སོ་སྙམ་དུ་འབད་པ་བྱེད་དོ། །རང་བཞིན་གྱིས་སྙིང་རྗེ་ཆེ་བདག་ནི་སྙིང་རྗེ་ལ་གོམས་པའི་སྟོབས་ཀྱིས་རང་སྡུག་བསྔལ་ཡར་གཞན་བདེ་བ་ལ་མངོན་པར་དགའ་བ་ཡིན་ནོ་ཞེས་གསུངས་སོ། །དེ་བས་ན་སྐྱེས་བུ་གང་ཞིག་རང་བཞིན་གྱིས་ཕ་རོལ་པོ་ཉམ་ཐག་པ་དག་མཐོང་ན་མི་བཟོད་ཅིང་བདག་དང་གཞན་བརྗེ་བར་སེམས་ཤིང་བུ་གཅིག་པ་གཡང་སར་ལྷུང་བ་དང༌། ཆུ་བོ་ཆེན་པོས་ཁྱེར་བ་དང་། མེ་འབར་བའི་ནང་དུ་འདུག་པ་མཐོང་བ་ན་དེ་མི་བཟོད་པ་བཞིན་དུ། འགྲོ་བ་མཐའ་དག་ལ་བུ་གཅིག་པ་ལྟར་ལྟ་བ་དེ་ནི་འདིར་ཐེག་པ་ཆེན་པོའི་སྣོད་དུ་བསྔགས་སོ། །དེ་ལྟ་བུའི་སེམས་ཅན་ཆེན་པོ་དེ་ལ་ཇི་ལྟར་བྱ་སྙམ་ཕལ། བླ་མ་རྣམས་ཀྱིས་བསྟན་པ་ཡིས། །ཡང་དག་ཐབས་ནི་བསྟན་པར་བྱ། །ཞེས་བྱ་བ་ནི་འདི་ཡིན་ནོ། །དེ་ལ་བླ་མ་རྣམས་ནི་རྗེ་བཙུན་དཔལ་བྱང་ཆུབ་བཟང་པོ་དང༌། རྗེ་བཙུན་སུ་དྭའི་པ་ལ་སོགས་པའོ། །ཡང་དག་ཐབས་ཞེས་བྱ་བ་ནི། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང༌། མངོན་པར་ཤེས་པ་བསྐྱེད་ནས་གཞན་དོན་ཁྱད་པར་ཅན་བྱ་བའི་ཐབས་དང༌། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ཚོགས་གཉིས་བསག་པའི་ཐབས་དང༌། བདག་དང་གཞན་དོན་མྱུར་དུ་རྫོགས་པར་འགྱུར་བའི་ཐེག་པ་ཆེན་པོའི་ཆེན་པོ་གསང་སྔགས་ཀྱི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཚོགས་གཉིས་བསགས་པའི་ཐབས་རྣམས་སོ། །དེ་ལྟ་བུའི་ཐབས་དེ་དག་རྒྱས་པར་བཤད་པར་འདོད་ནས། རྫོགས་སངས་བྲིས་སྐུ་ལ་སོགས་དང༌། །ཞེས་པ་ནས། དེ་ཉིད་རིག་ལ་ཉེས་པ་མེད་པའི་བར་རོ། །གསུམ་ལ་སྐྱབས་སུ་འགྲོ་བ་ནི་ཐར་པའི་གྲོང་ཁྱེར་ཆེན་པོར་འཇུག་པའི་སྒོ་ལྟ་བུར་གྱུར་པ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་གཞི་ལྟ་བུར་གྱུར་པས་དེ་བསྟན་པར་འདོད་ནས།རྫོགས་སངས་བྲིས་སྐུ་ལ་སོགས་དང༌། །མཆོད་རྟེན་དམ་ཆོས་མངོན་ཕྱོགས་ནས། །ཞེས་བྱ་བ་ལ་སོགས་པ་ཚིག་རྐང་བཅུ་གཉིས་ཀྱིས་བསྟན་ཏེ། མངོན་ཕྱོགས་ནས་ཞེས་པ་ནི་དེ་བཞིན་གཤེགས་པའི་སྐུ་མངོན་དུ་ཕྱོགས་པར་བྱས་ཤིང་མཐོང་བ་ལས་བྱང་ཆུབ་ཀྱི་སེམས་སྐྱེའོ་ཞེས་ཐེག་པ་ཆེན་པོའི་མདོ་རྒྱལ་པོ་ལ་གདམས་པའི་སྔོན་གྱི་རྟོགས་པ་བརྗོད་པ་ལས་ཀྱང་མཐོང་བ་དང༌། དགེ་བའི་བཤེས་གཉེན་དག་ཀྱང་གསུང་ངོ། །ཆོ་ག་རྒྱས་པ་ནི་འོག་ནས་སྟོན་པར་འགྱུར་རོ། །

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག