སྔོན་ཆད། འཇིག་རྟེན་སྟེང་ན་དོམ་ཞེས་པའི་གཅན་གཟན་ཞིག་གཏན་ནས་མེད། གྲོང་སྡེ་ཆུང་ཆུང་དེར་རྒན་རྒོན་གཉིས་མ་གཏོགས་ཅི་ཡང་མེད། ཁོ་གཉིས་ཀར་བུ་ཕྲུག་མེད་ལ་འཚོ་བ་ཡང་ཧ་ཅང་དབུལ་ཕོངས་རེད།

    ཉིན་ཞིག་ལ། རྒན་མོས་ཁྱོ་གར་བལྟས་ནས་ན་རེ། “འུ་གཉིས་ལ་བུད་ཤིང་ཚར་བས་ཁྱོད་ནགས་ཚལ་དུ་སོང་ནས་གསོམ་སྡོང་ཞིག་བཅད་ནས་ཁུར་ཤོག དེས་འུ་གཉིས་ལ་ལོ་ཧྲིལ་བོར་འདང་ངེས་ཡིན”ཞེས་བཤད། ཁྱོ་གས་མོས་བཤད་པ་བཞིན་ལག་ཏུ་སྟ་རེ་བཟུང་ནས་ནགས་ཚལ་དུ་ཕྱིན། ཁོས་གསོམ་སྡོང་ཆེན་པོ་ཞིག་མཐོང་བ་ལ་མདུན་དུ་སོང་སྟེ་ཅུང་ཙམ་ལ་ཅེར་ནས་བསྡད། དེ་ནས་སྟ་རེ་ཡར་བཀྱགས་ཏེ་གཅོད་གྲབས་བྱེད་སྐབས་ཁོའི་རྣ་ལམ་དུ་གློ་བུར་ཞུ་བ་བྱེད་པའི་སྐད་ཅིག་ཐོས། རྒན་པོས་མིག་རྡེབ་རྡེབ་བྱས་ནས་ལྟ་དུས་མ་གཞི་གསོམ་སྡོང་གིས་ཁོ་ལ། “ཨ་མྱེས། ང་སྲོག་ཐར་ལ་གཏོང་རོགས། ང་མ་གཅོད། ཁྱོད་ལ་ཅི་ཞིག་དགོས་ན་ངས་ཁྱོད་ཀྱི་རེ་བ་བསྐང་ཆོག”ཅེས་ཞུ་བ་བྱེད་བཞིན་ཡོད།

    རྒན་པོ་སྐྲག་ཐག་ཆོད་ནས་ལག་གི་སྟ་རེའང་ཐང་ལ་ལྷུང་སོང་། “ང་གསོན་ནས་ལོ་ངོ་དྲུག་ཅུ་འགོར་ཡང་འདི་འདྲའི་ཡ་མཚར་བའི་དོན་དག་ཅིག་དང་འཕྲད་མ་མྱོང”ཞེས་ཆིག་ལབ་རྒྱག་ཞོར་སེམས་ཆུང་ངང་ཕྱིར་ཡུལ་ལ་ལོག་སྟེ་ནགས་ཚལ་དུ་བྱུང་བའི་དོན་དག་དེ་རང་གི་བཟའ་ཟླར་བཤད། རྒན་མོ་ན་རེ། “ཁྱོད་ཀྱིས་གསོམ་སྡོང་མི་གཅོད་ན། མ་མཐའ་ཡང་ཡལ་ག་བཅད་འོང་ན་མི་ཆོག་གམ”ཞེས་བཤད། རྒན་མོས་དེ་ལྟར་ཅི་མི་སྙམ་པར་རྒད་པོ་ཡང་བསྐྱར་ནགས་ཚལ་དུ་ཡལ་ག་གཅོད་པར་མངགས།

    རྒན་པོ་ནགས་ཚལ་དུ་སོང་ནས་གསོམ་སྡོང་ཆེན་པོ་དེ་རྙེད་ནས་ན་རེ། “ངའི་རྒན་མོས་ང་ཡལ་ག་གཅོད་པར་མངགས་ཡོང་བ་ཡིན”ཞེས་བཤད།

    “རྒན་པོ། སེམས་ཁུར་མ་བྱེད། ཁྱེད་རང་ཕྱིར་ཡུལ་ལ་ལོག་དང་། ཁྱེད་ལ་ཅི་མཁོ་བ་ཚང་མ་ཐོབ་ཡོད”ཅེས་བཤད།

    རྒན་པོས་གསོམ་སྡོང་གིས་བཤད་པ་བཞིན་ཕྱིར་ཡུལ་ལ་ལོག་དུས་ཁོའི་ཁྱིམ་དུ་མེ་ཁ་གསོ་སྤྱད་ཀྱི་ཤིང་དུམ་མང་པོ་ཞིག་སྤུངས་ཡོད་པ་མཐོང་བས་ཁོ་རང་ཡ་མཚན་ཆེན་པོ་སྐྱེས།

    ཆུང་མས་ཁྱོ་ག་འོངས་པ་མཐོང་ནས་ལེ་བདའི་ཚུལ་དུ་ན་རེ། “ངེད་གཉིས་ལ་མེ་ཁ་གསོ་སྤྱད་ཡོད་ནའང་དགུན་སླེབས་ཚེ་བུད་ཤིང་མེད་པས། ཁྱོད་མྱུར་དུ་བུད་ཤིང་འཐུ་རུ་སོང”ཞེས་བཤད། རྒན་མོས་བཤད་ཞོར་དང་སྡིགས་ཞོར་བྱས་པས་རྒད་པོ་སྐྲག་ནས་རྒྱུག་ཐེངས་གཅིག་གིས་ནགས་ཚལ་དུ་ཕྱིན། ཆུང་མས་ང་ལ་ལས་འགན་གསར་བ་ཞིག་བཞག་སོང་ཞེས་གསོམ་སྡོང་ལ་ཞུས་པས་གསོམ་སྡོང་གིས་སེམས་གསོ་དང་བཅས་ཏེ་ན་རེ། “ཕྱིར་ཡུལ་ལ་ལོག་དང་བུད་ཤིང་ཡུལ་ན་ཡོད”ཅེས་བཤད།

    རྒན་པོ་ཡུལ་ལ་ལོག་པ་ན་ར་སྐོར་ནང་དུ་བུད་ཤིང་མང་པོ་བརྩིགས་ཡོད་པ་མཐོང་བས་ཡ་མཚན་སྐྱེས་ཏེ་ཁ་གདངས་ཤིང་མིག་ཅེར་ནས་བསྡད།

    རྒན་མོ་སྔར་ལས་ཀྱང་ཡིད་མ་ཚིམ་པར་ན་རེ། “ཁྱོད་ཀྱིས་བུད་ཤིང་འདི་ཙམ་མ་གཏོགས་མ་བསླང་བ་ཅི་ཡིན་ནམ། འུ་གཉིས་ལ་གོར་སོབ་སྲེག་སྤྱད་ཀྱི་གྲོ་ཕྱེ་མེད་པས་མྱུར་དུ་གྲོ་ཕྱེ་སློང་དུ་སོང”ཞེས་བཤད་པས། རྒན་པོ་བྲེལ་འཚུབ་ངང་གསོམ་སྡོང་གི་མདུན་དུ་སོང་ནས་རྒན་མོས་ཁོ་རང་གྲོ་ཕྱེ་སློང་བར་མངགས་པ་གསོམ་སྡོང་ལ་བཤད། གསོམ་སྡོང་གིས་མཛའ་བའི་ཉམས་དང་བཅས་ཏེ་ན་རེ། “རྒན་པོ། ཕྱིར་ཡུལ་ལ་ལོག་དང་། ཁྱོད་ལ་ཅི་མཁོ་བ་ཁྱིམ་དུ་ཡོད”ཅེས་བཤད། རྒན་པོ་ཡང་བསྐྱར་དགའ་སྤྲོའི་ངང་ཡུལ་ལ་ལོག་པ་ན་རང་ཁྱིམ་གྱི་འབྲུ་སྒམ་གྲོ་ཕྱེ་ཡིས་གང་ཡོད། ཁོ་བག་ཕེབས་པའི་ངང་སྒོ་ཕྱིར་བུད་ཅིང་སུན་སྣང་ཆེ་བའི་དོན་དག་རྣམས་རྩ་བ་ནས་བརྗེད་སོང་།

    རྒན་མོས་རྒད་པོ་མཐོང་མ་ཐག་ཁང་བ་ལས་ཕྱིར་འོངས་ཏེ་མགོ་མཇུག་མེད་པར་སྡིགས་དམོད་བྱས་སོང་། “ཁྱོད་མགོ་འཐོམས་པ་ཡིན་ནམ། གྲོ་ཕྱེ་མ་གཏོགས་མི་སློང་བ་ཅི་ཡིན། སོང་། སོང་ནས་གསེར་སྒམ་གང་སློང་ཤོག”ཅེས་གཤེ་གཤེ་གཏོང་ཞོར་ཕགས་མ་ལག་ཏུ་བཟུང་ནས་རྒད་པོའི་རྗེས་བདའ་བས་རྒད་པོ་སྐྲག་སྟེ་ཤུགས་ཀྱིས་བྲོས། “སྙིང་ཉེ་བའི་གསོམ་སྡོང་ལགས། ང་ལ་རོགས་རམ་ཞིག་བྱེད་རོགས། ངའི་རྒན་མོ་ལ་གསེར་སྒམ་གང་དགོས་ཟེར་ནས་ང་འདི་རུ་བདའ་བ་རེད”ཅེས་ཞུས་པས། གསོམ་སྡོང་ན་རེ། “རྒན་པོ། ཕྱིར་ཡུལ་ལ་ལོག་དང་ཁྱོད་ལ་ཅི་མཁོ་བ་འཐོབ་ངེས་ཡིན”ཞེས་ཚིག་ལན་གཅིག་མ་གཏོགས་མ་སྨྲས།

    རྒན་པོ་ཡུལ་ལ་ལོག་སྟེ་སྒེའུ་ཁུང་བརྒྱུད་ནས་ལྟ་དུས་ཁང་བའི་ནང་དུ་གསེར་སྒམ་གང་ཡོད་པ་མཐོང་། རྒན་པོས་སེམས་ཁྲལ་བྱེད་ཞོར་ན་རེ། “རྒན་མོ། ཁྱིམ་དུ་འདི་འདྲའི་གསེར་མང་པོ་ཡོད་ན་དོན་བཟང་ཞིག་མིན། འུ་གཉིས་ཀྱིས་ངེས་པར་སྦས་སྐུང་བཟང་པོ་བྱེད་དགོས”ཞེས་བཤད།

    རྒན་མོས་ཀྱང་མགོ་བོ་ལྡེམ་ལྡེམ་བྱས་ནས་འཐད་པའི་ཉམས་བསྟན། ཁོ་གཉིས་ཀྱིས་བསམ་གཞིག་བཏང་རྗེས་གསེར་སྒམ་གང་བོ་ས་འོག་གི་ཁང་བའི་ནང་དུ་སྦས། གསེར་སྒམ་གང་བོས་ཁོ་གཉིས་ལ་བདེ་སྐྱིད་སྐྱེལ་ཡོང་བ་ཕར་ཞོག དེ་ལས་ལྡོག་སྟེ་སུན་སྣང་དང་ལྷོད་ལ་འབབ་མི་ཐུབ་པའི་སེམས་ཁམས་ཤིག་བཟོས་པ་རེད། དེ་ནས་བཟུང་ཁོ་གཉིས་ཀྱིས་ཉིན་མཚན་རེས་མོས་སུ་མི་གཞན་གྱིས་ཁོ་གཉིས་ཀྱི་གསེར་བརྐུ་བར་དོགས་ནས་སེམས་ཁུར་ཆེན་པོ་བྱས།

    དེ་ལྟ་བུའི་འཚོ་བ་རྒན་མོས་བཟོད་མ་ཐུབ་པར་ན་རེ། “རྒད་པོ། ཁྱོད་གསོམ་སྡོང་གི་མདུན་དུ་སོང་དང་མི་ཐམས་ཅད་ཀྱིས་འུ་གཉིས་མཐོང་ན་གམ་དུ་བཅར་མི་ཕོད་པར་འཇིགས་སྐྲག་སྐྱེས་པ་ཞིག་ཏུ་བསྒྱུར་རོགས་ཞེས་གསོམ་སྡོང་ལ་ཞུ་བ་བྱོས”ཞེས་ཡང་བསྐྱར་རྒན་པོ་ནགས་ཚལ་དུ་མངགས་སོང་།

    རྒན་པོས་རྒན་མོའི་སྐད་ཆར་རྒྱབ་འགལ་བྱེད་མ་ཐུབ་པར་ལམ་རིང་བོར་བྲེལ་འཚུབ་ཀྱིས་བརྒྱུགས་ནས་གསོམ་སྡོང་གི་མདུན་དུ་སོང་སྟེ་གསོམ་སྡོང་གི་ཕྱོགས་སུ་གུས་ཕག་གཅིག་ཕུལ་ནས་ན་རེ། “ཁྱེད་ཀྱིས་ཡང་བསྐྱར་ངེད་གཉིས་ལ་རོགས་སྐྱོར་གནང་རོགས། མི་ཐམས་ཅད་ཀྱིས་ངེད་གཉིས་མཐོང་ན་འཇིགས་སྣང་སྐྱེས་ཤིང་ངེད་གཉིས་ཀྱི་གསེར་བརྐུ་བར་ཡོང་མི་ཐུབ་པ་ཞིག་ཏུ་བསྒྱུར་རོགས”ཞེས་ཞུ་བ་བྱས། གསོམ་སྡོང་གིས་ཚམ་ཚོམ་ཅི་ཡང་མེད་པར་ན་རེ། “ཁྱོད་ཕྱིར་ཡུལ་ལ་སོང་དང་ཁྱེད་ཀྱི་རེ་བ་ཚང་མ་མངོན་དུ་འགྱུར་ངེས་ཡིན། ཁྱེད་གཉིས་མི་མ་ཟད་གཅན་གཟན་ཐམས་ཅད་ཀྱིས་ཀྱང་མཐོང་ན་སྐྲག་སྣང་སྐྱེས་པ་ཞིག་ཏུ་འགྱུར་ཐུབ་པ་ཡིན”ཞེས་བཤད།

    རྒན་པོ་ཡུལ་ལ་ལོག་ནས་སྒོ་ཕྱེས་པ་ན་གནམ་རྒན་མ། རྒན་མོ་ཁོའི་ཕྱོགས་སུ་མཆོང་ནས་ཡོང་བ་དང་ཁོ་གཉིས་ཐང་དུ་འགྲེ་ལོག་བརྒྱབ། སོ་འདེབས་རེས་བྱས་ཤིང་།……ངར་སྐད་བསྒྲགས་པ་དང་། དེ་ནས་དོམ་རྒན་གཉིས་སུ་གྱུར།

    དུས་དེ་ནས་བཟུང་། འཇིག་རྟེན་སྟེང་ན་དོམ་ཞེས་པ་ཞིག་བྱུང་བ་ཡིན་ནོ། །

    སྒྱུར་པ་པོ་ནི་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི2012ལོའི་ལོ་ཙཱ་འཛིན་གྲྭའི་ཡིན།

    མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས22པ།2015·07·31།

    

    

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག