གླེང་གཞི།

    ད་སྔ་མཐོང་ཡུལ་དུ་གྱུར་པའི་རབ་རྟོག་བརྩམས་སྒྲུང་གི་བྱུང་བ་བརྗོད་པའི་དཔྱད་རྩོམ་ཕལ་ཆེར་གྱིས། རྟག་ཏུ་རབ་རྟོག་བརྩམས་སྒྲུང[1]དེ་གནའ་རབས་ཀྱི་དམངས་ཁྲོད་གཏམ་རྒྱུད་དམ་རབ་རྟོག་བརྩམས་སྒྲུང་གི་རྨང་གཞིའི་སྟེང་བྱུང་བ་རེད་ཅེས་སྒྲ་སྤྱི་ཙམ་བརྗོད་པ་ལས། དམངས་ཁྲོད་ཀྱི་གཏམ་རྒྱུད་སྣ་ཚོགས་རབ་རྟོག་བརྩམས་སྒྲུང་གི་རྨང་གཞི་ཇི་ལྟར་བྱས་པའི་ཐད་ལ་ཚུགས་ཐུབ་ཀྱི་རྟགས་དང་ཡང་དག་གི་རྒྱུ་མཚན་ཞིག་བཀོད་མེད། དམངས་ཁྲོད་གཏམ་རྒྱུད་དང་རྩོམ་པ་པོའི་བརྩམས་སྒྲུང་གི་འབྲེལ་བ་བརྗོད་པའི་དཔྱད་རྩོམ་རེ་འགས་ཀྱང་དཔྱད་ཡུལ་དེར་སྨྱུ་གུ་གཡོལ་ནས་འགྲོ་བ་ལས་དཔྱད་པ་ལྷུར་བླངས་མེད། བརྒྱ་ལ་དཔྱད་པ་ཞིག་ཡོད་ཚེ་ཡང་དམངས་ཁྲོད་གཏམ་རྒྱུད་ག་གེ་མོ་ཞིག་ཟུར་དུ་བཏོན་ནས་དེས་རབ་རྟོག་བརྩམས་སྒྲུང་འདི་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་ཅེས་ཁ་ཚོན་བཅད་ནས་སྨྲས་འདུག འདིར་ཁོ་བོས་དམངས་ཁྲོད་གཏམ་རྒྱུད་འགའ་རབ་རྟོག་བརྩམས་སྒྲུང་གི་རྨང་གཞིར་ཇི་ལྟར་གྱུར་པའི་ཐད། དམངས་ཁྲོད་གཏམ་རྒྱུད་སོགས་ཀྱི་བྱུང་རིམ་ཕྲ་མོའམ་བརྗོད་དོན་རྡོག་པོ། མི་སྣའི་སྣང་བརྙན་ལ་སོགས་པ་རབ་རྟོག་བརྩམས་སྒྲུང་དུ་ཇི་ལྟར་ལྷགས་ཤིང་གནས་པའི་ནང་གི་འབྲེལ་བ་གྲུབ་ཚུལ་དེར་དམིགས་ཏེ། དམངས་ཁྲོད་གཏམ་རྒྱུད་དང་རབ་རྟོག་བརྩམས་སྒྲུང་གི་འབྲེལ་བར་བརྟག་པར་བྱའོ། །

    དམངས་ཁྲོད་གཏམ་རྒྱུད་དེ་རབ་རྟོག་བརྩམས་སྒྲུང་གི་རྨང་གཞིར་ཇི་ལྟར་གྱུར་པ་དེར་དམངས་ཁྲོད་རྩོམ་རིག་ཞིབ་འཇུག་ཁྲོད་ཀྱི་རྨང་མཐུན་ཞིབ་འཇུག་གི་ཐབས་ལམ་སྤྱད་ན་འཇུག་སླ་ཞིང་དཔྱད་བདེ་བས། ཐོག་མར“རྨང་མཐུན”ཞེས་པའི་ཐ་སྙད་དང་དེའི་ཞིབ་འཇུག་གི་ཐབས་ལམ་སྔོན་འགྲོའི་ཚུལ་དུ་ངོ་སྤྲོད་བྱ།

    རྨང་མཐུན་ཞེས་པའི་རིག་གཞུང་གི་བརྡ་ཆད་དང་དེའི་ཞིབ་འཇུག་གི་ཐབས་ལམ་དེ་ཐོག་མར་ཨ་རིའི་དམངས་ཁྲོད་རྩོམ་རིག་ཞིབ་འཇུག་མཁས་ཅན་སུ་ཏེ་སི·ཐོམ་ཕུ་སུན(Stith.Thompson)གྱིས་བརྩམས་ཆོས་ཁྲི་སྟོང་མང་པོའི་ཁྲོད་ནས་ཡང་དང་བསྐྱར་དུ་བཟློས་པའི་དོན་བརྗོད་ཀྱི་གྲུབ་ཆ(叙事因素)དེར་རྨང་མཐུན་ཞེས་བརྗོད་ཅིང་། སྤྱི་ལོ1932ནས1937དབར་པར་དུ་བསྐྲུན་པའི་གསུང་རྩོམ་པོད་དྲུག་གི་བདག་ཉིད་ཅན་དམངས་ཁྲོད་རྩོམ་རིག་གི་རྨང་མཐུན་དཀར་ཆག་ཅེས་པ་རྨང་མཐུན་ཞིབ་འཇུག་གི་དཔྱད་འབྲས་ཡིན། ཐ་སྙད་འདི་དབྱིན་སྐད་དུ(motif)ཟེར་ཞིང་། འཇར་མན་གྱི་སྐད་དུ(Motvem)ཟེར། རྒྱ་ནག་སྐད་དུ(母题)ཟེར། དེ་ཡང་ཐ་སྙད་འདི་བོད་སྐད་དུ་རྨང་མཐུན་ཟེར་ན་དོན་གནད་ལ་ཁེལ་ཅིང་འབྱོར་བར་སེམས། གཅིག སྒྲ་གདངས་ཐད་ནས་ཉེ་བར་ཡོད། གཉིས། རྨང་མཐུན་གྱི་བརྗོད་དོན་ལ་འབྱོར། རྨང་མཐུན་ཞེས་པ“དངོས་པོ་ཞིག(སྒྱུ་འཕྲུལ་གྱི་བེ་ཅོན་ལྟ་བུ) ཁྱད་མཚར་བའི་སྲོག་ཆགས(ཁ་གྲག་པའི་རྟ་ལྟ་བུ)འདུ་ཤེས་འཛིན་སྟངས་ཤིག(འཛེམ་བྱ་ལྟ་བུ) འགུལ་སྐྱོད་ཅིག(ཉམས་སད་པའམ་མགོ་སྐོར་བ) སྣང་བརྙན་ཞིག(འཇིག་རྟེན་བྱེད་པོའམ་འཕགས་མི) མི་སྣའི་རིགས་ཤིག(གླེན་པ་དང་སྔོན་མཁྱེན་པ)ཡང་ན་སྒྲིག་གཞིའི་ཁྱད་ཆོས་ཤིག་གི་ཁྱད་ཆོས(རྒྱུན་བཀོལ་གྲངས་ཀའམ་མང་དུ་བསྐྱར་ཞིང་བཟློས་པ)སོགས་ཡིན།”[2]ཞེས་པ་དེ། གཏམ་རྒྱུད་ཀུན་གྱི་འདྲ་སའམ་མཐུན་ཆ་ཡོད་པའི་རྨང་གཞིའི་གྲུབ་ཆ་ཁག་ཡིན་པས་རྨང་མཐུན་ཟེར་ན་འོས་པར་སེམས། བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་སྐོར་ཞིག་ལ་བརྟགས་ན་དེ་དག་རབ་རྟོག་བརྩམས་སྒྲུང་གི་རྨང་མཐུན་དུ་གྱུར་པར་གཤམ་གྱི་རིགས་འགའ་མཆིས་ཤིང་། འདིའི་སྟེང་ནས་རབ་རྟོག་བརྩམས་སྒྲུང་དེ་དམངས་ཁྲོད་གཏམ་རྒྱུད་ཀྱི་རྣམ་པས་ལས་ཇི་ལྟར་བྱུང་ཞིང་འཕེལ་བ་རྟོགས་ཐུབ་པར་མ་ཟད། ད་དུང་དམངས་ཁྲོད་གཏམ་རྒྱུད་དང་རབ་རྟོག་བརྩམས་སྒྲུང་གི་འབྲེལ་བ་གྲུབ་ཚུལ་ཡང་ཤེས་བཏུབ།

    གཅིག ས་ཆའི་བདག་དབང་རྩོད་པའི་རྨང་མཐུན།

    ས་ཆ་ག་གེ་མོ་ཞིག་ལ་དབང་མཛད་པའི་མིས་ས་ཁོངས་དང་རྒྱུ་ནོར་གྱིས་ཕྱིར་ས་ཆ་གཞན་ཞིག་མངའ་ཞབས་སུ་བསྡུས་ཐབས་ལས། ཡུལ་བདག་ཕན་ཚུན་བར་དུ་འཁྲུག་རྩོད་བྱུང་བའི་དོན་གྱི་བྱུང་བ་བརྗོད་ཚུལ་དེ། གནའ་རབས་ཀྱི་གཏམ་རྒྱུད་དུ་མཆིས་པར་མ་ཟད། ཕྱིས་ཀྱི་རབ་རྟོག་བརྩམས་སྒྲུང་གི་ཁྲོད་དུ་ཡང་སཱཙྪ་བརྐོས་ཕོར་ནས་བཏོན་པ་ལྟར་ཏུར་རེ་བྱུང་ཡོད།

    ཏུན་ཧོང་ཡིག་རྙིང་ཁྲོད་རྙེད་པའི་བོད་བཙན་པོ་དུས་ཀྱི་གཏམ་རྒྱུད་རྟ་རྐྱང་དབྱེ་བའི་རབས[3]ཀྱི་དོན་གྱི་བྱུང་རིམ་དང་དུས་རབས་བཅོ་བརྒྱད་པར་བྱུང་བར་གྲགས་པའི་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱི་བྱ་སྤྲེལ་གཏམ་རྒྱུད་ཀྱི་དོན་གྱི་བྱུང་བ་གཉིས་ཕན་ཚུན་ཤིན་ཏུ་འདྲ་སྟེ། རྟ་རྐྱང་དབྱེ་བའི་རབས་སུ་རྟ་སྤུན་གསུམ་ཡོད་པ་ལས་ཕུ་ཡིད་ཀྱི་གདང་པྱམ་ཡུལ་བྱང་ཀ་སྣམ་བརྒྱད་ནས་རྩྭ་ཆུའི་དོན་དུ་འབྲོང་གཡག་སྐར་བ་དང་མ་མཐུན་པར་གཅེས་པའི་སྲོག་ཤོར་ཞིང་། ནུ་ཐ་ཆུང་ཁུག་རྨང་རོན་རྨང་དར་གྱིས་ཡུལ་མྱི་ཡུལ་སྐྱི་མཐིང་ནས་མྱི་རྨ་བུ་ལྡམ་ཤད་ལ་མགོ་བཏེགས་ཏེ་ཡུལ་བྱང་ཀ་སྣམ་བརྒྱད་དུ་འབྲོང་གཡག་སྐར་བ་བསད་ཅིང་ཕུ་ཡིད་ཀྱི་གདང་པྱམ་གྱི་དགྲ་ཤ་བླངས། གནའ་རབས་ཀྱི་གཏམ་རྒྱུད་འདི་རུ་རྟའི་ཚོ་བ་དང་འབྲོང་ཚོ་བ་གཉིས་རྩྭ་སའི་བདག་དབང་དོན་དུ་འཁྲུག་རྩོད་དབལ་ཚ་བ་བྱུང་བར་བརྗོད་ཅིང་། བྱ་སྤྲེལ་གཏམ་རྒྱུད་དུ་ཡང་རི་ཀུན་བཟང་ཟེར་བ་རྩེ་མོ་སེང་གེས་བདག་ཏུ་བཟུང་། སྐེད་པ་བྱ་ཡི་བདག་ཏུ་བཟུང་། རྩ་བ་གཅན་གཟན་གྱིས་བདག་ཏུ་བཟུང་བ་དུས་ནམ་ཞིག་གི་ཚེ། སྤྲེའུ་ཁག་སྤང་རི་ལ་ཕྱིན་ཏེ་མེ་ཏོག་དང་སེར་ཤ་སྤང་རྒྱན་ཤ་མོ་རྩི་ཐོག་སོགས་ཅི་དགར་ལོངས་སུ་སྤྱད་པས། བྱ་རྣམས་ཀྱིས་སྤྲེའུར་རང་ས་རང་བཟུང་ལས་བྱ་རྣམས་ཀྱི་ཐོབ་སྐལ་བག་མེད་བྱུང་རྒྱལ་དུ་ལོངས་སྤྱོད་མི་རིགས་པར་སྨྲས་ཤིང་། སྤྲེའུ་ཚོགས་དང་བྱའི་ཚོགས་གཡུལ་གྱི་སྦྱོར་བ་བཤམས་ནས་མཐའ་མཇུག་འདུམ་འགྲིག་བྱས་པར་བརྗོད། འདི་ལྟར་བལྟས་ན་གནའ་རབས་ཀྱི་གཏམ་རྒྱུད་རྟ་རྐྱང་དབྱེ་བའི་རབས་ཀྱི་ས་ཆའི་བདག་དབང་རྩོད་པའི་ཆེས་རྩ་བར་གྱུར་པའི་བྱུང་རིམ་མམ་རྨང་མཐུན་དེ་དུས་རབས་བཅོ་བརྒྱད་སྐབས་ཀྱི་རབ་རྟོག་བརྩམས་སྒྲུང་གི་རིགས་སུ་གྱུར་པ་བྱ་སྤྲེལ་གཏམ་རྒྱུད་དུ་བྱུང་ཡོད། ང་ཚོས་རྟ་རྐྱང་དབྱེ་བའི་རབས་ཀྱིས་བྱ་སྤྲེལ་གཏམ་རྒྱུད་ལ་ཤུགས་རྐྱེན་ཐེབས་ཡོད་ཅེས་མཐའ་གཅིག་ཏུ་བཤད་ཁག་ལ་མ་ཐེབས་ཅེས་ཀྱང་བརྗོད་དཀའ། གང་ལྟར་རྟ་རྐྱང་དབྱེ་བའི་རབས་ཀྱི་ས་ཆའི་བདག་དབང་རྩོད་པའི་རྨང་མཐུན་བྱ་སྤྲེལ་གཏམ་རྒྱུད་དུ་རྙེད་པ་དེས། སྔ་ལོགས་སུ་བྱུང་བའི་དམངས་ཁྲོད་གཏམ་རྒྱུད་དེ་ཕྱི་ལོགས་སུ་བྱུང་བའི་རབ་རྟོག་བརྩམས་སྒྲུང་གི་རྨང་གཞིར་གྱུར་པ་དང་། དེ་གཉིས་དབར་དུ་འབྲེལ་བ་ངེས་ཅན་ཞིག་མཆིས་པ་ཤེས་བཏུབ།(འཕྲོ་མ་པར་ངོས15པར་གཟིགས།)

    མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས 14 པ།2015·07·31།

   

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག