(པར་ངོས14པར་མཐུད་པ།)གཉིས། སྒོམ་ཆེན་དང་སྲོག་ཆགས་ག་གེ་མོའི་འགལ་རྩོད་ཀྱི་རྨང་མཐུན།

    འདུ་འཛི་ཟང་ཟིང་བྲལ་བའི་འབྲོག་དགོན་པར་ཏིང་འཛིན་ཟས་སུ་ཟ་ཞིང་མཉམ་བཞག་ལ་བརྩོན་པའི་སྒོམ་ཆེན་པ་ཆེ་གེ་མོས། རང་ཉིད་ཀྱི་ཉེ་ལོགས་སུ་འདུར་རྒྱུག་བྱས་པའི་སྲོག་ཆགས་ག་གེ་མོ་ཞིག་ལ། ཁ་ཟས་སྦྱིན་པ་དང་རོགས་རམ་བགྱིས་པ་སོགས་ཀྱི་བྱ་རྩོལ་བསྒྲུབས་ཀྱང་། སྲོག་ཆགས་དེས་སྒོམ་ཆེན་པ་དེར་གནོད་ངན་སོགས་ཀྱིས་དྲིན་ལན་ལོག་ཏུ་འཇལ་བའི་རྨང་མཐུན་དེ། གནའ་རབས་ཀྱི་གཏམ་རྒྱུད་དུ་བྱུང་ཡོད་པར་མ་ཟད། ཕྱིས་ཀྱི་རབ་རྟོག་བརྩམས་སྒྲུང་གི་ཁྲོད་དུ་ཡང་མར་ལས་མར་བཏོན་པ་ལྟར་བྱུང་ཡོད།

    བྱི་བ་འདོད་རྔམས་ཅན[4]ཞེས་པ་རུ་སྔོན་དུས་སུ་ཆུ་བོ་གང་གཱར་འཁོར་བ་མི་རྟག་པར་སྒོམ་པའི་སྐྱེས་བུ་དམ་པ་ཞིག་ལ་སྤུ་མེད་པའི་བྱི་བ་གྲོགས་པོ་ཞིག་ཡོད་ཅིང་། བྱི་བ་དེས་རང་ཉིད་ལས་ནུས་རྩལ་ཆེ་བའི་བྱི་ལ་མཐོང་ཚེ། སྐྱེས་བུ་དམ་པ་དེར་ཁོ་རང་བྱི་ལ་ཞིག་ཏུ་བསྒྱུར་དུ་བཅུག དེ་བཞིན་དུ་སྟག་དང་གླང་ཆེན། མཇུག་མཐར་བུད་མེད་མཛེས་སྡུག་ཅན་ཞིག་ཏུ་བསྒྱུར་དུ་བཅུག་ཅིང་ཡུལ་དེའི་རྒྱལ་པོའི་བཙུན་མོར་གྱུར་རྗེས། རང་ཉིད་བྱི་ལ་ཡིན་པའི་མཚང་སྐྱེས་བུ་དམ་པ་དེས་མི་བརྟོལ་ལམ་སྙམ་ནས། རྒྱལ་པོར་བསླུ་བྲིད་བཏང་ནས་སྐྱེས་བུ་དམ་པ་གསོད་ཐབས་ཀྱིས་དྲིན་ལན་ལོག་ཏུ་འཇལ་མོད། མཇུག་མཐར་འདོད་དོན་མ་འགྲུབ་པར་སླར་ཡང་རང་གཟུགས་བྱི་བ་རུ་འཕོ་འགྱུར་བྱུང་བ་བརྗོད། སྐྱེ་བོ་གསོ་ཐིགས་ཀྱི་འགྲེལ་བ་ཡི་ཁྲོད་བྱི་ལའི་རྫུན་ཚིག[5]ཅེས་པའི་གཏམ་རྒྱུད་ཅིག་ཡོད་ཅིང་། དོན་གྱི་བྱུང་རིམ་ཡང་དགེ་སློང་གི་དྲིན་གྱིས་བསྐྱངས་པའི་བྱི་ལས་དགེ་སློང་གི་དངོས་པོ་མང་དུ་བརྐུས། ལན་ཅིག་ཕྲེང་བ་ཞིག་ཡོད་པ་དེ་བརྐུས་པས་དགེ་སློང་གིས་རྗེས་དེད་ནས་བྱི་ལའི་མཇུག་མ་ཟིན་པ་གཉིས་ཀས་འཐེན་པས་མཇུག་མ་ཆད། བྱི་ལས་རང་ཉིད་ཆོས་པར་བརྫུས་ནས་བྱི་བ་ཚོར་མགོ་སྐོར་གྱིས་བྱི་བ་རེ་རེ་བཞིན་གཡོ་ཐབས་སྒོས་ཁ་ཟས་བྱས་ཀྱང་། ཕྱིས་སུ་བྱི་བ་ཚོས་ཚོར་ནས་བྱི་ལར་མཚང་འབྱིན་དང་ཟུར་ཟ་བགྱིས། གོང་གི་གཏམ་རྒྱུད་དེ་གཉིས་ཀྱི་རྩ་བར་གྱུར་པའི་དོན་གྱི་བྱུང་བའམ་མི་སྣའི་སྣང་བརྙན་གྱི་རྨང་མཐུན་དེ་རབ་རྟོག་བརྩམས་སྒྲུང་རེ་གཉིས་ཁྲོད་བྱུང་ཡོད་དེ། དུས་རབས་བཅོ་བརྒྱད་དང་དུས་རབས་བཅུ་དགུ་པའི་དུས་སུ་བྱུང་བའི་སྣང་མཛད་རྡོ་རྗེའི་རྫ་ཙིག་གཏམ་རྒྱུད[6]དུ་བྲག་སྐྱ་སེང་གེ་ཕུག་ཅེས་པ་རུ་དགེ་སྦྱོར་ལ་བརྩོན་པའི་སྒོམ་ཆེན་གྱིས་རྫ་ར་སེར་སྐྱ་དང་བྱི་བ་སྨུག་ཆུང་གཉིས་སྔར་ཟན་བྲུལ་སོགས་ཀྱིས་དྲིན་གྱིས་བསྐྱངས་ཀྱང་། མཚན་དུས་སུ་དེ་གཉིས་ཀྱིས་ཁོ་ལ་བརྐུས་བྱས་པར་མ་ཟད། བརྐུ་ཉེས་ཁས་ལེན་མ་བྱས་པའི་ཁར་ད་དུང་སྒོམ་ཆེན་པར་ཁ་རྩོད་རབས་དང་རིམ་པ་བྱས། བྱི་བས་དམག་དྲངས་པ་སོགས་ཀྱིས་སྦྱོར་བ་བཤམས་མོད། སྒོམ་ཆེན་གྱི་ཕྱོགས་སུ་ལངས་པའི་ཨོག་དཀར་གྱིས་རྫིག་རྔམ་ལས་རྫ་ར་སེར་སྐྱ་དང་བྱི་བ་སྨུག་ཆུང་ཕམ་ཞིང་། མཇུག་མཐར་སྒོམ་ཆེན་པའི་ཆོས་འོག་ཏུ་བཀུག དུས་རབས་བཅུ་དགུ་དང་ཉི་ཤུ་པའི་དུས་ཀྱི་རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མའི་དགེ་ཚུལ་དང་བྱ་རོག་གི་གཏམ་རྒྱུད[7]དུ་ཡང་སྒོམ་ཆེན་པ་བཟང་པོའི་བློ་ཡིས་གཏོར་མ་སོགས་བྱིན་ནས་དྲིན་གྱིས་བསྐྱངས་པའི་བྱ་རོག་བུམ་པའི་སྤྱི་གཙུག་གིས་དྲིན་ཆེན་ལ་དྲིན་ལོག་དང་གཡང་ལ་རྡོ་ཁར་བྱས་པའི་དཔེ་ལྟར། སྒོམ་ཆེན་པའི་ཤ་བརྐུས་པས་མི་ཆོག་ད་དུང་སྒོམ་ཆེན་པ་དང་རྩོད་པའི་འཕྲུལ་འཁོར་ཟམ་མ་ཆད་པར་བསྐོར་ཅིང་། མཇུག་ཏུ་དགེ་སློང་ཉི་མ་དཔལ་གྱིས་བར་འདུམ་མཛད་ནས་འགྲིག་པར་བརྗོད།

    གོང་གི་དམངས་ཁྲོད་གཏམ་རྒྱུད་བྱི་བ་འདོད་རྔམས་ཅན་དང་བྱི་ལའི་རྫུན་ཚིག་གི་རྩ་བར་གྱུར་པའི་བྱུང་རིམ་སྟེ། སྒོམ་ཆེན་གྱིས་དྲིན་གྱིས་བསྐྱངས་པའི་སྲོག་ཆགས་ག་གེ་མོས་ཕྱིར་སྒོམ་ཆེན་ལ་དྲིན་ལན་ལོག་འཇལ་བྱས་པའི་རྨང་མཐུན་དེ། རབ་རྟོག་བརྩམས་སྒྲུང་གི་རིགས་རྫ་ཙིག་གཏམ་རྒྱུད་དང་དགེ་ཚུལ་དང་བྱ་རོག་གི་གཏམ་རྒྱུད་ཀྱི་ཁྲོད་དུ་བྱུང་ཡོད་རྐྱེན། ང་ཚོས་དམངས་ཁྲོད་གཏམ་རྒྱུད་སྔ་མ་སྔ་མ་རྣམས་ཕྱི་མ་ཕྱི་མའི་རབ་རྟོག་བརྩམས་སྒྲུང་གི་རྨང་གཞིར་གྱུར་པ་ཏུར་རེ་ཚོར་ཐུབ།

    གསུམ། འཕོ་བ་གྲོང་འཇུག་གི་རྨང་མཐུན།

    རྣམ་ཤེས་ཤིག་བེམ་རོ་གཞན་ཞིག་ཏུ་ཞུགས་ཅིང་བེམ་རོ་དེ་ཉིད་གསོན་པར་གྱུར་པའི་འཕོ་བ་གྲོང་འཇུག་གི་བྱུང་རིམ་ཁྱད་མཚར་བ་དེ། ཁྲག་འཐུང་རྒྱལ་པོས་བརྩམས་པའི་མར་པ་ལོ་ཙཱའི་རྣམ་ཐར[8]དུ་མཆིས་པར་མ་ཟད། ད་དུང་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་མི་རོ་རྩེ་སྒྲུང་ཁྲོད་དུ་ཡང་བྱུང་འདུག དུས་རབས་བཅོ་བརྒྱད་པ་བྱུང་བའི་སྟག་ཕུ་བ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ཁྲོད་འཕོ་བ་གྲོང་འཇུག་གི་བྱུང་རིམ་དེ་བྱུང་རིམ་ཀུན་གྱི་རྩ་བར་གྱུར་ཡོད། རབ་རྟོག་བརྩམས་སྒྲུང་འདིའི་མཛེས་པ་གཙོ་བོ་ཡང་དེའི་སྟེང་ན་མཆིས།

    མར་པ་ལོ་ཙཱའི་རྣམ་ཐར་དང་མི་རོ་རྩེ་སྒྲུང་ཁྲོད་ཀྱི་རབ་རྟོག་གཏམ་རྒྱུད་འཕོ་བ་གྲོང་འཇུག་སློབ་པ[9]གཉིས་ཀྱི་བྱུང་བའི་དུས་ལྟོས་བཅས་ཀྱིས་བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད[10]ལས་སྔ་ལ། འཕོ་བ་གྲོང་འཇུག་གི་བྱུང་རིམ་དེ་མར་པ་ལོ་ཙཱའི་རྣམ་ཐར་ཡིན་ཡང་འཕོ་བ་གྲོང་འཇུག་སློབ་པ་ཡིན་ཡང་ཆོག བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་གང་ཡིན་ཡང་གཏམ་རྒྱུད་ཀྱི་བྱུང་རིམ་ཧྲིལ་བོའི་ཆིབས་ཁ་གཞན་དུ་བསྒྱུར་སའི་དཀྱོགས་མཚམས་སམ་འགག་རྩར་གྱུར་ཡོད། དཔེར་ན། མར་པ་ལོ་ཙཱའི་རྣམ་ཐར་དུ་སྲས་དར་མ་མདོ་སྡེ་རྟ་ཆིབས་ལས་ལྷུང་སྟེ་འདས་གྲོངས་སུ་ཕྱིན་པར། ཡབ་མར་པའི་འཕོ་བ་གྲོང་འཇུག་གི་གདམས་ངག་གིས་ཕུག་རོན་ཞིག་ཏུ་འཕོ་བ་གྲོང་འཇུག་བྱས་ཚུལ་བརྗོད་དེ“ཕུག་རོན་དེ་ངའི་སྔས་མགོར་ཞོག་ལ་མཆོད་པ་ཤོམས་ཤིག་གསུང་པ་ལྟར་མཆོད་པ་བཤམས་ནས། སྲས་ཀྱིས་བསྐྱེད་རིམ་གསལ་བཏབ་ཚེ། དགེས་པ་རྡོ་རྗེ་སྤྲུལ་པའི་ལྷ་དགུ་ཁྲ་ལམ་མེ་ཡོད་པ། ཐ་མལ་པ་ཀུན་གྱིས་ཀྱང་མཐོང་བར་བྱུང་ངོ་། རྫོགས་རིམ་དུ་བསྡུས་ནས་འཕོ་བ་མཛད་ཚེ། སྐུའི་མདངས་ཡལ་སོང་བ་དང་། ཕུག་རོན་ཅུང་ཟད་འགུལ་བ་བྱུང་། སྲས་སྐུ་ཡལ་བ་དང་། ཕུག་རོན་ཧར་ལངས་ནས་སྤྲུག་ཅིང་། ཡབ་ཡུམ་གཉིས་ལ་ཕག་འཚལ་བའི་ཚུལ་དང་བསྐོར་བ་གསུམ་བྱས་ནས། གྲོ་བོ་ལུང་གི་ཕུ་ན་ཡར་འཕུར་སོང་།”[11]འཕོ་བ་གྲོང་འཇུག་སློབ་པ་རུ་རྒྱལ་པོའི་བུ་དང་བློན་པོའི་བུ་གཉིས་རྒྱ་གར་གྱི་བྲམ་ཟེའི་མཁས་པ་ཞིག་གི་དྲུང་དུ་འཕོ་བ་གྲོང་འཇུག་གི་གདམས་ངག་སློབ་ཏུ་སོང་། རྒྱལ་པོའི་བུ་ལེ་ལོ་དང་རྩེད་འཇོ་དབང་གིས་ཡོན་ཏན་ཅི་ཡང་མ་བསླབས་པས། བློན་པོའི་བུར་ཕྲག་དོག་གིས་ཕྱིར་ཡུལ་ལ་ལོག་པའི་ལམ་བར་དུ་བློན་པོའི་བུས་ལམ་བཀག་པའི་སྦྲུལ་ལུས་སུ་འཕོ་བ་གྲོང་འཇུག་བྱས་པའི་གླགས་ལ་བསྟེན་ནས། བློན་པོའི་བུ་བེམ་རོར་རྡོ་བརྒྱབ་ནས་རལ་བར་བྱས་ཤིང་གྲོག་རོང་དུ་གཡུགས། བློན་པོའི་བུའི་རྣམ་ཤེས་རྒན་མོ་ཞིག་གིས་བུད་ཤིང་ཁུར་བའི་སྟེང་ན་ནེ་ཙོའི་རོ་ཞིག་ཡོད་པར་གྲོང་འཇུག་བྱས་ནས་ཕྱིས་སུ་རྒྱལ་པོའི་བུར་དགྲ་ཤ་བླངས་པར་བརྗོད། བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་དུ་ཡང་བློན་པོའི་བུ་ལ་གཱ་ཨཱ་ནས་གཡོ་ཐབས་ཀྱིས་རྒྱལ་པོའི་བུ་ནགས་ཚལ་ནས་ཁུ་བྱུག་གི་རོ་ལ་འཕོ་བ་བཏབ་རྗེས། རྒྱལ་པོའི་བུའི་སྐུ་གདུང་ལ་གྲོང་འཇུག་བྱས་ནས་རང་གི་ཕུང་པོ་ཆུ་བོར་བསྐྱུར། དེ་བས་མར་པ་ལོ་ཙཱའི་རྣམ་ཐར་དང་དམངས་ཁྲོད་གཏམ་རྒྱུད་འཕོ་བ་གྲོང་འཇུག་སློབ་པ་ཡི“འཕོ་བ་གྲོང་འཇུག”གི་རྨང་མཐུན་དེས། ཕྱིས་སུ་བྱུང་བའི་རབ་རྟོག་བརྩམས་སྒྲུང་བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ལ་ཤུགས་རྐྱེན་དང་། ཡང་ན་སྟག་ཕུ་བ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་དང་དམངས་ཁྲོད་གཏམ་རྒྱུད་ཁྲོད་ཀྱི“འཕོ་བ་གྲོང་འཇུག”གི་རྨང་མཐུན་དེ། བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ཀྱི་བྱུང་རིམ་གྱི་རྨང་རྡོ་རུ་བསྒྲུགས་པར་ཚོད་བགམ་ན་ཆོག (མུ་འགོད།)

    མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས15པ།2015·07·31།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག