༄༅༅།།སྡིག་པ་བཤགས་པའི་མཆོད་པ་ནི་གསེར་འོད་དམ་པའམ། ལྟུང་བ་བཤགས་པའམ། ཕུང་པོ་གསུམ་པའི་མདོའམ། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་ལ་སོགས་པའོ། །སྡིག་པ་བཤགས་པ་དེ་ཡང་མཆོད་པ་ཉིད་ཡིན་ཏེ། ཇི་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། བདག་དང་གཞན་གྱི་སྡིག་པ་བཤགས་པ་ཡང་བསོད་ནམས་སུ་འགྱུར་རོ་ཞེས་གསུངས་སོ། ། རྗེས་སུ་ཡི་རང་བའི་མཆོད་པ་ཡང་འཕགས་པ་ཟླ་བ་སྒྲོན་མའི་མདོ་ལས་འབྱུང་བ་བཞིན་ཏེ་མཆོད་པ་ཉིད་ཡིན་ནོ། །བསྐུལ་བ་དང༌། གསོལ་བ་གདབ་པའི་མཆོད་པ་དང༌། ཡོངས་སུ་བསྔོ་བའི་མཆོད་པར་འགྱུར་བའི་ཚུལ་ཡང་མདོ་ཉིད་དུ་བལྟ་བར་བྱའོ། །བླ་ན་མེད་པའི་མཆོད་པ་ལ་གཉིས་ཏེ། དམིགས་པ་དང་བཅས་པ་དང་དམིགས་པ་མེད་པའོ། །དེ་ལ་དམིགས་པ་དང་བཅས་པ་ནི་འཕགས་པ་བློ་གྲོས་རྒྱ་མཚོའི་མདོ་ལས། བློ་གྲོས་རྒྱ་མཚོ་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱེད་པ་བླ་ན་མེད་པ་སྟེ། གསུམ་གང་ཞེ་ན། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དམ་པའི་ཆོས་ཡོངས་སུ་འཛིན་པ་དང༌། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའོ་ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་མཐར་གྱིས་ཡང་དག་འཕགས་པའི་མདོ་ལས། བཟང་པོ་ཕན་ཡོན་བཞི་པོ་འདི་དག་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ཏེ། བཞི་གང་ཞེ་ན། སྦྱིན་གནས་མཆོག་ལ་དད་པར་འགྱུར་བ་དང༌། བདག་ལ་བཟླས་བལྟས་ཏེ་སེམས་ཅན་གཞན་ཡང་མཆོད་པ་བྱེད་པར་འགྱུར་བ་དང༌། དེ་བཞིན་གཤེགས་པ་ལ་མཆོད་ནས་བྱང་ཆུབ་ཀྱི་སེམས་བརྟན་པར་འགྱུར་བ་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མཐོང་ནས་དགེ་བའི་རྩ་བ་བསྡུས་པར་འགྱུར་བ་སྟེ་བཞི་པོ་འདི་དག་གོ་ཞེས་གསུངས་སོ། །སེམས་ཅན་མགུ་བར་བྱེད་པ་ཡང་དེ་བཞིན་གཤེགས་པ་ལ་མཆོད་པ་བླ་ན་མེད་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བ་ཚའི་ཆུ་ཀླུང་གི་མདོ་ལས་ཇི་སྐད་གསུངས་པ་དང༌། །སློབ་དཔོན་ཞི་བ་ལྷས་ཀྱང༌། གང་དག་བདེ་ན་ཐུབ་དབང་རྣམས་དགྱེས་ཤིང༌། །གང་ལ་གནོད་ན་ཐུབ་དབང་མི་དགྱེས་པ། །དེ་དག་མགུ་བས་ཐུབ་དབང་ཐམས་ཅད་དགྱེས། །དེ་ལ་གནོད་བྱས་ཐུབ་ལ་གནོད་བྱས་འགྱུར། །ཞེས་པ་དང༌། ཡང་དེ་ཉིད་ལས། དེ་བཞིན་གཤེགས་རྣམས་མཉེས་པར་བགྱི་སླད་དུ། །འཇིག་རྟེན་བྲན་དུ་དེང་ནས་མཆི་བར་བགྱི། །སྐྱེ་བོའི་ཚོགས་ཀྱིས་བདག་མགོ་རྐང་བཅད་དམ། །གསོད་ཀྱང་རུང་སྟེ་འཇིག་རྟེན་མགོན་དགྱེས་མཛོད། །ཐུགས་རྗེ་ལྡན་པ་དག་གིས་འགྲོ་འདི་ཀུན། །བདག་གིར་མཛད་པ་འདི་ལ་དོགས་མ་མཆིས། །སེམས་ཅན་གཟུགས་སུ་སྣང་བ་འདི་དག་ཀུན། །མགོན་པོ་མིན་ནམ་ཅི་ན་འདིར་མི་གུས། །དེ་བཞིན་གཤེགས་པ་མཉེས་བྱའང་དེ་ཉིད་ཡིན། །ཞེས་པ་དང༌། ཡང་དེ་ཉིད་ལས། བྱམས་པའི་བསམ་ལྡན་མཆོད་པ་གང༌། །དེ་ནི་སེམས་ཅན་ཆེ་བ་ཉིད། །སངས་རྒྱས་དད་པའི་བསོད་ནམས་གང༌། །དེ་ནི་སངས་རྒྱས་ཆེ་བ་ཉིད། །ཅེས་བསླབ་པ་ཀུན་ལས་བཏུས་པ་ལས་གསུངས་སོ། །སྤྱོད་འཇུག་ལས་ཀྱང༌། སེམས་ཅན་མགུ་བྱ་མ་གཏོགས་པ། །རྒྱལ་བ་མཉེས་པའི་ཐབས་གཞན་མེད། །ཅེས་གསུངས་པ་དང༌། ཡང་དེ་ཉིད་ལས་དོན་འདི་རྒྱས་པར་བཤད་དེ་དེ་ཉིད་དུ་བལྟ་བར་བྱའོ། །གཞན་ཡང་མདོ་ཉིད་ན་རྒྱས་པས་མདོ་ཉིད་དུ་བལྟ་བར་བྱའོ། །དེ་ལ་དམིགས་པ་མེད་པའི་མཆོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡིན་ཏེ། དེ་ལ་ནི་མཆོད་པར་བྱ་བ་དང༌། མཆོད་པར་བྱེད་པ་དང༌། མཆོད་པའི་རྫས་མེད་དེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། གང་གིས་ང་ལ་གཟུགས་སུ་མཐོང༌། །གང་གིས་ང་ལ་སྒྲར་ཤེས་པ། །དེ་དག་ལོག་པར་མཐོང་པ་སྟེ། །སྐྱེ་བོ་འདི་ཡིས་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་བལྟ། །ཆོས་ཉིད་མཐོང་བར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་སོ། །དོན་འདི་ནི་འཕགས་པ་རྟག་ཏུ་ངུའི་ལེའུ་ལས་གསལ་བར་གསུངས་པས་དེར་བལྟ་བར་བྱའོ། །དེ་བས་ན་འཕགས་པ་སེང་གེ་སྒྲའི་མདོ་ལས། སངས་རྒྱས་སུ་འདུ་ཤེས་པ་ལ་སངས་རྒྱས་མཐོང་བ་མེད་ན། སངས་རྒྱས་ལ་མཆོད་པར་འགྱུར་བ་ལྟ་ཅི་སྨོས་དེ་ནི་གནས་མེད་དོ། །དེ་ལ་སངས་རྒྱས་ལ་མཆོད་པ་གང་ཞེ་ན། གང་འདུ་ཤེས་ཀྱི་མཚན་མ་མི་སྐྱེད་པའོ། །གང་ལ་སེམས་མེད་པ་དང༌། སེམས་ལས་བྱུང་བ་མེད་པ་དང༌། སངས་རྒྱས་སུ་འདུ་ཤེས་པ་མེད་པ་དང༌། ཆོས་སུ་འདུ་ཤེས་པ་མེད་པ་དང༌། དགེ་འདུན་དུ་འདུ་ཤེས་པ་མེད་པ་དང༌། གང་ཟག་དང༌། བདག་དང༌། ཕ་རོལ་པོར་འདུ་ཤེས་པ་མེད་པ་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིན་ནོ་ཞེས་གསུངས་ཏེ། འདིའི་དོན་རྒྱས་པར་མདོ་ཉིད་དུ་བལྟ་བར་བྱའོ། །དེ་བས་ན་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས། སངས་རྒྱས་བཅོམ་ལྡན་འདས་དེ་ནི་སྒྲུབ་པའི་མཆོད་པས་མཉེས་པར་འགྱུར་གྱི། ཟང་ཟིང་གི་མཆོད་པས་ནི་དེ་མཉེས་པར་མི་འགྱུར་རོ་ཞེས་གསུངས་པ་ཡང་ལེགས་པར་དྲངས་པར་འགྱུར་རོ། །དེ་བས་ན་སངས་རྒྱས་ནི་ཆོས་ཀྱི་སྐུས་གནས་པ་ཡིན་ཏེ། སངས་རྒྱས་ཕལ་པོ་ཆེའི་ལེའུ་ལས། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །དེ་བཞིན་གཤེགས་པ་སྐྱེ་བ་མེད། །རྣམ་དག་ནམ་མཁའ་ལྟ་བུ་སྟེ། །ཞེས་གསུངས་པ་དང། འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས་ཀྱང༌། སངས་རྒྱས་བཅོམ་ལྡན་འདས་ནི་ཆོས་ཉིད་དུ་ཡང་མི་དམིགས་ན། གཟུགས་དང་མཚན་ཉིད་དུ་ལྟ་དམིགས་པར་ག་ལ་འགྱུར་ཞེས་གསུངས་སོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང༌། ཆོས་རྣམས་ཐམས་ཅད་སྟོང་པ་ལ། །གང་ལ་བསྟོད་ཅིང་གང་གིས་བསྟོད། །སྐྱེ་དང་འཇིག་པ་རྣམ་སྤངས་ཤིང༌། །གང་ལ་མཐའ་དང་དབུས་མེད་པ། །གཟུང་དང་འཛིན་པ་མི་མངའ་བའི། །འདིར་ནི་ཁྱེད་བསྟོད་ནུས་པ་གང༌། །ཞེས་གསུངས་སོ། །དེ་ལྟ་བུའི་མཆོད་པའི་བྱེ་བྲག་ནི་བྱང་ཆུབ་སེམས་དཔའ་དབང་པོ་རྟུལ་པོ་དང་རྣོན་པོའི་བྱེ་བྲག་གིས་དེ་དང་དེ་ཤེས་པར་བྱའོ། །

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག