གཅིག

    ཡ་ཅིས་ཕ་བུ་དབར་གྱི་ཁ་གཏད་གཅོག་པའི་གླེང་རྩོད་དེ་ཨ་ཕ་ཉལ་སར་ལྷུང་བ་ལས་མཇུག་བསྡུ་བ་ཡིད་ལའང་མ་ཤར། སྔ་ས་ནས་མཇུག་འབྲས་འདི་ཤེས་པ་ཡིན་ན། བུད་མེད་དེ་ཡོང་རུ་བཅུག་ཆོག ཕག་ཤ་ཟས་ཐུན་གཅིག་ཟ་བ་ཙམ་ལས་ཅི།

    ཉིན་དེའི་ཕྱི་དྲོར། ཕག་གསོད་བཤན་པ་གཉིས་ཀྱིས་ཁྲག་གློད་མ་ཐག་ཏུ། ཨ་ཕས་ཁ་པར་ཕྱིར་བཏོན་རུང་། སོམ་ཉིའི་དྲ་བར་ཚུད་དེ་ཁ་པར་སྟེང་གི་མཐེབ་དེ་མནན་མ་སོང་། ཁོའི་མིག་གཉིས་ཁ་པར་ལ་ཧད་དེ། གདོང་ལ་གཞན་གྱིས་ཚོར་དཀའ་བའི་འཚེར་སྣང་ཙམ་མངོན་པ་དེ་ནི། ལོ་ན་གཞོན་དུས་ཐོག་དང་པོར་གསར་མོ་ཞིག་ལ་བརྩེ་དུང་སྟོན་པའི་ངང་ཚུལ་དང་མཚུངས། སྐར་མ་གཉིས་འགོར་རྗེས་ཨ་ཕས་ཁ་པར་ཕྱིར་དོར་ཁུག་ཏུ་བཅུག ཡིན་ནའང་སྐར་མ་གཅིག་མ་འགོར་བར་ཕྱིར་བླངས། འགྲམ་གྱི་ཡ་ཅིས་ཁ་རོག་གེར་ཁོར་རྩི་རོགས་ཅིག་བྱས་པ་ན། ཁོས་བསྡོམས་པས་ཁ་པར་ཐེངས་ལྔར་ཕྱིར་བཏོན་པ་དང་། སླར་ཡང་ཐེངས་ལྔར་དོར་ཁུག་ཏུ་བཅུག

    ཡ་ཅིས་ཅི་ཡང་མ་བཤད་པར་ཚོད་རའི་ཕྱོགས་སུ་སོང་།

    ཨ་ཕས་ཀྱང་ཡ་ཅིའི་རྗེས་སྙེགས་ནས་ཚོད་རའི་ནང་དུ་ཕྱིན་ཏེ། ལུས་པོ་སྒུར་ནས་ཚོད་མ་བཏོག་རོགས་བྱས། ཕ་བུ་གཉིས་ཀྱིས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད། སྟོང་ལྷང་ལྷང་གི་གུང་རྗེས་འདིར། ཚོད་མ་བཏོག་པའི་སྒྲ་དེ་མཁའ་དབུགས་ཁྲོད་ལྡབ་བརྒྱས་ཇེ་ཆེར་བཏང་བ་ལྟར་གསལ་བོར་གྲགས་བྱུང་།

    བཏོག་ཟིན་པའི་ཚོད་མས་སྨྱུག་སླེ་གང་གྲབས་ཡོད་དུས། ཨ་ཕས་གཞི་ནས་བསྲན་མ་ཐུབ། ཁོས་ཐོག་མར་སྐམ་ལུ་ཐེངས་གཉིས་བྱས་ཏེ། ལུད་པ་ཁ་གང་ཐང་ལ་ཅལ་སེ་འཕངས་བ་དང་བཤད་རྒྱུར། ཡང་མིན་ན། ཨ་ནེ་ཧོང་ལེན་ནུབ་འཚལ་འཐུང་དུ་བོས་ན་ག་ན་འདྲ་འདུག་ཟེར།

    ཡ་ཅིས་ཧ་ལས་ཏེ་ཚོད་མ་བཏོག་བཞིན་པའི་གཡས་ལག་མཚམས་བཞག་པ་དང་། ཧོར་ཐོར་བ་བཞིན་གནས་དེར་འགུལ་མེད་དུ་བསྡད།

    དོན་ངོ་མ་ཁོས་ཅི་ཞིག་བྱེད་འདོད་དམ། ཁོས་བུད་མེད་དེ་རང་ཁྱིམ་དུ་བསུ་འདོད་པ་ཡིན་ནམ། ཨ་མ་ཚེ་ལའ་འདས་ཏེ་ལོ་གཅིག་ཀྱང་འགོར་མེད། ཁོ་འདི་འདྲར་གྱུར། འདིས་ཡ་ཅིའི་སེམས་པ་འཁྱབ་སོབ་སོབ་ཏུ་གཏོང་མི་སྲིད་དམ།

    ཡ་ཅིས་ཕལ་ཆེར་ལོ་གཅིག་ལ་འདང་བརྒྱབ་མཐར། ཨ་མ་ནི་ཨ་ཕ་དང་ཁོ་གཉིས་ཀྱིས་གཙེས་ཏེ་གྲོངས་བ་དང་། ཡང་གཅིག་བཤད་ན་ཁོས་གཙེས་ཏེ་གྲོངས་བ་ཡང་ཡིན་པར་འདོད། ཕ་བུ་གཉིས་ཀ་ནུས་མེད་ཡིན་པའི་རྐྱེན་གྱིས་ཨ་མས་ཁྱིམ་ཚང་གི་ཆེད་དུ་ལུས་སེམས་གཉིས་ཀ་ཚེགས་རྒྱུ་མང་སོང་ལ། ཁོ་མོ་ནི་མི་གསོན་པོ་ངལ་དུབ་ཀྱིས་མནར་ཏེ་ཤི་བ་རེད།

    ཨ་མ་ཚེ་ཐོག་ན་ཡོད་དུས། ཁོ་ཚོས་ཨ་མར་དོ་ཁུར་གཏན་ནས་མ་བྱས། ད་སྐབས་ཡ་ཅིའི་དྲན་པའི་ནང་གི་ཨ་མ་ནི་རྩེད་ཆས་འཕང་ལོ་ཞིག་དང་འདྲ་བར། ཉིན་རེ་རེར་ཁོའི་མིག་མདུན་དུ་བར་མེད་དུ་འཁོར་ཀྱིན་འདུག ཐ་ན་མོས་ཟས་ཐུན་གཅིག་ཀྱང་གྲལ་དག་ཅིག་ཟ་མ་ཐུབ། ཟས་ཅོག་གི་མདུན་དུ་བསྡད་ནས་ཟས་འགྲང་ཐག་ཆོད་པ་ཞིག་ཟས་བའི་དུས་ནི་ཡོད་མ་མྱོང་། ནམ་ཡིན་ཡང་བྲེལ་འཚུབ་འཚུབ་ངང་ཕོར་བའི་ནང་ཚལ་ཉུང་ཙམ་བླུགས་པ་དང་ཁམ་གང་དོ་ཞིག་ཁ་ནང་དུ་བརྫངས་རྗེས་ཐབ་འགྲམ་དུ་བསླེབས་ཟིན་ནས་ཤིང་སྐྱོགས་ཀྱིས་སླ་ངའི་ནང་གི་ཕག་ལྟོ་ལན་འགར་དཀྲུག་པ་འམ་ཡང་མིན་ན། འབར་ནས་ཐབ་ཁུང་གི་ཕྱིར་ལྷུང་བའི་བུད་ཤིང་ནང་དུ་འདེད་པར་བྱེད།

    ཨ་མའི་ཡི་ག་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར། ཁོ་མོ་ཉལ་སར་མ་ལྷུང་གོང་གི་ཟླ་གཅིག་གཉིས་ཙམ་གྱི་ནང་མོས་ཟས་ཁམ་གང་ཡང་ཟ་ཐུབ་གི་མེད། འོན་ཀྱང་ཁོ་གཉིས་སུས་ཀྱང་ཁོ་མོའི་གནས་ཚུལ་འདི་དག་ལ་དོ་སྣང་མ་བྱས། དེ་ཡང་མ་ཡིན་ཏེ། ཡ་ཅིས་ཐེངས་འགར་དོ་སྣང་བྱུང་ཡང་མོའི་གནས་ཚུལ་དེ་གནས་སྐབས་ཙམ་རེད་སྙམ། འོ་ལེ། མི་སུ་ཡིན་རུང་མཚམས་ལ་རེར་ཟས་ཁམ་གང་ཟ་འདོད་མེད་པའི་དུས་རེ་ཡོད་པ་མ་ཡིན་ནམ། ཁོ་གཉིས་ཀྱིས་ཐ་ན་མོའི་གོམ་པ་རྒྱག་སྟངས་ཡང་སྣང་མེད་དུ་བཞག སུས་ཀྱང་ཁོ་མོའི་གོམ་པ་སྤོ་ཚུལ་ནི་ཇེ་དལ་དང་ཇེ་ལྕི་ཡིན་པ་ཚོར་མེད། ཧ་ལམ་གོམ་པ་རྒྱག་དཀའ་བའི་ཚད་ལ་བསླེབས་དུས་ཀྱང་ཨུ་ཚུགས་ཀྱིས་རི་མགོར་ཇ་འབྲུ་བཏོག་པར་སོང་། ཁོ་མོ་ནི་ཇ་འབྲུ་བཏོག་སའི་ནགས་ཚལ་དུ་དྲན་པ་ཐོར་ནས་འགྱེལ་སོང་བ་རེད།

    ཨ་མ་སྨན་ཁང་དུ་འགྲོ་འདོད་མེད། རྒྱུ་མཚན་ནི་མོ་རང་རིའི་ཕྱི་རོལ་དུ་ཤི་རྗེས་པུར་སྲེག་ཁང་གི་མེ་ཕུང་ཅིག་གིས་ཐལ་བར་བསྒྱུར་བར་སྐྲག་པ་རེད། མོའི་དད་འདུན་ཆེ་བའི་ཏའོ་ལུགས་པའི་བཤད་ཚུལ་ལ་གཞིགས་ན། གལ་ཏེ་དེ་ལྟར་བྱས་ཚེ་མོ་རང་འཇིག་རྟེན་གཞན་ཞིག་ཏུ་བསླེབས་ནས་ལུས་ཀྱི་སྐྱི་ལྤགས་ཡོད་ཚད་མེས་འཚིག་པའི་ན་ཟུག་མྱངས་ཏེ་ཉིན་གཅིག་ཀྱང་བདེ་རུ་འབབ་ཐུབ་མེད་ཟེར། ཡ་ཅིས་མའེ་དཔའ་གྲོང་བརྡལ་གྱི་འཕྲོད་བསྟེན་ཁང་ནས་སྨན་པ་ལིས་ལགས་གདན་འདྲེན་ཞུས་ཏེ་འཕྲུལ་རྟའི་འཕོངས་ལ་བསྐྱོན་ནས་ཁྲིད་ཡོང་། དུས་འདིར་ཨ་མས་ཟ་མ་ཅི་ཡང་ཟ་ཐུབ་གི་མེད། འབྲས་ཐུག་ཁམ་འགའ་འཐུང་བ་ཡང་ཚང་མ་ཕྱིར་བསྐྱུགས། སྨན་པ་ལིས་ལགས་ཀྱིས་སྒྲིག་ཆས་མེད་ན་བརྟག་དཔྱད་བྱ་ཐུབ་བྲལ་ལ། རྫས་འགྱུར་བརྟག་ཞིབ་ཀྱང་བྱེད་ཐབས་མེད་པས་ནད་རྟགས་ངོ་མ་ངོས་འཛིན་ཐབས་ཟད་པས། བལྟས་ཚོད་དུ་ཕོ་བར་སྐྱོན་ཡོད་པ་འདྲ་ཟེར་བཞིན། སྨན་ཐོ་ཞིག་བྲིས་རྗེས་ཡ་ཅི་སྨན་ཉོ་རུ་བཏང་། ཨ་མ་ཟླ་གཅིག་ལྷག་ལ་མལ་སར་འབྱར་ལ། ཏག་ཏག་ཉིན་བཅུ་གསུམ་ཀྱིས་ཡ་ཅི་ཁོ་ཚོ་དང་མཉམ་དུ་ལོ་དེ་སར་མ་ཐུབ།

    ཨ་ཕ་ཡང་ཡ་ཅི་ནང་བཞིན་ཨ་མར་རྩིས་མཐོང་ཐེངས་གཅིག་བྱས་མྱོང་མེད། གལ་ཏེ་ཁོ་ཚོས་ཨ་མའི་ཟ་འཐུང་ཙམ་ལ་དོ་སྣང་བྱས་ཡོད་རྒྱུ་ན། ཁོ་མོའི་གཟུགས་པོ་བདེ་བོ་མིན་པ་སྔ་ས་ནས་ཤེས་ཐུབ་ལ། སྔ་ཙམ་ནས་སྨན་པར་བསྟེན་ཐུབ་པ་ཡིན་ན། ཁོ་མོ་གསོན་ཐུབ་ཀྱང་ངེས། ཡིན་ནའང་ཁོ་ཚོ་སུས་ཁོ་མོའི་ཤི་གསོན་ལ་དོ་སྣང་བྱས་མྱོང་ངམ།

    འོན་ཀྱང་བུད་མེད་དེ། ཨ་མ་འདས་རྗེས་ལོ་ཕྱེད་ཀྱང་མ་འགོར་བར་ཨ་ཕ་དང་དགའ་རོགས་བསྒྲིགས་པའི་བུད་མེད་དེ། ཁོ་མོ་དང་ཨ་ཕ་ནི་རི་བྱ་ཆ་གཅིག་ལས་ཅི། ཡིན་ན་ཡང་ཨ་ཕས་བུད་མེད་དེར་ཡག་པོ་འདི་འདྲ་བྱེད། ཐ་ན་ཕག་གཅིག་གསོད་དུས་ཀྱང་སྔོན་ལ་ཁོ་མོ་ཤ་ཟ་བར་འབོད་རྒྱུ་ཡིད་ལ་དྲན་འདུག

    སྐར་མ་གཅིག་འགོར་རྗེས་སམ་ཡང་ན་སྐར་མ་ཁ་ཤས་འགོར་རྗེས། ཡ་ཅིའི་འགུལ་མེད་དུ་གནས་པའི་གཡས་ལག་ནི་ཤི་རྫུ་བཏབ་པའི་སྲོག་ཆགས་ཤིག་གློ་བུར་དུ་གསོན་པ་ལྟར་ཤེད་ཅི་ཡོད་བཏོན་ནས་ཚོད་མའི་ལོ་མ་ལེབ་ཆེན་ཏེ་བཅག་པ་ན། སྐག་སྒྲ་ཆེན་པོ་ཞིག་གྲགས་པ་དེས་འཁྱགས་རེངས་ཐེབས་པའི་མཁའ་དབུགས་དེ་ཡང་བསྐྱར་བཞུ་རུ་བཅུག་སོང་།

    ཡ་ཅིས་རང་གི་སྐད་སྒྲ་དེ་ཡང་ལག་པ་ནང་བཞིན་ཤེད་ཆེ་བ་ཐོས་བྱང་སྟེ། ཕག་ནི་མོས་གསོས་པ་མ་རེད། མོ་ཅིའི་ཕྱིར་ཟ་རུ་འབོད་དགོས། སྐད་མགོ་ཧ་ཅང་མཐོ་བས་རང་ཉིད་ཀྱང་ཧང་སངས་སོང་། སྐར་མ་གཅིག་འགོར་ཙ་ན། ཁོའི་རྣ་འགྲམ་དུ་བུང་བ་ཞིག་གིས་བང་བང་གིས་འཕུར་ལྡིང་བྱེད་པའི་སྣང་བ་བྱུང་།

    ཨ་ཕ་ནི་འདྲེ་ཞུགས་པ་ལྟར་འགུལ་མེད་དུ་ལུས་པ་དང་། མིག་མདངས་ཉམས་ཞན་ཏུ་གྱུར། ཁོས་བཤད་རྒྱུར་ཕག་གསོ་མཁན་ཁོ་ནས་མ་གཏོགས་ཤ་ཟོས་མི་ཆོག་གམ། བྱིས་པའི་དུས་ནས་ད་བར། སྡེ་བའི་ནང་གི་ཁྱིམ་ཚང་སུས་ཕག་བཤའ་དུས་ཁྱོད་ཤ་ཟ་རུ་མ་སོང་ངམ། འོ་ན་ཁྱོས་ཁོ་ཚོར་ཕག་གསོ་རོགས་བྱས་པ་ཡིན་ནམ་ཟེར། ཨ་ཕའི་སྐད་མགོ་ཁོའི་དེ་དང་བསྡུར་ན་ཧ་ཅང་ཆུང་ཡང་། ཡ་ཅིའི་སྣང་བར་དེ་ནི་སྦང་མ་ཁྱུ་གཅིག་གི་ཡུང་ཡུང་ཟེར་བའི་སྒྲ་བཞིན་སུན་སྣང་སྐྱེས།

    ཡ་ཅིས་ད་སྐབས་ལོ་རབས་ག་ཚོད་ལ་བསླེབས་འདུག་སྔོན་ཆད་ལྟར་ག་ལ་ཡིན་ཟེར།

    ཨ་ཕས་སྔོན་ཆད་དང་ཇི་ལྟར་མི་འདྲའམ། ད་སྐབས་མི་ལ་བརྩེ་འདང་མེད་དགོས་སམ། ཡང་ཅིག་བཤད་ན་ངས་ཕག་རྩྭ་བཏུ་ཐེངས་རེར་མང་ཆེ་བ་ཨ་ནེ་ཧོང་ལེན་གྱིས་བཏུ་རོགས་བྱས་པ་ཡིན་ཟེར།

    ཨ་ཕས་སྐད་ཆ་འདི་བཤད་མེད་རྒྱུ་ན་ཅུང་ལེགས་པ་ཁོས་ཤེས་མེད།

    སྐད་ཆ་འདིས་ལམ་སེང་ཡ་ཅིའི་ཀླད་པར་ཁོ་གཉིས་རི་བྱ་ཆ་གཅིག་གིས་རི་ཁུག་གི་ནགས་ཚལ་དུ་ཕག་རྩྭ་བཏུ་བའི་རྣམ་པ་རྟོག་བཟོ་བྱེད་དུ་བཅུག ཁོས་ཨ་ཕས་རང་གི་ཨ་མར་བུད་མེད་འདི་ལྟར་མཛའ་ཉེ་བྱེད་པ་མཐོང་མྱོང་གཏན་ནས་མེད། ཁོས་རང་གི་སེམས་ནས་ཁྲོ་ཚུབ་ཚུབ་ངང་ཁྱི་དང་ཁྱི་མོ་ཆ་གཅིག་ཅེས་སྡིགས་པ་ཐོས་བྱུང་། ངོ་མདོག་དཀར་པོ་ནས་དམར་པོར་གྱུར་བ་དང་། དམར་པོ་ནས་ནག་པོར་གྱུར་ཏེ། ཁོ་མོས་གསོ་རོགས་བྱས་ཡོད་ནའང་ཅི་བྱ། ཁྱོས་ཁོ་མོ་ཡིན་གཅིག་མིན་གཉིས་ཡོང་དགོས་ཟེར་ན། ཆོག་གི ཁོ་མོ་ཤོག་དང་ང་འགྲོ་ཟེར།

    ཡ་ཅིས་སྐད་ཆ་འདི་བཤད་དུས་ལུས་པོ་སྔ་ས་ནས་སྨྱུག་སྒོའི་ཕྱོགས་སུ་འཁོར་ཏེ་ཨ་ཕར་ལྟ་ཙམ་ཡང་མི་བྱེད། ཁོས་གོམ་པ་གཉིས་སྤོས་མ་ཐག་ཏུ་སྟིག་སྒྲ་ཞིག་གྲགས་བྱུང་། སྒྲ་གྲགས་སར་ལྟ་དུས་ཨ་ཕ་ཚལ་སྐེ་ཚེའི་གསེང་དུ་འགྱེལ་འདུག་པ་མཐོང་།

    ཡ་ཅི་དེ་མ་ཐག་ཏུ་དངངས་སྐྲག་གིས་ག་བྱེད་འདི་བྱེད་མེད་པར་གྱུར།

    གཉིས།

    ཕྱི་ཉིན་ཞོགས་པར། ཨ་ཞང་ཅི་ཁྲུང་ནས་བསླེབས་བྱུང་། ཨ་མ་ཚེ་ལས་འདས་དུས། ཨ་ཞང་རྦད་དེ་རླུང་ལངས་འདུག ཁོས་རང་གི་སྲིང་མོ་ནི་ཁོ་ཚོ་ཕ་བུ་གཉིས་ཀྱིས་འཆི་ལམ་དུ་དེད་པ་རེད་ཟེར་ལ། རྗེས་མ་ཁོ་ཚོའི་ཁྱིམ་ལ་གོམ་གང་ཡང་སྤོ་གི་མིན་ཟེར། ཡིན་ནའང་ཁོ་ཡང་བསྐྱར་བསླེབས་བྱུང་། དེས་ཡ་ཅི་རང་གི་མིག་ལ་ཡིད་མ་ཆེས་པ་དང་ཆབས་ཅིག་སེམས་འགུལ་ཐེབས་སུ་བཅུག ཆི་བྱིན་དང་ཐན་ཁྲུང་དུ་གནས་ལ་སོང་བའི་ཨ་ཅེ་ཆེ་བ་དང་འབྲིང་བ་གཉིས་ཀ་ཡང་ཨ་ཕ་མལ་སར་ལྷུང་རྗེས་ཀྱི་ཕྱི་ཉིན་བྲེལ་འཚུབ་འཚུབ་ངང་བསླེབས་བྱུང་།

    ཨ་ཕ་དྲན་པ་སོས་རྗེས་རང་ཉིད་མལ་སར་ལྷུང་བ་ཤེས་པ་དང་། བྱིས་པ་ཞིག་དང་འདྲ་བར་ངུས་བྱུང་། རྒས་ཟིན་པའི་ངོ་གདོང་དེ་ཆར་བའི་ཁྲོད་ཀྱི་རི་ངོས་ཇི་བཞིན་ཡོངས་སུ་སྦངས་ཏེ་ཟ་རི་པ་རི་ཆགས་འདུག ཡ་ཅིས་དེ་མཐོང་བ་དང་ཁོ་ནི་ངོ་མ་འདྲ་མེད་ཅིག་རེད་བསམ་བྱུང་། དེ་ལས་ཀྱང་བུ་དང་བུ་མོ་རྣམས་ཁ་སྐྱེངས་དགོས་པ་ཞིག་ནི། ཨ་ཕས་མཚམས་མེད་པར་མི་ཞིག་གི་མིང་འབོད་བཞིན་མཆིས་ལ། གདངས་གསལ་བོར་ཐོས་མི་ཐུབ་ཀྱང་། བུ་དང་བུ་མོ་ཚོས་ཁོས་འབོད་པ་ནི་བུད་མེད་དེའི་མིང་ཡིན་པ་ཤེས་བྱུང་། ཡ་ཅི་ཁོང་ཁྲོ་ལངས་ཏེ་ཡོད་ཚད་ལ་ཁ་ཡ་མ་བྱས་པར་ཨ་ཕ་གཅིག་པུ་ཁྱིམ་དུ་བསྐྱུར་ནས་འཆི་རུ་འཇུག་འདོད་མོད། དེ་ནི་སེམས་ལ་དྲན་པ་ཙམ་ལས་བསྒྲུབ་ག་ལ་ཕོད། སྔར་ཇི་ལྟར་བྱེད་པ་དེ་བཞིན་དུ་བསྒྲུབ་པའོ།།

    ཨ་ཞང་གིས་ཨ་ཕའི་རྩར་བརྟག་རྗེས་རྒྱབ་ཁུག་ནས་རྩ་སྨན་ཤོག་ཐུམ་ཁ་ཤས་བཏོན་བྱུང་། དེའི་ནང་ཆུ་ལ་གདུས་ནས་བཏུང་རྒྱུ་དང་ཆུའི་ནང་བཙོས་རྗེས་བཀྲུ་བའམ་གླན་རྒྱུ་ཆ་ཚང་ཡོད། ཡ་ཅི་ལ་ཁྱོས་སྨན་འདི་དག་ཁོར་ཚོད་ལྟ་ཞིག་བྱེད་དུ་ཆུགས་དང་ཕན་ཐོགས་ཚེ་ཉིན་ཤས་རྗེས་ལ་ངས་ཡང་བསྐྱར་ཁྱེར་ཡོང་ཟེར།

    ཨ་ཞང་གིས་ཡ་ཅིར་བྱ་ཕོ་ཞིག་གསོད་དུ་བཅུག་པ་དང་། སླ་ངའི་ནང་རླངས་བཙོས་བྱས་རྗེས་ཚོམས་ཁང་གི་རྒྱབ་གྱང་ངོར་སྦྱར་བའི་མཆོད་སྒྲོམ་ཐོག་བཤམས་ནས། སྤོས་སྒྲོན་པ་དང་ཞག་སྒྲོན་བཀར། དབྱིབས་གཟུགས་བྱ་པུ་ཤུད་དང་འདྲ་བའི་ཆང་དེམ་གྱིས་ཆང་དཀར་ལྔ་བོར་རེས་མོས་ངང་མགོ་བོ་ཐེངས་ལྔར་ལྡེམ་རྗེས་ཆོ་ག་སྤེལ་འགོ་བརྩམས།

    ཨ་ཞང་གིས་ཡ་ཅི་ཚང་གི་ལྷ་ལ་སྐད་ཆ་འདྲི་རོགས་བྱས། ཁོ་ནི་པིན་ཁྲང་རི་བོའི་ལྷ་བ་གཅིག་པུ་དེ་ཡིན་ལ། སྨན་པ་ཡང་ཡིན། ཆོ་ག་སྤེལ་བའི་གོ་རིམ་ཁྲོད་ཡ་ཅིས་དུས་ཚོད་མང་ཆེ་བར་འགྲམ་ནས་བལྟས་ཏེ་བསྡད། ཨ་ཞང་དང་ཁྱིམ་ལྷ་(མེས་པོའི་ལྷ)་ཁ་བརྡ་བྱེད་པའི་སྐད་ཀྱི་སྒྲ་དང་གདངས་ནི་ཡ་ཅིས་ཆུང་དུས་ནས་རྣ་བྱང་དུ་སོང་བ་དེ་ཡིན་ལ། ཕལ་ཆེར་ཁོའི་བློར་ཟིན་ཡོད།

    ཨ་མས་བཤད་ན་སྤོ་ལགས་ནི་སྐབས་དེའི་པིན་ཁྲང་རི་བོའི་ཆེས་སྐད་གྲགས་ཆོད་པའི་ལྷ་བ་དེ་ཡིན་ཞིང་། ཆེ་བ་ཡབ་མེས་གོང་མ་ཕན་ལ་བཏང་རག་འབུལ་བ་ནས་མི་དར་མའི་ཆོ་ག་ ཆུང་བ་ལོ་འགོད་དང་བླ་འགུག་སོགས་ཀྱི་ཆོ་ག་སྤེལ་རྒྱུ་དང་། ད་དུང་རྩ་སྨན་ཡང་ཤེས་པས་ན། རྟག་པར་ལ་ལུང་མང་པོ་བརྒྱབ་ནས་སྡེ་བ་དང་ཚོ་བ་སོ་སོའི་ཁྱིམ་ཚང་སུ་འགྲོ་དགོས་པས། སྤེལ་བའི་ཆོ་ག་དང་བསྐྱབས་པའི་མི་ནི་བགྲང་གིས་མི་ལང་ཟེར། རྗེས་སུ་ཡིད་ཕངས་བ་ཞིག་ལ་སྐྱེས་བུ་དམ་པ་འདི་འདྲ་ཡང་"རིག་གསར"ཁྲོད་རུ་ཆེན་གྱི་ལས་བྱེད་དང་དམངས་དམག་གིས་ལྷ་འདྲེ་གདོན་བགེགས་སུ་བརྩིས་ནས་དགག་རྒྱག་འཐབ་རྩོད་བྱས་པ་དང་། དབྱར་ཁར་ཉི་མ་ཚ་དུས་སྡོང་བོར་བཀྱིགས་ནས་མི་གསོན་པོ་མནར་གཅོད་བྱས་ཏེ་འཆི་ལམ་དུ་དེད་པ་རེད་ཟེར། ཨ་མ་ཚེ་འདིར་ཡོད་དུས་མོས་སྤོ་ལགས་བཤད་མ་ཐག་ཏུ་རང་དབང་མེད་པར་མིག་ཆུས་གདོང་ཡོངས་བརླན་ངེས། མོས་བཤད་ན་ང་ཚོ་ཆུང་དུས་སུ་བཟུང་འོངས་ཏེ་ཟ་རྩིས་བྱས་པའི་རྡོ་སྦལ་དག་འཁྲུད་སྐམ་ཁང་གི་ཆུ་ཟོའི་འགྲམ་དུ་བཀྱིགས་ཡོད་དུས། སྤོ་ལགས་ཀྱིས་རྟག་པར་ཁ་རོག་གེར་ཚང་མ་ཚེ་ཐར་ལ་གཏོང་ངེས་ཟེར། ཨ་མས་ངུ་སྐད་འགག་པ་དེ་ནི་ཆུ་མིག་ཕྲ་བ་ཅིག་རི་སུལ་དུ་ཀྱག་ཀྱོག་ངང་རྒྱུ་བ་དང་མཚུངས། ཡ་ཅིས་གཏམ་འདི་དག་ཐོས་མ་ཐག་སེམས་པ་ནི་ཆུ་མིག་བརྡོལ་སའི་ཁ་བཅད་པ་ལྟར་བདེ་བོ་ཁྱོན་ནས་མ་བྱུང་། སྤོ་ལགས་ཡ་ཅི་མ་སྐྱེས་གོང་ལ་མིས་སྡུག་པོ་བཏང་ནས་ཚེ་ཕྱི་མར་བུད་སོང་། ལོ་རབས་དམིགས་བསལ་དེའི་དབང་གིས་ཨ་ཞང་གིས་སྤོ་ལགས་ས་ནས་ཚང་མ་རྒྱུད་འཛིན་བྱེད་མ་ཐུབ། ཁོས་ད་ལྟར་ཤེས་པ་དག་ཀྱང་ཁ་རོག་གེར་སྦྱངས་བ་ཡིན།

    ལྷ་འདྲི་ཆོ་ག་རྫོགས་རྗེས། ཡ་ཅིས་མཆོད་ཁྲིའི་སྟེང་གི་བྱ་ཤ་མར་བླངས་ཏེ་གཏུབ་རྗེས་གྲལ་དག་ངང་སྡེར་མའི་ནང་བླུགས་པ་ན་བྱ་ཤ་སྡེར་དཀར་གང་གྲུབ། ཡང་ཕག་པའི་མཆིན་པ་སྡེར་མ་གང་བརྔོས་པ་དང་། ཆང་རྫ་ནས་འབྲས་ཆང་དེམ་གང་ཁྱེར་འོངས་ཏེ་ཨ་ཅེ་གཉིས་དང་ཨ་ཞང་བཅས་ཀྱིས་མཉམ་དུ་གུང་ཟས་བཟས། ཡ་ཅིས་ཨ་ཞང་དང་རང་ཉིད་ལ་ཆང་དཀར་གང་རེ་བླུགས་པ་ན། ཨ་ཞང་གིས་ང་རང་ཁྱོད་ཀྱི་ཨ་ཕས་བསྙལ་བའི་ཆང་འཐུང་རྒྱུར་ཧ་ཅང་དགའ། ཁོ་མགྱོགས་པོར་དྲག་བསྐྱེད་བྱུང་ན་ཅི་མ་རུང་ཟེར། ཁོས་ཆང་དཀར་བཀྱགས་ནས་ག་ལེར་ཁམ་གང་འཇིབ་པ་ལས་མགྱོགས་པོར་མ་མིད་པར་ཁའི་ནང་འཁྱུག་ཙམ་བཟུང་སྟེ་བསྡད། ཚུལ་དེ་ནི་ཁོས་ངེད་ཚང་གི་མེས་པོ་རྣམས་དང་འབྲེལ་འདྲིས་བྱེད་པ་ཇི་བཞིན་མིག་གཉིས་བཙུམ་པ་དང་། གདོང་གི་གཉེར་མའི་ཤུར་དེ་དག་ལས་དམར་ནག་གི་འོད་ཅིག་འཕྲོ་བཞིན་འདུག

    ཨ་ཕས་བསྙལ་བའི་འབྲས་ཆང་ནི་པིན་ཁྲུང་ས་ཆའི་རྩེ་གྲ་ཡིན་ལ། འབྲས་ཆང་དེར་འབྲས་ཚོས་པའི་དྲི་ཞིམ་ལྡན་པ་མ་ཟད།

    པིན་ཁྲུང་རི་བོའི་ཆུ་མགོའི་ཞིམ་མངར་ཡང་ལྡན། སྡེ་བའི་ནང་གི་ན་གཞོན་མང་ཆེ་བ་གྲོང་ཁྱེར་དུ་ཞོར་ལས་སུ་ཕྱིན་པས། སྔོན་ཆད་གསེར་བཞིན་རྩ་ཆེ་བའི་ཞིང་ས་དག་ད་ལྟར་ས་རྒོད་དུ་གྱུར་འདུག་པ་དང་། པིན་ཁྲུང་རི་བོར་ཆུ་འབྲས་འདེབས་མཁན་གཅིག་ཀྱང་མི་འདུག་ལ། རང་གིས་འབྲས་ཆང་བསྙལ་མཁན་ཀྱང་ཨ་ཕ་གཅིག་པུ་རེད། ཡུའུ་གྲོང་བརྡལ་ནས་ཉོས་འོངས་བའི་འབྲས་ཆང་སིལ་འཚོང་དེ་ཨ་ཕས་འཐུང་མི་འདོད་ཟེར། ཉོས་འོངས་བའི་འབྲས་ཆང་དེ་སྡེ་བའི་སློབ་ཆུང་གི་དགེ་རྒན་ཧྥིན་རུང་ཀེའེ་ཡི་སྐད་ཆས་བཤད་ན་ཁྱིའི་རྟུག་དྲི་བྲོ་བའི་ཆང་ཟེར། རྒྱུ་མཚན་ནི་འཐུང་མ་ཉིད་དུ་ཁྱིའི་རྟུག་དྲི་ལྟ་བུའི་དྲི་ངན་བྲོ་བའི་ཕྱིར་རོ།། ཧྥིན་རུང་ཀེས་ཀྱང་རང་ཉིད་ཀྱིས་ཆང་བསྙལ་རྒྱུ་རྒྱུན་འཁྱོངས་བྱེད། ཁོ་ན་ནིང་ལས་འཁྱུར་ངལ་གསོ་བྱས་རྗེས་བུ་བྱ་འཚོང་རྒྱག་མཁན་དེ་དང་ལྷན་དུ་གྲོང་བརྡལ་དུ་འཚོ་བ་སྐྱེལ་དུ་སོང་། ཡིན་ནའང་ཁོས་དུས་དེ་ནས་བཟུང་ཁྱིའི་རྟུག་དྲི་བྲོ་བའི་ཆང་འཐུང་གིན་ཡོད་མེད་སུས་ཤེས། ཨ་ཕ་ད་ལྟར་གྲིབ་ནད་ཕོག་ཡོད་པ་དང་། སྨན་བཅོས་བྱས་ཏེ་དྲག་བསྐྱེད་བྱུང་རུང་ཆང་འཐུང་མི་རུང་།

    ཆང་འཐུང་ནས་དུས་ཡུན་རིང་ཙམ་འགོར་རྗེས། ཨ་ཞང་གི་གདོང་གི་ཉམས་འགྱུར་གཟབ་ནན་དུ་གྱུར། ཁོའི་བྱེད་སྟངས་ནམ་ཡང་འགྱུར་རྒྱུ་མེད་དེ། ཁྱིམ་གྱི་མེས་པོ་དང་འབྲེལ་འདྲིས་ཚར་བ་དང་མགྱོགས་པོར་ནང་དོན་རྣམས་བདག་པོར་མི་བཤད་པར་ཚང་མ་ཟ་འཐུང་གིས་འགྲང་རྗེས་ད་གཟོད་བཤད་པ་ཡིན།

    ཨ་ཞང་གིས་ཁྱེད་ཚང་གི་མི་རབས་རེ་རེས་བཏང་རག་འབུལ་མྱོང་ཡོད་དམ་ཞེས་དྲིས་པ་ན། ཡ་ཅིས་ངས་མི་ཤེས་ཨ་ཕར་འདྲི་དགོས་ཟེར། ཨ་ཅེ་ཆེ་བས་ང་ནང་དུ་སོང་ནས་ཨ་ཕར་འདྲི་ཟེར། སྐར་མ་བཅུ་ལྷག་འགོར་ཨ་ཅེ་ཕྱིར་ཐོན་བྱུང་། མོས་ཨ་ཕས་བཤད་ན་མི་རབས་རེ་རེར་འབུལ་མྱོང་ལ། ཨ་ཕའི་མི་རབས་འདིར་ད་དུང་འབུལ་ཐུབ་མེད། ཁོས་ད་ལྟ་འབུལ་ཐབས་མེད་པས་ང་ཚོས་ཁོར་འབུལ་རོགས་བྱེད་རྒྱུ་ཁོའི་རེ་བ་ཡིན་ཟེར་ཞེས་བརྗོད་བྱུང་།

    ཨ་ཞང་གིས་ངོ་མ་འདི་འདྲ་རེད། ཁྱེད་ཚང་ལ་ཕ་མེས་ཡང་མེས་ནས་་བཏང་རག་ཆེ་བ་འབུལ་བའི་གོམས་སྲོལ་ཡོད་པས། མི་རབས་རེར་ཆེས་མ་མཐའ་ཡང་བཏང་རག་ཆེ་བ་ཐེངས་གཅིག་འབུལ་དགོས་པ་མ་ཟད། ལོ་རེ་རེར་བཏང་རག་ཆུང་བ་རེ་འབུལ་དགོས་ཟེར། བཏང་རག་ཆུང་བ་འབུལ་རྒྱུ་ནི་ལས་སླ་མོ་ཡིན་ཏེ། ལོ་རེར་ཕག་བཤའ་དུས་ང་ཡོང་ནས་ཁྱོད་ཚོར་ལོ་འགོད་རོགས་བྱེད། དེ་ནི་བཏང་རག་ཆུང་བ་ཕུལ་བ་ཡིན། ཁྱོད་ཀྱི་ཨ་མ་ཚེ་ཐོགས་ན་ཡོད་དུས་མོསབཏང་རག་ཆེ་བ་འབུལ་འདོད་པ་ཡིན་མོད། འོན་ཀྱང་ཁྱོད་ཀྱི་ཨ་ཕས་མ་ཕུལ། ངས་བསམ་ན་ཁོས་འབུལ་འདོད་མེད་པ་མ་ཡིན་ཏེ། དངུལ་དེ་འདྲ་མང་པོ་ཞིག་བཏོན་མ་ཐུབ་པས་རེད། ཡིན་ནའང་མ་ཕུལ་ན་ག་ལ་འགྲིག ད་དོན་དག་བྱུང་སོང་བ་མ་ཡིན་ནམ་ཟེར།

    ཨ་ཞང་གིས་དངན་པ་ཞིག་འཐེན་རྗེས། ཁྱོད་ཚོ་མི་རབས་འདིས་གོང་མ་ཕན་ལ་བཏང་རག་འབུལ་དོན་ཡང་ཧ་གོ་གི་མི་འདུག ངས་ད་ལྟ་ཁྱོད་ཚོར་མ་བཤད་ན། ང་ལོ་བརྒྱ་ལོན་རྗེས་སུ་སྡེ་བའི་ནང་དུ་ཤེས་མཁན་མི་གཅིག་ཀྱང་ཡོད་མི་སྲིད་ཟེར།

    དེར་མཐུད་ནས་ཨ་ཞང་གིས་ཡ་ཅི་ཁོ་ཚོ་ཁྲིད་དེ་གནའ་རབས་སུ་ཐེངས་གཅིག་མྱུལ། ཕ་མཐའ་མི་ཆོད་པའི་རྒྱ་མཚོའི་ངོས་སུ། རུས་ཡའོ་ཅན་གྱི་མི་བཅུ་གཉིས་གྲུར་བསྡད་ནས་མཚོའི་ཕ་རོལ་དུ་བགྲོད་ཀྱིན་པའི་སྐབས་དེར། དྲག་རླུང་གིས་རྦ་རླབས་ལང་ལོང་དུ་འཕྱུར་བཅུག་པས། གྲུ་དང་མི་ཐམས་ཅད་ཆུའི་ནང་སྐྱུར་ལ་ཉེ། གནད་འགག་གི་སྐབས་དེར་ཁོ་ཚོས་མེས་པོ་ཕན་ལགས་དྲན་ནས་ཁོར་སྐྱབས་བཅོལ་བྱས། ཅང་མ་འགོར་བར་རླུང་འཇགས་ཤིང་མཚོ་ངོས་འཇམ་ཐིང་ངེར་གྱུར་བས། མི་རྣམས་ཀྱིས་མགྱོགས་པོར་བཏང་རག་འབུལ་བའི་ཆོ་ག་སྤེལ། མཚོ་འགྲམ་དུ་བསླེབས་པ་དག་གིས་མྱུར་བ་མྱུར་དུ་ཕག་ཅིག་བཤས། དེ་ནི་མེས་པོ་གོང་མ་ཕན་ལ་ཕུལ་བའི་ལེགས་སྐྱེས་ཡིན་པས། བཙོས་ཏེ་བཟའ་མི་རུང་། འོ་ན་མེས་པོ་གོང་མ་ཕན་བསླེབས་ཚེ་ཅི་ཞིག་བཟའ་འམ། མཚོ་འགྲམ་དུ་འབྱོར་བའི་མིས་སྡོང་རྒན་ཞིག་བཅད་པ་དང་། དེའི་ཁོག་བརྐོས་ནས་སྣོད་ཅིག་བཟོས་པ་དང་དེའི་ནང་ཆང་འབྲས་བླུགས་རྗེས་རྡུང་སྟེ་འབྲས་བཙོས་མ་བཟོས། ཤའི་རིགས་གཞན་པ་རག་ཐབས་བྲལ་བས། ཁོ་ཚོས་ཙི་གུ་ཁ་ཤས་བཟུང་བ་དང་། ཙིག་ཤ་བསྲེགས་ནས་གོང་མ་ཕན་ལ་གསོལ་མགྲོན་བྱས། ད་དུང་མཚོ་འགྲམ་དུ་འབྱོར་མེད་པ་དག་ལ་ཕག་མེད་པས། ཉ་བཟུང་ནས་དེའི་ཚབ་བྱས་པ་དང་། གྲུ་ཁེབས་སྟེང་གི་སྨྱུག་མའི་ལོ་མ་བཏོག་ནས་དེའི་ནང་འབྲས་བཙོས་མ་བཅུག

    བུད་མེད་རྣམས་ཀྱིས་གླུ་གཞས་བཏང་ཤིང་སྐྱེས་པ་རྣམས་ཀྱིས་རྔ་རིང་བརྡུང་ནས་ཞབས་བྲོ་འཁྲབ། ཕོ་མོ་ལོ་གཞོན་དག་གིས་གོང་མ་ཕན་ལ་ཆང་འཐུང་རོགས་དང་ཤ་ཟ་རོགས་བྱས་ཏེ། དགའ་དགའ་སྤྲོ་སྤྲོའི་ངང་ཉིན་ཞག་བདུན་ལ་སྐྱིད་པོ་རོལ།

    ཨ་ཞང་གིས་མུ་མཐུད་དུ་བཤད་རྒྱུར། དུས་དེ་ནས་བཟུང་གོང་མ་ཕན་གྱིས་ང་ཚོར་མགོན་སྐྱབས་གནང་བས། ང་ཚོས་ཁྱིམ་དུ་གསོས་པའི་བྱ་དག་ཀྱང་བསད་མ་ཉིད་དུ་མཆོད་སྒྲོམ་དུ་བཤམས་ནས་མེས་པོ་གོང་མ་རྣམས་ལ་མཆོད་པ་དང་། ཁོ་ཚོར་ཟ་འཐུང་གིས་འགྲངས་པ་མ་ཟད། ང་ཚོས་བསྲེགས་པའི་ཤོག་སྒོར་དང་ལེན་བྱས་རྗེས་ད་གཟོད་མར་བླངས་ཏེ་གཏུབ་ནས་བཟས་ཆོག ལོ་རེར་ཕག་བཤའ་དུས་ཀྱང་སློབ་དཔོན་གདན་འདྲེན་ཞུས་ནས་ལོ་འགོད་དགོས། འདི་ནི་བཏང་རག་ཆུང་བ་འབུལ་བ་ཡིན། བཏང་རག་ཆེ་བ་འབུལ་བའི་མི་ཚང་གིས་ཧོང་ཧྲ་གསོལ་སྟོན་བཤམས་དུས་ངེས་པར་དུ་ཙི་གུའི་ཤ་ཟ་དགོས་ཟེར།

    ཨ་ཞང་གིས་བཤད་ཚར་བ་དང་ཆང་དཀར་སྟོང་བ་བཟུང་ནས་ཁའི་ནང་དུ་བླུགས་པ་ན་ཆང་མ་རག་པས། ཡ་ཅི་ཁྱོས་ཅིའི་ཕྱིར་ཆང་མ་བླུགས་པ་ཡིན་ནམ་ཟེར།

    ཡ་ཅིས་ངས་རིག་པ་བསྒྲིམས་ནས་ཉན་པས་ཆང་ལྡུག་རྒྱུ་ཡང་བརྗེད་སོང་ཟེར་བཞིན་མགྱོགས་པོར་ཆང་དེམ་བླངས་ནས་ཨ་ཞང་གི་ཆང་དཀར་ནང་ཆང་གང་བླུགས།

    ཨ་ཞང་ན་རེ། ཁྱོའིསྤོ་ལགས་ཀྱིས་ང་ལ་བཤད་མྱོང་ཡོད། ཁྱོའི་སྤོ་ལགས། ཁྱོའི་སྤོ་ལགས་ཀྱི་ཨ་ཕ། ཁྱོའི་སྤོ་ལགས་ཀྱི་སྤོ་ལགས། ཁོ་ཚོ་ཚང་མས་བཏང་རག་ཕུལ་མྱོང་། ངས་ཁྱོད་ཚང་གི་མེས་པོར་དྲིས་པ་ན། ཁྱོད་ཚོས་ཀྱང་བཏང་རག་ཅིག་འབུལ་དགོས་ཟེར།

    ཡ་ཅིས་ཨ་ཞེས་སྐད་ཅིག་ཕྱིར་བྱུངས།

    ཨ་ཞང་གིས་ཁྱོད་ཀྱི་ཨ་ཕའི་མི་རབས་འདིར་བཏང་རག་འབུལ་རྒྱུ་འགོར་འགྱངས་བྱས་པས། བཀྲ་མི་ཤིས་པའི་དོན་དག་འདི་འདྲ་མང་པོ་བྱུང་པ་རེད་ཟེར།

    ཨ་ཅེ་འབྲིང་བས་དེ་ན་ང་ཚོས་ཇི་ལྟར་བྱེད་དགོས་རེད་ཟེར།

    ཨ་ཞང་གིས་ངས་ཁྱོད་ཀྱི་ཨ་ཕར་ཡོན་ཕན་ཕུལ་རོགས་བྱས་ཟིན། ཉིན་ཁ་ཤས་རྗེས་ལ་ངས་ཁོར་དམག་གསོལ་དང་ཀི་ཐང་ལའང་ཆོ་ག་ཕུལ་ཆོག་ཟེར།

    ཡ་ཅིས་ཡོན་ཕན་དང་དམག་གསོལ་། ད་དུང་ཀི་ཐང་ལའང་ཆོ་ག་དག་ནི་གང་འདྲ་ཞིག་ཡིན་ཞེས་དྲིས།

    ཨ་ཞང་གིས་དབུགས་རིང་ཞིག་བཏང་རྗེས་བཏང་རག་ཕུལ་ཉིན་ཁྱོད་ཚོར་ལབ་ཡོང་ཟེར།

    ཡ་ཅིས་བཏང་རག་ཆེན་པོ་དེ་ག་འདྲ་ཟེ་ཕུལ་དགོས་རེད། ང་ཚོས་མཐོང་མྱོང་མེད་པས་ཁྱོས་ང་ཚོར་ཕུལ་རོགས་བྱེད་པ་ཨེ་རེད་ཟེར།

    ཨ་ཞང་གིས་ང་རང་གཅིག་པུས་རོགས་བྱེད་ག་ལ་ཐུབ། བཏང་རག་ཆེན་པོ་ཞིག་ཕུལ་ན་མ་མཐའ་ཡང་སློབ་དཔོན་གསུམ་དགོས་པ་མ་ཟད། ད་དུང་དངུལ་མང་པོ་ཞིག་དགོས་ཟེར།

    ཡ་ཅིའི་སྙིང་མགོར་ཙག་ཤད་ཅིག་བརྒྱབ་བྱུང་། འོ་ན་དངུལ་ག་ཚོད་དགོས་སམ།

    ཨ་ཞང་གིས་ཁྲི་གཅིག་མི་དགོས་རུང་སྟོང་བརྒྱད་དགོས་ངེས་རེད། གལ་ཏེ་ཁྱིམ་ལ་ཕག་གསོས་ཡོད་ན་དེ་ཙམ་དྲག་གི་རེད། ཕག་ཆེ་བ་གཅིག་དང་ཆུང་བ་གཅིག་དགོས། ཕག་ཆེ་བ་བཏང་རག་ཕུལ་ཚར་དུས་སློབ་དཔོན་གསུམ་པོ་དང་གླུ་མ། ཇ་མ། ཚད། བྱིས་མོ་དག་ཚང་མས་སྐལ་བགོ་དགོས་ཏེ་ཁྱེར་དགོས། ཕག་ཕྲུག་བཏང་རག་ཕུལ་ཚར་དུས་བཙོས་ཏེ་ཚང་མས་ཟ་དགོས། ཕག་འདི་གཉིས་ལས་སླ་མོ་རེད། སྔོན་ལ་ཕག་ཡོད་པའི་ཁྱིམ་ནས་གཡར་བ་དང་། རྗེས་མ་རང་གིས་ཕག་ཕྲུག་གསོས་ཏེ་ཆེན་པོ་ཆགས་རྗེས་སྐྱིན་ཚབ་བྱིན་ཆོག་ཟེར།

    འོན་ཀྱང་དངུལ་དེ་འདྲ་མང་པོ་ཞིག་གང་ནས་ཁྱེར་འོངས། ཡ་ཅིས་ཐེངས་གྲངས་མེད་ཅིག་ལ་འདང་བརྒྱབ་མྱོང་། གལ་ཏེ་རང་ཉིད་དངུལ་ཡོད་རྒྱུ་ན། སྲིང་མོ་ལི་ཡང་ཕྱི་ལོགས་སུ་ཐོན་རྗེས་ཡུལ་ལ་མི་ལོག་པའི་གནས་ཚུལ་བྱུང་མི་སྲིད།

    གསུམ།

    ཨ་ཅེ་གཉིས་ཀ་རོགས་བྱེད་པར་བསླེབས་ཡོད་ཀྱང་ཁོ་ཚོ་སྐྱེས་དམན་སོང་ཙང་ཟ་མ་གཡོས་སྦྱོར་དང་། ཟ་མ་ལྡུད་པ། གོན་པ་འཁྲུ་བ། སྨན་གདུ་བ། སྨན་སྦྱོར་བ་ལྟ་བུའི་ལས་ཀ་ཙག་ཙིག་བྱེད་པ་ལས། ཨ་ཕའི་གཅིན་སྐྱག་ལེན་པ་དང་གཟུགས་པོ་གཙང་སྦྲ་བྱེད་པ་ཐམས་ཅད་ཡ་ཅིའི་ཕྲག་སྟེང་དུ་བབས། ཉིན་གཉིས་ལ་ཉལ་རྗེས་ཨ་ཕས་ངེས་པར་དུ་གཟུགས་པོ་འཁྲུ་དགོས་ཟེེར་བས་ཡ་ཅིར་བཀོད་པ་ཅི་ཡང་མི་འདུག སློབ་གྲྭ་གྲོལ་ནས་ཁྱིམ་དུ་ལོག་པའི་བུ་ཡ་ཧྲིན་ལ་རོགས་བྱེད་དུ་བཅུག་ཀྱང་ཨ་ཕའི་གཟུགས་པོ་བཀྲུ་མ་ཐུབ། ཡ་ཅིའི་སེམས་ལ་གལ་ཏེ་སྐབས་འདིར་ཨ་མ་ཡོད་ན་ཅི་མ་རུང་སྙམ།

    མིང་ལ་ཧོང་ལེན་ཟེར་བའི་ཡུགས་ས་མ་རང་ཉིད་ཡ་ཅི་ཚང་ལ་བསླེབས་བྱུང་། ཡ་ཅིས་གྲ་སྒྲིག་ཅི་ཡང་བྱས་མེད་པའི་གནས་ཚུལ་འོག་བསླེབས་བྱུང་། མ་གཞི་ཁོས་བུད་མེད་དེ་ཁྱིམ་སྒོ་འདིར་འཛུལ་འཇུག་འདོད་མེད་མོད། རང་གི་ཨ་མ་ལས་གཞོན་པའི་བུད་མེད་འདི་མཐོང་མ་ཐག་ཁོའི་སེམས་པ་གློ་བུར་དུ་འཇམ་ཞིང་མཉེན་པའི་དངོས་པོ་རྡོག་རྡོག་ཅིག་གིས་ཕོག་ཐུག་བཏང་བྱུང་། བུད་མེད་འདི་དང་ཨ་ཕ་གཉིས་འགྲོ་ལུགས་ལྟར་བཟང་ཚང་སྒྲིག་མེད་པས། ཨ་ཕ་ཚད་འདི་འདྲ་ལྷུང་དུས་མོས་ཐག་རིང་དུ་གཡོལ་ནས་ཁ་ཡ་མ་བྱས་ནའང་ཆོག་མོད། འོན་ཀྱང་ཁོ་མོ་བསླེབས་པ་མ་ཟད་ད་དུང་འོ་མ་ཤོག་སྒམ་གང་ཁྱེར་འདུག ཨ་ཕ་དྲན་པ་སོས་པ་ནས་བཟུང་རྟག་ཏུ་མོའི་མིང་ནས་འབོད་ཀྱིན་འདུག ཡ་ཅིས་རང་གི་བུད་མེད་སྲིང་མོ་ལི་དྲན་བྱུང་། ལོ་དེར་ཁོས་ཁོ་མོར་ཧ་ཅང་གཅེས། རི་མགོའི་སིལ་ཏོག་བཏོག་རྗེས་ཆེ་བ་དང་མགོ་ཚོས་ཡོད་པ་དག་རང་གིས་ཟ་མ་ཕོད་པར་ཁྱེར་འོངས་ཏེ་ཁོ་མོར་ཟ་རུ་བཅུག དངུལ་དཀའ་དུས། ལོ་གསར་ལ་རང་གིས་ལྭ་བ་གསར་བ་མ་ཉོས་པར་ཁོ་མོར་ཉོས། ཡིན་ནའང་ཁོ་མོ་ཕྱི་ལ་ཐོན་རྗེས་ལོག་མ་བྱུང་། ཁོ་བུད་མེད་མེད་པའི་ཕོ་ཧྲེང་དུ་གྱུར། ཨ་མ་ཚེ་ལས་འདས་རྗེས་ཨ་ཕ་ཡང་རང་ཉིད་དང་འདྲ་བར་ཕོ་ཧྲེང་དུ་གྱུར། འདི་དག་བློ་ངོར་ཤར་བ་དང་ཁོའི་སེམས་སྙི་མོར་གྱུར་ནས། ཧོང་ལེན་ཁྱིམ་དུ་ཡོང་བར་བཀག་འགོག་མ་བྱས།

    ཧོང་ལེན་ཨ་ཕའི་ཁང་བའི་ནང་ཆུ་ཚོད་ཕྱེད་ཙམ་ལ་བསྡད། དེའི་ནང་ནས་མཆེད་འོངས་བའི་ངུ་སྒྲས་ཡ་ཅིའི་སེམས་པ་གློང་གློང་བོར་བཟོས། ཨ་ཅེ་གཉིས་ཀྱི་ངོ་གདོང་སྙིང་རྗེ་མོ་དེ་ཡང་ཐལ་མདོག་ཏུ་བསྒྱུར་འདུག མིང་སྲིང་གསུམ་ཀའི་གདོང་གི་ཉམས་འགྱུར་དེ་རྩྭ་སྨན་གདུ་ཐང་ཁ་བ་ཞིག་འཐུང་བ་ལྟར་གྱུར།

    ཧོང་ལེན་ཨ་ཕའི་ཁང་བ་ནས་ཐོན་བྱུང་། དེ་སྔོན་གྱི་གདོང་ཡག་པོ་དེ་ད་ལྟ་མདོག་ཉེས་པ་ཆགས་འདུག ཁོ་མོས་ཁྱོའི་ཨ་ཕས་གཟུགས་པོ་འཁྲུ་དགོས་ཟེར། ཁོས་ངེས་པར་དུ་འཁྲུ་དགོས་ཟེར། ད་བར་ཁོས་གཟུགས་པོ་བཀྲུ་རྒྱུ་ཉིན་གཅིག་ཀྱང་ཆད་མ་མྱོང་ཟེར། ང་ཚོས་མཉམ་དུ་ཁོར་བཀྲུ་རོགས་བྱས་ཟེར་ཁྱོས་བལྟས་ན་ཆོག་གམ་ཟེར།

    སྐད་ཆ་འདི་འདྲ་མོའི་ཁ་ནས་ག་འདྲ་ཟེ་ཐོན་པ་ཡིན་ནམ། ཁོ་མོའི་བསམ་པར་མོ་རང་སུ་ཡིན་བསམ་ཡོད། ཁོ་མོས་ཇི་ལྟར་ཨ་ཕར་གཟུགས་པོ་བཀྲུ་རོགས་བྱེད་དམ། འོན་ཀྱང་ཡ་ཅིའི་ཁ་ནས་ཚིག་གཅིག་ཀྱང་མ་ཐོན། ཁོ་རང་ཉིད་ཀྱང་ཨ་ཕ་དང་འདྲ་བར་ཉིན་རེར་གཟུགས་པོ་འཁྲུ་བའི་གོམས་གཤིས་ཡོད། གྲང་ངར་ཆེ་བའི་དགུན་ཁ་ཡང་ལུས་ནས་རྔུལ་ཆུ་ཐིགས་པ་གཅིག་ཐོན་མྱོང་མེད་ལ། གཟུགས་པོ་བཀྲུས་རྗེས་ཉལ་ན་ད་གཟོད་ལུས་ཡོངས་ལྷོད་ལ་བབས་ནས་གཉིད་སྐྱིད་པོ་ཅིག་ཁུགས་སྲིད། གལ་ཏེ་གཟུགས་པོ་མ་བཀྲུས་ན་ལུས་ཡོངས་བདེ་བོ་མེད་པ་མ་ཟད། ཐ་ན་ཉལ་ཁྲིར་འོས་མེད་བྱས་སོང་ཡང་བསམ་གི་ཡོད།

    དེ་བས་ཡ་ཅིས་མགོ་བོ་ལྡེམ་ཙམ་བྱས།

    ཧོང་ལེན་གྱིས་ཐབ་མགོར་ཆུ་བསྲོས་ཏེ་ཤིང་གཞོང་ཆེན་པོ་དེའི་ནང་བླུགས་པ་དང་། ཆུ་འཁྱག་བསྣན་ནས་ཆུ་དྲོད་ཏག་ཏག་བཟོས། ཡ་ཅིས་རྐུབ་སྟེགས་རིང་བོ་ཞིག་ཁྱེར་འོངས་ཏེ་ཧོང་ལེན་དང་མཉམ་དུ་སྔོན་ལ་ཨ་ཕ་བཀྱགས་ནས་རྐུབ་སྟེགས་སྟེང་བཞག་རྗེས། ཁོའི་བརླ་གཉིས་བཀྱེད་དེ་ཙོག་ཏུ་བཅུག དེ་ནས་ཁོ་གཉིས་ཀྱིས་རྐུབ་སྟེགས་ཀྱི་སྣེ་གཉིས་ནས་བཟུང་བ་དང་ཡ་ཅིས་དཀྱིལ་ནས་བསྐྱོར་དེ་མཉམ་དུ་ཨ་ཕ་ཆུ་གཞོང་ཆེན་པོ་དེའི་ནང་བཞག ཡ་ཅིས་ཨ་ཕའི་གོན་པ་དག་ཕུད། རང་གི་བུ་དང་ཚ་བོ། ཧོང་ལེན་བཅས་ཀྱི་མདུན་ནས་གཅེར་བུར་ཕུད་པའི་ཨ་ཕ་ངོ་ཚ་སྟེ་མགོ་བོ་དང་གར་སྨད་ནས་རྒས་ཟིན་པའི་གདོང་དེ་སྦས་པ་དང་སྐད་ཆ་ཚིག་གཅིག་ཀྱང་མི་བཤད། དཀར་མདོག་གི་རླངས་པ་ཡར་འཕྱུར་བ་དེ་ནི་རི་མགོའི་སྨུག་པ་འཐིབས་པ་བཞིན་ལོ་ཟླ་དང་ནད་ངན་གྱིས་གཙེས་པའི་ཨ་ཕའི་ལུས་པོར་དཀྲིས་པ་དང་འདྲ་བ་མ་ཟད། དེར་རྩེད་སྤྱད་བྱེད་པ་ཡང་མཚུངས།

    ཧོང་ལེན་དང་ཡ་ཧྲིན་གཉིས་ཀྱིས་ཨ་ཕའི་ལག་པ་གཡས་གཡོན་ནས་བསྐྱོར་བ་དང་། ཡ་ཅིས་འདག་རྫས་བཟུང་ནས་ཁོའི་ལུས་ཧྲིལ་བོར་ཕུར་རྗེས། ལག་གཉིས་ཀས་ལུས་དྲེག་ཕུར་བ་དང་། སླར་ཡང་ལག་ཕྱིས་ཆུ་ནང་བསྒྲེས་ནས་ལུས་ཡོངས་ཀྱི་ལྦུ་བ་གཙང་མར་བཀྲུས། བཀྲུས་ནས་གསང་གནས་ལ་བསླེབས་ཐེངས་རེར་ཨ་ཕས་མགོ་བོ་སྔར་ལས་ཇེ་དམར་བཏང་སྟེ། ཁོའི་གཉེར་མ་ཁམ་ཁུམ་གྱི་བྲང་ཁོག་ཏུ་འཛུལ་ལ་ཁད་བྱས། ཡ་ཅིས་གློ་བུར་དུ་ཡིད་ལ་ལོ་མང་རྗེས་སུ་རང་ཉིད་རྒད་པོ་ཞིག་ཏུ་གྱུར་ཚེ་ཨ་ཕ་ལྟ་བུ་ཞིག་ཡིན་ནམ་སྙམ་ལ། ཡང་ཡ་ཧྲིན་གྱིས་ཀྱང་ང་ལ་འདི་ལྟར་གཟུགས་པོ་བཀྲུ་རོགས་བྱེད་སྲིད་དམ་སྙམ། སུས་ཤེས་སམ། སྐབས་དེར་ཐོན་དུས་ཡ་ཧྲིན་ད་དུང་ཁྱིམ་ན་ཡོད་དམ། ཁོས་སློབ་སྦྱོང་ཡག་པོ་བྱས་ཚེ་རིའི་ཕྱི་རོལ་གྱི་ལས་བྱེད་པ་ཞིག་ཏུ་གྱུར་སྲིད་ལ། ཡང་མིན་ན་ཞོར་ལས་བྱེད་དུ་སོང་ཡོད་སྲིད། འདི་ལྟར་བསམ་བཞིན་ཨ་ཕའི་ལུས་སྟེང་གི་ཡ་ཅིའི་ལག་རྩུབ་པོ་དེ་གཉིས་ཀ་རང་དབང་མེད་པར་ཇེ་འཇམ་དུ་གྱུར།

    ཧོང་ལེན་རོགས་བྱེད་པར་འོངས་བ་ཨ་ཅེ་གཉིས་ཀས་བཀག་འགོག་ཅི་ཡང་མ་བྱས། གཅིག་བྱས་ན་ཁོ་ཚོས་ཨ་ཕའི་ནད་ག་དུས་སངས་དྲག་ཡོང་བ་མི་ཤེས་པར་མ་ཟད། རྟག་པར་ནད་གཡོག་རྒྱུགས་མི་ཐུབ་པ་ཤེས་པས་ཡིན་སྲིད།

    ངོ་མ་ཨ་ཅེ་འདིར་འོངས་བའི་ཉིན་ལྔ་བའི་ཞོགས་པར་ཁ་པར་འབྱོར་བྱུང་། ཁོ་མོས་བཤད་ན་གཅེན་ཟླས་མོ་རང་མྱུར་དུ་ལོག་དགོས་ཟེར། གཅེན་ཟླས་སྐར་བདུན་རི་བོའི་སྟེང་ལག་སྐྱོར་འདྲུད་འཐེན་འཁོར་ལོ་བསྐོར་ནས་སྦྱིན་བདག་ལ་ཤིང་ཆ་སྐྱེལ་འདྲེན་བྱེད་རོགས་བྱེད་ཀྱིན་ཡོད་པས། ཉིན་བཅུ་ནས་ཟླ་ཕྱེད་ཙམ་ལ་མ་གཏོགས་ཁྱིམ་ལ་ལོག་མི་ཐུབ། དེའི་ཕྱིར་ཁྱིམ་ནང་གི་ལས་ཀ་ཚང་མ་ངའི་མགོར་ལྷུང་ཡོད་ཟེར། ཨ་ཕར་དོན་དག་བྱུང་བ་ཤེས་རྗེས་ངས་ཁྱིམ་གྱི་ལས་ཀ་ཚང་མ་བསྐྱུར་ནས་མྱུར་དུ་འོངས་བ་ཡིན། འོན་ཀྱང་འདིར་བསླེབས་རྗེས་ལུས་པོ་འདིར་ཡོད་ཀྱང་སེམས་ཁྱིམ་གྱི་ལས་ཀར་འཁོར་ནས་བདེ་ལ་འབབ་མི་ཐུབ་ཟེར། ཨ་ཅེ་ཆེ་བ་སོང་བའི་ཕྱི་ཉིན་སྔ་དྲོར་གཅེན་ཟླ་འབྲིང་བས་ཁ་པར་བཏང་ནས་ཨ་ཅེ་འབྲིང་བ་ཁྱིམ་དུ་ལོག་དགོས་ཟེར། ཟླ་ཕྱེད་རིང་ས་རྒོད་སློག་ནས་བཟོས་པའི་ཞིང་ཁ་དེ་མེར་བསྲེགས་པའི་དུས་རན་ཡོད། དགུན་ཆར་བབས་ཚེ་བསྲེགས་ཐབས་བྲལ་སོང་། སང་ལོ་དཔྱིད་ཀར་ངེས་པར་དུ་མྱུར་སྐྱེས་ཨེན་སྡོང་འདེབས་དགོས་ཟེར། ནགས་བསྒྱུར་གྱི་འགོ་བཙུགས་པ་ནས་བཟུང་བདག་པོ་མེད་པའི་ས་རྒོད་དེ་དག་སུས་སྔོན་ལ་སློག་སྟེ་འདེབས་འཛུགས་བྱས་ན་སུར་དབང་བ་ཡིན། ཁྱོ་ཤུག་གཉིས་ཀས་རི་འགོར་མྱུར་སྐྱེས་ཨེན་སྡོང་འདེབས་པ་འགན་གཙང་ལེན་བྱས་པའི་སྦྱིན་བདག་མཱར་ཞོར་ལས་བྱེད་ཀྱིན་ཡོད། ད་སྐབས་སྡོང་དོང་བརྐོ་རྒྱུ་དཀའ་ཡང་ཉིན་རེའི་གླ་ཕོགས་ནམ་རྒྱུན་ལས་སྒོར་ཉི་ཤུས་མཐོ། ཨ་ཕར་དོན་དག་བྱུང་བས་ཨ་ཅེ་འབྲིང་བས་ཀྱང་དངུལ་བསགས་པའི་གོ་སྐབས་བཟང་བོ་འདི་གནས་སྐབས་སུ་དོར་དགོས་བྱུང་། ཡིན་ནའང་ཁོ་མོ་ད་ལྟ་ངེས་པར་དུ་ཕྱིར་ལོག་ནས་ས་ཞིང་དེ་དག་མེར་བསྲེགས་དགོས། དེ་མིན་ཚེ་མི་གཞན་པས་ལས་ཀ་འཕྲོག་རྒྱུར་ཡང་སྐྲག་དགོས།

    ཨ་ཅེ་གཉིས་ཀ་སོང་རྗེས་ཡ་ཅིས་དཀའ་ལས་མྱངས་སོང་། སྟབས་ལེགས་པ་ཞིག་ལ་ཧོང་ལེན་ཉིན་རེའི་ཕྱི་དྲོར་དུས་ཚོད་ཕྱེད་ཙམ་ལ་གོམ་པ་བརྒྱབ་ནས་ཚུར་རོགས་བྱེད་དུ་བསླེབས་ཡོང་།

    ཟླ་ཕྱེད་ཀྱི་རྗེས་སུ། ཨ་ཕ་རང་ཉིད་ཀྱིས་ཨ་ལོག་རྒྱག་ཐུབ། ཨ་ཞང་གི་རྩྭ་སྨན་གྱིས་གོ་ཆོད་པའི་ཐོག་ཧོང་ལེན་གྱིས་མཉེན་འཕུར་གྱིས་ནུས་པ་ཐོན་པའམ། ཡང་ན་བསྐྱབ་བཅོལ་བའི་ནུས་པ་ཐོན་པ་གང་ཡིན་མི་ཤེས་མོད། ཧོར་ཟླ་བཅུ་གཉིས་པར་བསླེབས་དུས་ཨ་ཕ་རང་ཉིད་ཉལ་ཁྲི་ལས་མར་བབས་ཏེ་འཁར་བ་ཁེན་ནས་འགྲོ་ཐུབ།

    ལོ་སར་རྗེས་ཀྱི་ཚེས་བཅུ་དྲུག་ཉིན། ཨ་ཞང་གིས་ཞོགས་པ་སྔ་མོ་ནས་རྩྭ་སྨན་བསྐྱལ་ནས་བསླེབས་བྱུང་། ཡ་ཅིས་ཁོར་ཆང་འཐུང་རོགས་བྱེད་ཞོར་དུ་བཏང་རག་འབུལ་བའི་གྲ་སྒྲིག་གི་གནས་ཚུལ་དེ་གླེང་། ལོ་རྙིང་ལ་ཨ་ཅེ་གཉིས་ཀྱིས་མི་རེས་སྒོར་སྟོང་གཉིས་རེ་བྱིན། ཁང་བའི་གཡོན་རི་དང་གཡས་རི་གཉིས་སུ་ཨ་མས་བཙུགས་པའི་ཐང་ཤིང་རྣམས་ད་ལྟ་ནགས་ཚལ་དུ་གྱུར་ཡོད། ཨ་མས་ད་བར་མ་བཙོང་། མོས་བཤད་ན་གནད་འགག་གི་སྐབས་སུ་བཀོལ་དགོས་ཟེར། ཁོ་མོ་ཚེ་ཐོགས་ན་ཡོད་དུས་རང་གི་ངལ་རྩོལ་འབྲས་བུ་ཏིལ་འབྲུ་ཙམ་ཡང་ལོངས་སྤྱོད་བྱེད་མ་ཐུབ། ཨ་ཕ་དང་གྲོས་བྱས་རྗེས་ཡ་ཅིས་ཁང་བའི་གཡོན་རིའི་ནགས་དེ་བཙོང་རྒྱུ་ཐག་བཅད་པས། དངུལ་ཕལ་ཆེར་ཚགས་སུ་ཆུད་སོང་། མ་སྤུན་ཕུ་བོ་ཡ་ཐན་གྱི་ས་ནས་རྒྱ་མ་ཉིས་བརྒྱ་ཅན་གྱི་ཕག་ཅིག་གཡར་བ་དང་། རང་ཁྱིམ་གྱི་ཕག་ཕྲུག་བསྣན་ན་ཆོག

    ཨ་ཞང་གིས་དེ་ན་སློབ་དཔོན་གདན་འདྲེན་བྱས་ཆོག་ཟེར།

    ཡ་ཅིས་ཨ་ཞང་ཁྱེད་ཀྱང་སློབ་དཔོན་གཅིག་ཏུ་བརྩིས་ཆོག་པ་མིན་ནམ་ཟེར།

    ཨ་ཞང་གིས་བཏང་རག་ཕུལ་ན་ང་ཕྱེད་ཀ་ཅིག་ལས་མི་བརྩི། ཤོག་ལས་སློབ་དཔོན་ཁོ་ན་ཞིག་བྱེད་ཐུབ། དེ་ནི་ཤོག་བུ་ལས་རོགས་བྱེད་མཁན་ཡིན། ལས་ཀ་འདི་སློབ་དཔོན་གཞན་དག་གིས་མཉམ་དུ་ལས་ཆོག་པས་ང་ཡོད་རུང་མེད་རུང་གཅིག་ཡིན། དེ་བས་ཁྱོས་སློབ་དཔོན་གསུམ་གདན་འདྲེན་ཞུ་དགོས་ཟེར།

    ཡ་ཅིས་འོ་ན་ང་གང་དུ་གདན་འདྲེན་ཞུ་རུ་འགྲོ་དགོས་ཟེར།

    ཨ་ཞང་གིས་ལྷ་ཡུལ་དུ་སོང་ནས་ཧོང་ཅིན་ཞའོ་གདན་འདྲེན་དགོས། ཁོ་རང་གདན་འདྲེན་ཐུབ་སོང་ན་སློབ་དཔོན་གཞན་གཉིས་ཀ་དང་ལག་རོགས་ཚང་མ་ཁོས་ཁྱོར་གདན་འདྲེན་ཞུ་རོགས་བྱེད་སྲིད་ཟེར།

    ཡ་ཅིས་ལྷ་ཡུལ་ལ་ང་ཐེངས་གཅིག་འགྲོ་མྱོང་ཡོད་ཀྱང་ངས་ཁོ་ངོ་མི་ཤེས་ཟེར།

    ཁོ་ནི་ངས་ཤེས་པའི་སློབ་དཔོན་སྐད་གྲགས་ཆོད་པ་དེ་ཡིན། ཨ་ཞང་གིས་བཤད་ཚར་རྗེས་ཆང་ཧུབ་གང་འཐུང་བ་དང་དེ་མ་ཐག་ཏུ་ཕེ་སྒྲ་དང་ཚང་མ་ཕྱིར་གཏོར་བྱུང་། ཁྱོས་ཆང་འདི་འདྲ་ང་ལ་ལྡུད་སྲོལ་ཡོད་དམ་ཟེར།

    ཡ་ཅིས་ཨ་ཕས་བསྙལ་བའི་ཆང་ད་ཅའི་ཆང་དེམ་དེ་ལས་མེད། ཆང་དེམ་འདི་ངས་མའེ་ཧྭ་ཡུས་ནས་ཉོས་པ་ཡིན་ཟེར།

    ཨ་ཞང་གིས་མའེ་ཧྭ་ཡུས་ཀྱི་ཆང་འཐུང་སྲོལ་ཡོད་དམ། སྦྱིན་བདག་བསམ་ནག་དེ་ཚོས་ཆང་བསྙལ་དུས་འབྲས་ཀྱང་མི་བཙོ་བར་ཐད་ཀར་འབྲས་རློན་པས་བསྙལ་བ་དང་། སྐྱུར་བསྙལ་རྒྱག་དུས་ནང་དུ་གཅིན་རྒྱུ་གཏོར་ལ། ཆང་བཙོས་རྗེས་ཟོ་བ་རེ་རེའི་ནང་དུ་འབུ་གསོད་བྱེད་སྨན་ཏེ་ཏེ་ཝེའམ་ལི་ཀོ་གཏོར་ཀྱིན་འདུག་ཟེར།

    ཡ་ཅིས་ཨ་ཞེས་སྐད་ཅིག་ཕྱུངས་བ་དང་། ཨ་ཕ་དང་ཨ་ཁུ་རོང་ཀའེ་གཉིས་ཀྱིས་དེར་ཁྱིའི་རྟུག་དྲི་བྲོ་བའི་ཆང་ཟེར་བ་ཡང་ཁག་མི་འདུག མ་གཞི་དེ་ནི་ལུད་རྫས་དང་ཞིང་སྨན་ཆང་རེད། འོ་ན་ཨ་ཞང་ཁྱོས་འཐུང་བའི་ཆང་དེ་གང་ནས་ཉོས་པ་ཡིན་ནམ་ཟེར།

    ཨ་ཞང་གིས་དེ་ནི་ཁྱོའི་མ་སྤུན་ཕུ་བོའི་ལྷ་ཡུལ་ནས་ཉོས་བ་རེད། དེ་ན་བུད་མེད་ཅིག་གིས་ཆེད་མངགས་ཆང་བསྙལ་རྗེས་བཙོང་གིན་འདུག་ཟེར། དེས་ང་ཚོ་ཡའོ་རིགས་ཀྱི་སྲོལ་རྒྱུན་ལས་སྲོལ་ལྟར་བྱེད་པ་ལས་རྫུན་མ་ཅུང་ཙམ་ཡང་མི་ལས། ཡིན་ནའང་རིན་གོང་གྲོང་བརྡལ་ཡུས་ཀྱི་ཆང་ལས་ལྡབ་གཅིག་གིས་མཐོ། གོ་ཐོས་ལྟར་ན་བུད་མེད་དེ་སྐྱེས་གཟུགས་ཡག་པོ་མེད་ཀྱང་། བསམ་བློ་དང་གོ་རྟོགས་ཡག་པོ་འདུག་ཟེར། ཁྱོས་ཀྱང་ཁོ་མོའི་ཆང་ཉོས་དང་ཡག་པོ་འདུག གང་ལྟར་ཁྱོའི་མ་སྤུན་ཕུ་བོས་ལྷ་ཡུལ་གྱི་ས་ཆ་དེའི་རི་ཁ་ཤས་ཀྱི་ཐང་ཤིང་ཉོས་ཡོད་པས་ལོ་འགར་དེར་བསྡད་དེ་ཤིང་བཅད་ནས་བཙོང་དགོས། ཁྱོས་ཁོར་ཉོ་རོགས་ཞུས་ཏེ་བསྐུར་ཆོག རྗེས་མ་ཁྱིའི་རྟུག་དྲི་བྲོ་བའི་ཆང་འདི་འདྲ་གཏན་ནས་མ་ཉོ། ཚང་མ་རྫུན་མ་དང་དུག་ཆང་རེད། མའེ་ཧྭ་གྲོང་བརྡལ་གྱི་ཆང་རྐྱལ་སྐད་གྲགས་ཆོད་པ་དེ་དག་ཚང་མ་འབྲས་སྐྲན་བྱུང་ནས་ཤི་སོང་ཟེར།

    ཡ་ཅིའི་གདོང་མདོག་དེ་མ་ཐག་ཏུ་ལྗང་སྨུག་ཏུ་གྱུར་ཏེ། ད་སྐབས་དངོས་པོ་ཅི་ཡིན་རུང་རྫུན་མར་གྱུར་བ་ཅི་ཡིན་ནམ་ཟེར།

    ཨ་ཞང་གིས་ད་ལྟའི་མིར་དད་པ་མི་འདུག སེམས་ནང་ལྷ་མེད་ལ། ཐ་ན་རང་གི་མེས་པོ་ཡང་ངོ་མི་ཤེས་པས་རྫུན་མ་བཟོ་རྒྱུར་ག་ལ་སྐྲག དེའི་ཕྱིར་ངས་ཁྱོར་ཨ་ཕ་ཚེ་ཐོགས་ན་ཡོད་དུས་ཁོའི་ཆང་བསྙལ་སྲོལ་སློབས་ཟེར་བ་ཡིན། ཁྱོའི་ཁྱིའི་རྟུག་དྲི་བྲོ་བའི་ཆང་འདི་ངས་མི་འཐུང་། ངས་འབྲས་ཕོར་བ་ཕྱེད་ཙམ་ཟ་དགོས་ཟེར་བཞིན་ཡར་ལངས་ཏེ་ཆང་དཀར་ནང་གི་ཆང་དག་ས་སྟེང་དུ་འཕོས།

    བཞི།

    རི་ལུང་མང་པོ་བརྒྱབ་སྟེ་ཏེན་ཁྲུང་ནས་ལྷ་ཡུལ་དུ་སོང་ན་འཕྲུལ་རྟར་ཞོན་ཡང་ཆུ་ཚོད་གསུམ་ཙམ་དགོས། ཡ་ཅི་ཉིན་གུང་ལོན་དུས་ལྷ་ཡུལ་དུ་བསླེབས། ཁོར་ལམ་རྒྱུས་མེད་པས་ལ་ཞིག་གྱེན་ལ་འཛེགས་དུས་ས་ངོས་སུ་འབུར་བའི་རྡོ་ཞིག་ལ་ཐོགས་སྟེ་འཕྲུལ་རྟ་སྟེང་འོག་སློག་པས་ཁོ་རང་འོག་ཏུ་མནན། ཚ་རྐྱང་ཆགས་པའི་སྒུལ་བྱེད་འཕྲུལ་ཆས་ཀྱིས་ཁོའི་ཉྭ་རིས་གཡོན་པར་འཚིག་རྨས་བཏང་བས། ཁོས་ན་ཚ་མ་བཟོད་པར་ཁ་གཅུས་སྣ་གཉེར་བྱེད། ཐེངས་འགར་འཕག་ཀྱང་ཕྱིར་ཐོན་མ་ཐུབ།

    སྟབས་ལེགས་པ་ཞིག་ལ་སྐབས་དེར་མི་ཞིག་བསླེབས་པས། མི་དེ་འཕྲུལ་རྟ་ལས་བབས་ཏེ་ཁོའི་ལུས་སྟེང་དུ་མནན་པའི་འཕྲུལ་རྟ་བརྩེངས་བ་དང་། ཁོས་ཨ་ཡོ་ཡོ་ཟེར་བཞིན་ཡར་ལངས།

    མི་དེ་ནི་ལོ་ན་ཧ་ཅང་གཞོན་པའི་གསར་བུ་ཞིག་སྟེ། བལྟོས་ཚོད་ལོ་བཅོ་ལྔ་བཅུ་དྲུག་ཙམ་ཡིན་པ་འདྲ་ཡང་གཟུགས་ཁོ་ལས་ཕྱེད་ཀས་རིང་། ཁམ་ནག་གི་སྐྲ་རིང་དེས་ཁོའི་ངོ་གདོང་ཇེ་རིང་དུ་བཏང་འདུག་ལ། གདོང་ཉག་ཤིན་ཏུ་གཟར། གསར་བུས་ཁྱོད་སྐྱོན་མེད་དམ་ཟེར། ཡ་ཅིས་ངའི་ཉྭ་རིས་ལ་འཚིག་རྨས་ཐེབས་འདུག་ཟེར། གསར་བུས་ཁྱོད་ངའི་སྤོ་ལགས་འཚོལ་དུ་སོང་དང་ཁོར་ཐབས་བཀོད་ཡོད་ཟེར་བཞིན་ལག་གི་འཕྲུལ་རྟ་ཡ་ཅིར་སྤྲད་རྗེས་རང་གི་རྒྱལ་སྲས་འཕྲུལ་རྟ་ཞོན་ནས་བུད་སོང་།

    ཡ་ཅིས་འཕྲུལ་རྟ་ཁང་བའི་མདུན་གྱི་ས་འདམ་བྱུག་པའི་ས་དོག་མོ་དེར་བཞག ཚོམས་ཁང་གི་སྒོ་བརྒྱབ་མེད་པ་དང་དེར་འབྲེལ་བའི་ས་ཁང་གཡས་ངོས་ཀྱི་ཤིང་ཁང་དེའི་སྒོ་ཕྱེ་འདུག ཐང་ཤིང་གི་པགས་པས་བཀབ་པའི་ཁང་ཀླད་གྱི་དུ་ཁུང་ལས་དུ་བ་ལང་ལོང་དུ་འཕྱུར་ཀྱིན་འདུག ཡ་ཅིས་དེར་ཕྱོགས་ནས་ནང་དུ་སོང་།

    ཡ་ཅིའི་སྣ་ལམ་དུ་རྒྱས་མངའ་ཆེ་བའི་དྲི་མ་ཞིག་འཐུལ་བྱུང་། དེ་ནི་ཨ་ཕས་ཆང་བཙོ་དུས་ཀྱི་དྲི་མ་རེད། དེས་ཁོར་ད་སོ་མ་ཕྱི་ལོགས་ནས་རང་ཁྱིམ་དུ་བསླེབས་པ་ལྟ་བུའི་འཁྲུལ་སྣང་སྐྱེས་སུ་བཅུག

    དེ་ནས་ཁོས་ས་ཐབ་ཆེན་པོ་ཞིག་མཐོང་བ་དང་དེའི་སྟེང་ལྕགས་ཀྱི་སླ་ང་ཆེན་པོ་ཞིག་བསྐྱོན་འདུག དེ་ནི་ནམ་རྒྱུན་གཟུགས་པོ་འཁྲུ་དུས་ཆུ་བསྲོ་སྤྱད་ཡིན་མོད། ད་ལྟ་དེའི་སྟེང་ཀ་ཟླུམ་དབྱིབས་ཀྱི་ཆང་བཙགས་སྣོད་ཆེན་པོ་ཞིག་བཀབ་ཅིང་། ཆང་བཙགས་སྣོད་སྟེང་ད་དུང་ལྕགས་ཀྱི་སླ་ང་ཆེ་བ་ཞིག་བཞག་འདུག སླ་ངའི་ནང་ཆུས་བཀང་ཞིང་དཀར་མདོག་གི་རླངས་བ་རྣམས་ཆུའི་སྟེང་ཁྱབ་འདུག

    ཞོགས་པར་མེས་དགོད་སྒྲ་གྲགས་པ་ཡང་ཁག་མི་འདུག ངོ་མ་མགྲོན་པོ་གལ་ཆེན་ཞིག་བསླེབས་བྱུང་། བུད་མེད་ཅིག་གི་སྐད་གྲགས་བྱུང་། ཡ་ཅིས་ད་གཟོད་ཐབ་འགྲམ་དུ་སྨྱུག་གདན་བཏིངས་ནས་གོས་འཁྲུ་བྱེད་ས་ཞིག་བཟོས་པ་དེར་བུད་མེད་ཅིག་རྐུབ་བཀྱགས་ཆུང་ཆུང་སྟེང་བསྡད་དེ་ཤིང་གཞོང་ཆེན་པོའི་ནང་གི་གོན་པ་བཀྲུ་བཞིན་པ་མཐོང་བྱུང་། བུད་མེད་དེས་ཆང་བཙོ་དུས་རླངས་པ་མང་པོ་འཕྱུར་བས་གནམ་ངོ་གྲང་དུས་གོན་པ་བཀྲུས་ན་འཚམ་ཟེར།

    ཁང་བའི་ནང་གི་འོད་མག་མོག་ཡིན་པས་རྐྱེན་ཡིན་ནམ་མི་ཤེས་མོད། བུད་མེད་དེའི་གདོང་ཅུང་ནག ཡ་ཅིར་སྤྲད་པའི་བག་ཆགས་དང་པོ་ནི་ཁོས་ཁོ་མོ་ནད་ཕོག་ཡོད་སྙམ། ཡིན་ནའང་ཁོ་མོ་ཡར་ལངས་ནས་བཀྲུས་ཚར་བའི་གོན་པ་ཤིང་གཞོང་ཆེན་པོ་གང་པང་ནས་གོམ་ཞེང་ཆེན་པོས་ཕྱིར་སོང་བ་དང་། ཅང་མ་འགོར་བར་ཕྲག་པར་རྒྱ་མ་བརྒྱ་ལྷག་ཡོད་པའི་ཆ་མ་ཁུར་བོ་ཞིག་ཁུར་ནས་བསླེབས་བྱུང་། ཁོ་མོས་བདེ་ལྷོད་ངང་ཆ་མ་དག་ཐབ་འགྲམ་དུ་བཞག་པ་དང་དབུགས་ཀྱང་ཧལ་མ་བྱུང་བས། ཡ་ཅིས་ད་གཟོད་བུད་མེད་འདི་ཧ་ཅང་བདེ་ཐང་ཡིན་པ་ཤེས་བྱུང་། བུད་མེད་དེས་ལུས་པོ་མར་བསྒུར་ནས་ཆ་མ་མར་ཕོག་དུས་སྐུད་ལྭའི་ནང་གི་བྲང་མདུན་གྱི་དངོས་བོ་དེ་ཕྱིར་འབུར་ཏེ་འགུལ་བྱུང་ལ། དེའི་ནང་འདུག་བཟོད་བྲལ་བའི་རི་བོང་ཆ་གཅིག་སྦས་པ་དང་ཀུན་ནས་མཚུངས་ཞིང་། ལྟིག་ལྟིག་ངང་ཕར་ཚུར་རྡུང་ནས་མཚམས་མི་འཇོག

    བུད་མེད་དེ་ཡར་ལངས་ནས་ཁོར་བལྟས་ཏེ་འཛུམ་ཙམ་བྱེད། སྔོན་ཆད་ནས་ངོ་ཤེས་པ་བཞིན་ཁོར་རྐུབ་སྟེགས་ཤིག་སྤྲད་ནས་ཐབ་འགྲམ་དུ་བསྡད་བཅུག་སྟེ་ཁྱོད་ངའི་ཨ་ཕ་བཙལ་དུ་འོངས་བ་ཡིན་ནམ་ཟེར།

    ཡ་ཅིས་ཁྱོའི་ཨ་ཕ་སུ་ཡིན་ཟེར།

    བུད་མེད་དེས་ཁྱོད་འདིར་འོངས་ཀྱང་ཁོ་སུ་ཡིན་མི་ཤེས་སམ། ཁྱོད་ཁོ་འཚོལ་དུ་འོངས་བ་མ་ཡིན་ནམ་ཟེར།

    ཡ་ཅིས་དེ་ན་ཁྱོས་ངས་ཁོ་འཚོལ་བ་ཇི་ལྟར་ཤེས་སམ་ཟེར། ཁོས་ཚོད་དཔག་བྱས་ན་ཁོ་མོའི་ལོ་ཚོད་རང་ཉིད་ལ་ཧ་ཅང་ཆེ།

    བུད་མེད་དེ་ཧེ་ཧེ་ཞེས་དགོད་བཞིན་ངེད་ཚང་ལ་ཡོང་མཁན་ཕལ་ཆེ་བ་ཨ་ཕ་འཚོལ་དུ་ཡོང་བ་རེད་ཟེར།

    བུད་མེད་དེས་ཐབ་ཀའི་གཡས་འགྲམ་གྱི་རྫ་མའི་སྟེང་གི་ལག་ཕྱིས་བླངས་བ་ན། རྫ་མ་དེ་ལས་རི་མགོའི་ཆུ་མིག་ཆུ་རྫིང་དུ་འབབ་དུས་སུ་ཕྱུང་བའི་གླུ་སྒྲ་ལྟ་བུ་ཞིག་ལམ་སེང་མཆེད་འོངས། བུད་མེད་དེས་ལག་པར་བཟུང་བའི་ཤེལ་ཕོར་དེ་གླུ་སྒྲའི་གཏིང་སར་སོང་ནས་ཆུ་གང་གཅུས། ཕྱིར་བླངས་དུས་ཤེལ་ཕོར་གྱི་ཁར་དཀར་མདོག་གི་ཚ་རླབས་ཅིག་འཕྱུར་གྱིན་འདུག

    བུད་མེད་དེས་ལག་གཉིས་ཀས་ཤེལ་ཕོར་བཟུང་ནས་ཡ་ཅིའི་མདུན་དུ་གཏད་དེ་ཆུ་གང་འཐུང་དང་ཟེར།

    ཨ་མ་ཚེ་ཐོགས་ན་ཡོད་དུས་ཀྱང་རྟག་པར་འདི་ལྟར་ཆང་རྫ་ལས་འབྲས་ཆང་གང་གཅུས་ཏེ་སྐབས་འགར་བསླེབས་པའི་མགྲོན་པོར་ཕུལ་ལ། སྐད་ཆ་ཡང་འདི་བཤད་པ་ཡིན། དེ་ལྟར་བསམ་བཞིན་ཡ་ཅི་ཡུད་ཙམ་ལ་དྲན་པ་མི་གསལ་བར་གྱུར།

    བུད་མེད་དེས་ཁྱོས་ཆང་འཐུང་གི་ཨེ་ཡོད་ཟེར། ཁོ་མོ་ཁོའི་གཡས་འགྲམ་གྱི་མདུན་དུ་ལངས་འདུག་པས། ཁོས་མགོ་བོ་ཡར་བཀྱགས་པ་དང་ཁོ་མོའི་བྲང་ཁ་ཆེན་པོ་དེ་འགུལ་ཙམ་འགུལ་ཙམ་བྱེད་པ་མཐོང་བས། ཁོས་དབང་མེད་དུ་མཆིལ་མ་ཁམ་གང་མིད་པ་དང་སྒོག་སྒྲ་ཆེན་པོ་ཞིག་གྲགས་སོང་། སྒྲ་དེས་ཁོ་རང་ཉིད་ཀྱང་སྐྲག་དུ་བཅུག གདོང་ནི་མེ་འབར་བ་ལྟར་ཚ་ལམ་ལམ་བྱེད་ཅིང་། ཁོ་ནི་ཤིང་དུམ་གཅིག་དང་འདྲ་བར་ཁ་ནས་ཚིག་གཅིག་མ་ཐོན།

    བུད་མེད་དེ་སླར་ཡང་བགད་བྱུང་ཡང་སྐད་ཕྱིར་མ་ཕྱུངས། ཁོ་མོས་ངས་ཁྱོད་ཆང་གི་བྲོ་བ་ཅིག་མྱངས་སུ་བཅུག་སྟེ་ད་དུང་ཆུ་སླ་ང་ག་ཚོད་བཙོ་དགོས་པ་ལྟ་འདོད་པ་ཡིན་ཟེར།

    ཡ་ཅིས་མགྱོགས་པོ་ངས་འཐུང་གི་ཡོད་ཟེར་བཞིན་ཡར་ལངས་ཏེ། ལག་གཉིས་ཀྱིས་ཆང་དཀར་དེ་ཚུར་བླངས། ཡིན་ནའང་ཅང་མ་འགོར་བར་ཁོས་ཨ་ཡོ་ཞེས་སྐད་ཅིག་ཕྱུངས་སོང་། བུད་མེད་དེས་ཁྱོད་ལ་ཅི་བྱུང་སོང་ངམ་ཟེར། ཡ་ཅིས་ང་ད་ཅི་སེམས་ཆུང་མ་བྱས་པར་ཐང་ལ་བརྡབ་པས་འཕྲུལ་ཆས་ཀྱིས་ཉྭ་རིས་འཚིག་རྨས་བཏང་བྱུང་ཟེར། བུད་མེད་དེས་ཚབས་ཆེའམ་ཟེར། ཡ་ཅིས་སྐྱོན་མི་འདུག སྟབས་ལེགས་སྟེ་གསར་བུ་ཞིག་གིས་རོགས་བྱས་བྱུང་། དེ་མིན་ཚེ་རྨ་ཆེན་པོ་ཕོག་ངེས། ཁོས་ང་ལ་ཁོའི་སྤོ་ལགས་འཚོལ་དང་ཁོར་ཐབས་བཀོད་ཡོད་ཟེར། བུད་མེད་དེས་ཁོའི་མིང་ལ་ཅི་ཟེར་ཞེས་དྲིས། ཡ་ཅིས་ངས་མི་ཤེས་ཟེར། བུད་མེད་དེས་ངེད་ཚང་གི་ཡ་པོ་ཡིན་པ་ཐག་གིས་ཆོད། ཁོ་ཆུ་བོ་སྲང་ལམ་དུ་ཆང་བསྙལ་བྱེད་ཀྱི་འབྲས་ཉོ་རོགས་སུ་ཕྱིན་སོང་ཟེར། ངའི་ཨ་ཕ་ཐེན་ཁྲུང་ཡོན་ཏུ་མེ་ཏོག་གི་ཟམ་པ་འཛུགས(ནར་མ་སོན་པའི་མིར་སྐྱབས་འཇུག་ཞུ་བའི་ཆོས་ལུགས་ཀྱི་ཆོ་ག་ཞིག)་ཏུ་བུད་སོང་། འོ། ངས་ཀྱང་ཁྱོད་ལ་རོགས་བྱེད་ཐུབ། ཐོག་མར་མར་བསྡད་ནས་ངའི་ཆང་འདི་ག་འདྲ་འདུག་བལྟ་རོགས་ཟེར།

    ཡ་ཅི་རང་ཉིད་ཀྱིས་ཀྱང་ཅིའི་ཕྱིར་མོའི་ཁ་ལ་ཉན་དགོས་དོན་མི་ཤེས་བཞིན་ག་ལེར་མར་བསྡད་པ་དང་ཆང་ཧུབ་གང་འཐུང་། ཨ་ཕས་བསྙལ་བའི་ཆང་ལྟར་ཆང་དྲི་དྭངས་ཤིང་ཁ་ལ་ཞིམ། བུད་མེད་དེས་ག་འདྲ་འདུག་ཟེར། ཡ་ཅིས་ཆང་ཡག་པོ་འདུག ངོ་མ་ཡག་པོ་འདུག གལ་ཏེ་བཙོང་ཡ་ཡིན་ན་ད་དུང་ཆུ་སླ་ང་གཉིས་བཙོས་ཆོག རང་གི་བཏུང་ཡ་ཡིན་ན་ཆུ་སླ་ང་གསུམ་བཙོས་ནས་ད་དུང་སླ་བོ་བཟོས་ཆོག་ཟེར། བུད་མེད་དེས་ཆང་འདི་བཙོང་ཡ་ཡིན། ཁྱོས་ཆང་བསྙལ་ཤེས་སམ་ཟེར། ཡ་ཅིས་ངས་མི་ཤེས། ངའི་ཨ་ཕས་ཤེས་ཟེར་བཞིན་ཁོའི་གདོང་དམར་རྐྱང་དུ་ཆགས། ཡིན་ནའང་རྒྱུན་དུ་ཁོས་ཆང་འཐུང་དུས་གདོང་དམར་པོ་ཆགས་མྱོང་མེད།

    བུད་མེད་དེས་ཁོར་དོར་ཁ་ཡར་བརྫེས་སུ་བཅུག ཁོ་མོས་གདོང་གི་འཛུམ་མདངས་བསྡུས་ནས་མར་ཙོག་སྟེ་མིག་གཉིས་བཙུམ་པ་དང་ཁ་ནས་ཅི་ཞིག་འདོན་བཞིན་རྨ་ཁའི་མདུན་དུ་ཕྱག་རྒྱ་སྣ་ཚོགས་བྱེད། ཡ་ཅིས་དེ་ནི་ཁོ་མོས་མཚོན་རྟགས་འབྲི་བ་ཧ་གོ་བྱུང་། ཁོ་མོས་འདོན་པ་དང་འབྲི་བ་གཉིས་ཀ་ཚར་རྗེས། སྦལ་བ་ནང་བཞིན་འགྲམ་པ་གཉིས་ཀ་སྤགས་སུ་བཅུག་ནས་ཁོའི་རྨ་ཁར་གཏད་དེ་ཕུ་ཞིག་བརྒྱབ་པ་ན། ཡ་ཅིས་སྣང་བ་བསིལ་མོ་ཞིག་རྨ་ཁ་བརྒྱུད་ནས་སྙིང་དབུས་སུ་ཐོན་པ་དང་ལུས་ཡོངས་ལ་ཁྱབ་པའི་ཚོར་བ་བྱུང་ལ། དེ་ནི་དབྱར་ཁར་རི་མགོའི་ཆུ་མིག་དུ་འཛུལ་བ་ལྟ་བུ་ཞིག་ཡིན་པ་དང་། རྨ་ཁའི་མེ་འབར་བ་ལྟར་གྱི་ན་ཟུག་དེ་ཡང་གར་སོང་ཆ་མེད་དུ་གྱུར། ཡ་ཅིས་འདི་ནི་ངའི་ཨ་ཞང་གིས་བཤད་པའི་ཆུ་འཁྱག་གི་བཅོས་ཐབས་དེ་ཨེ་རེད་ཟེར། བུད་མེད་དེས་རེད་ལགས། ངའི་ཨ་ཕས་ང་ལ་བསླབས་པ་ཡིན། ཏོག་ཙམ་ནས་ངས་ཁྱོད་ཇ་སྣུམ་བྱུག་རོགས་བྱེད། ཉིན་འགའ་འགོར་རྗེས་རྨ་ཁ་སོས་ངེས་ཡིན་ལ། ཁྱོད་ལ་ཡང་བསྐྱར་ན་ཟུག་བསྐྱེད་མི་སྲིད་པ་ངས་ཁག་ཐེག་བྱེད་ཟེར།

    བུད་མེད་དེས་ལུས་པོ་མར་བསྒུར་ནས་ཡ་ཅིའི་རྨ་ཁར་ཇ་སྣུམ་བྱུག་དུས། དྲི་ཞིམ་ཁྱད་པར་བ་ཞིག་དང་ཇ་སྣུམ་གྱི་དྲི་གཉིས་མཉམ་དུ་འདྲེས་ཏེ་ཁོའི་སྣ་ལམ་དུ་འཐུལ་འོངས། དྲི་ཞིམ་དེས་ཁོ་རང་ཟ་རི་ཟི་རིར་བཏང་ཞིང་ཡིད་ལ་མི་དྲན་དགུ་དྲན་འཁོར། ཁོས་དྲི་ཞིམ་འདི་ནི་ཡག་རྒྱུ་མེད་པའི་བུད་མེད་འདིའི་ལུས་སྟེང་ནས་མཆེད་འོངས་བ་ཤེས། སྲིང་མོ་ལི་ཁྱིམ་ན་ཡོད་དུས་ཀྱང་ལུས་ནས་དྲི་ཞིམ་འདི་མཆེད་ཡོང་། ཡིན་ནའང་བུད་མེད་འདིའི་དྲི་ཞིམ་དང་དེ་ཙམ་མི་འདྲ།

    ཇ་སྣུམ་རྒྱགས་ཚད་འཇིབ་པའི་བལ་ཐུར་དེ་ཡང་ཞིང་འཇམ་པའི་ངང་རྨ་ཁར་འཕུར་འཕུར་བྱས་པ་ན་བསིལ་ཞིང་སོབ། ཡ་ཅིས་དུས་ཡུན་རིང་བོ་ཞིག་ལ་བུད་མེད་ཀྱི་དྲོད་ཁོལ་འཛོམས་པའི་བདག་སྐྱོང་འདི་ལྟ་བུ་ལོངས་སུ་སྤྱད་མྱོང་མེད། མིག་མདུན་གྱི་བུད་མེད་འདི་ལུས་སྟོབས་ཆེ་ཡང་སྐེད་པ་ཕྲ་ལ་འཕོང་ཚོས་ཆེ་ཞིང་རྒྱགས། ཡ་ཅིས་ཁོ་མོའི་ལྷུག་ལྷུག་ཏུ་འགུལ་བའི་ལུས་ནང་དུ་རི་དྭགས་མ་རབས་ཆུང་ཆུང་ཞིག་བཅུག་ཡོད་པ་འདྲ་བ་ཞིག་མཐོང་བྱུང་། ད་ཅི་ཆང་ཚ་པོ་གང་འཐུང་བའི་རྒྱུ་མཚན་ཡིན་པ་མི་ཤེས་མོད། ལོ་མང་འགུལ་མེད་དུ་གནས་པའི་ཁོའི་འོག་གི་དེར་འགྱུར་བ་བྱུང་ཞིང་ཧུང་སྒྲ་དང་བཅས་མེ་ཕུང་ཞིག་སྦར་བ་ལྟར་གྱུར་སོང་། ཁོས་རྟབ་རྟབ་པོར་མིག་མདངས་བུད་མེད་དེའི་ལུས་ནས་ཕར་ལ་བསྐོར། ཁ་གཏད་ཀྱི་གྱང་འགྲམ་དུ་རྫ་མ་བཅུ་ལྷག་དང་འགྱིག་གི་ཆང་སྣོད་བདུན་བརྒྱད་ཙམ་བསྒྲིགས་འདུག

    ཡ་ཅིས་ཁྱོད་ནི་འབྲས་ཆང་འཚོང་མཁན་བུད་མེད་དེ་ཡིན་ནམ་ཟེར།

    བུད་མེད་དེས་ཡིན་ལགས། ང་འདི་ལས་ངན་ཞིག་ཡིན། རྒྱབ་རྟེན་བྱེད་སའི་སྐྱེས་པ་མེད་པས་རང་ཉིད་ཀྱིས་ཐབས་བཀོད་འཐེན་ནས་དངུལ་བསགས་ཏེ། གཅིག་པུས་བུ་ཕྲུག་སྐྱོང་བཞིན་ཡོད། ཁོ་སློབ་གྲྭར་བསྐྱལ་མ་ཐུབ་རུང་ཁོ་ལག་ཆགས་སུ་བཅུག་ཡོད་ཟེར།

    ཡ་ཅིས་ཁྱོའི་སྐྱེས་པ་གང་ན་ཡོད་ཟེར།

    བུད་མེད་དེས་ཁོ་བྲོས་ཏེ་ལོ་བཅུ་ཁ་འགོར་སོང་། ངས་ཀྱང་ཁོ་གླེང་ན་མི་འདོད། དང་ཐོག་ངེད་གཉིས་ཕན་ཚུན་ལ་དགའ་བོ་མེད་ཅིང་། ངའི་ནུ་བོ་ལོ་ཆུང་བས་ཁོ་མག་པར་བསུས་པ་རེད། ཁོ་མ་བྲོས་ཀྱང་གོ་ཅི་ཡང་མི་ཆོད། རང་གི་བུད་མེད་དང་ཕྲུ་གུ་ཡང་གསོ་མི་ཐུབ་པའི་མི་སྒྱུད་ལུག་ཅིག་ཡིན། བུ་ཕྲུག་སྐྱེས་ནས་ཅང་མ་འགོར་བར་ཁོ་སྐར་མ་ཆ་ལྡན་རི་བོར་སོང་། རྗེས་སུ་གོ་ཐོས་ལྟར་ན་ཁོས་ཞོར་ལས་བྱེད་ཀྱིན་འདུག་ཟེར་ཡང་། ཁོས་རང་གི་ཕ་མར་དངུལ་སྐར་མ་གང་ཡང་སྐུར་མ་མྱོང་། ཁོའི་ཁྱིམ་མིས་ཀྱང་ལོ་ལྔ་དྲུག་ཙམ་བཙལ་ཀྱང་མ་རྙེད་ཟེར། སྐད་ཆ་བཤད་པའི་བར་གླགས་ནས་བུད་དེས་ཁོའི་རྨ་ཁར་ཇ་སྣུམ་བྱུག་ཚར་འདུག ཁོ་མོས་ད་དེ་མི་གླེང་བར་བྱ། ཁྱོའི་རྨ་ཁ་ལམ་སེང་སོས་ངེས་ཡིན་ཟེར།

    ཡ་ཅིས་ཁྱོའི་མིང་ལ་ཅི་ཟེར་ཞེས་དྲིས།

    བུད་མེད་དེས་སྲིང་མོ་ཀིན་ཟེར།

    སྲིང་མོ་ཀིན་ཡར་ལངས་དུས་བསམ་གཟས་ཡིན་མིན་མི་ཤེས་རུང་བྲང་ཁས་གློ་བུར་དུ་ཡ་ཅིའི་མགོ་བོར་ཐུག་ཙམ་བྱས། ཡ་ཅིའི་སྣང་བར་རྒྱགས་ཅིང་ཆེ་བའི་ནུ་མ་དེ་གཉིས་གློག་འདོན་འཕྲུལ་ཆས་སུ་གྱུར་ཅིང་། སྐད་ཅིག་ཉིད་དུ་ཁོ་བོར་གློག་བརྒྱབ་ཏེ་བཟི་རུ་བཅུག་ལ། ཀླད་པའི་ནང་དུ་འབྲུག་སྒྲ་ལྡིར་བ་ལྟ་བུའི་སྒྲ་ཆེན་ཅིག་གྲགས་ཅིང་མི་ཧྲིལ་བོ་འབར་བཞིན་པའི་བུད་ཤིང་ལྟ་བུ་ཞིག་ཏུ་བཟོས་སོང་། ཁོས་མྱུར་དུ་ཡར་ལངས་ནས་ཁོ་མོ་པང་པར་བཏབ། སྲིང་མོ་ཀིན་ཡང་ལྐུགས་པ་ནང་བཞིན་ཧད་དེ། ཁོས་ཅི་བྱེད་ལ་ཁ་ཡ་མ་བྱས། གཉིས་ཀ་ས་ཞིང་རྨོས་ཏེ་ཐང་ཆད་ནས་དབུགས་ཧལ་བཞིན་པའི་གླང་རྒན་ལྟ་བུར་གྱུར་རག་བར་དུ་ཁོས་ཁོ་མོ་ཤུགས་ཀྱིས་པང་པར་བཏབ། ཁོས་སྒུག་དབང་མེད་པའི་སྒོ་ནས་རླུང་གིས་སྒུལ་བའི་སྡོང་ལོ་གཉིས་ལྟ་བུའི་ཁོ་མོའི་ཁ་ཤ་གཉིས་ཀ་ཁ་ནང་དུ་བཟུང་། ཁོ་མོས་ཁོ་བོའི་འདོད་པ་བསྐང་བས། ཁོ་གཉིས་འདྲེ་ལྟོགས་གཉིས་སུ་གྱུར་ཅིང་། མི་རབས་གསུམ་ལ་ཟ་མ་མ་ཟོས་ཤིང་ཆང་མ་རག་པ་ལྟར། ཕན་ཚུན་གྱི་ཁ་ཤ་དང་ལྕེ་དེ་ཆེས་ཞིམ་པའི་ཟས་དང་། ཕན་ཚུན་གྱི་མཆིལ་མ་དེ་ཆེས་ཞིམ་པའི་བདུད་རྩིར་བྱས།

    སླ་ངའི་ནང་གི་ཆུས་དུས་མིན་ནང་བསམ་འཆར་བཏོན་བྱུང་སྟེ་ཕྱིར་ཕྱུངས་བའི་སྒྲ་དེ་ཇེ་ཆེ་ནས་ཇེ་ཆེར་རེད། དེ་ཅུང་སྒྲུབ་དཀའ་བ་ཞིག་ཡིན་མོད། སྲིང་མོ་ཀིན་གྱིས་ཡ་ཅི་ཕུད་རྒྱག་བྱས། ཁོ་མོས་ཆུ་གྲང་མོ་བརྗེ་དགོས་འདུག དེ་ལྟར་མ་བྱས་ན་ཆང་སླ་ང་གང་བོ་འདི་ཆུ་རུ་གྱུར་ངེས་ཟེར། དམར་ནག་གི་གདོང་དེ་ནི་མེ་ལྕེས་ཐང་ཁུང་ལ་ལྡག་པ་དང་མཚུངས།

    ཡ་ཅི་ཡང་བསྐྱར་རྐུབ་སྟེགས་ཆུང་ངུར་བསྡད་དེ་མགོ་བོ་མར་བསྒུར་བ་དང་ཁོ་མོར་བལྟ་མི་ཕོད་ལ། ཁོ་མོས་ཆུ་གཅུས་རྗེས་གཞོང་བའི་ནང་བླུགས་པའི་སྒྲ་ལས་ཅི་ཡང་མི་ཐོས།

    སྲིང་མོ་ཀིན་གྱིས་སླ་ངའི་ནང་དུ་ཆུ་འཁྱག་ལྡུག་ཞོར་ལ་གལ་ཏེ་ཁྱོད་ནི་བུད་མེད་ཡོད་མཁན་ཞིག་ཡིན་ན། ངའི་ས་ནས་ཁེ་བཟང་རག་པར་བསམ་བློ་མ་གཏོང་ཟེར།

    ཡ་ཅིའི་གདོང་དམར་རྐྱང་དུ་ཆགས་ཏེ་ལམ་སེང་ང་ལ་བུད་མེད་མེད་པར་ལོ་ལྔ་འགོར་སོང་ཞེས་འགྲེལ་བཤད་བརྒྱབ།

    སྲིང་མོ་ཀིན་གྱིས་ང་ལ་མགོ་སྐོར་མ་གཏོང་དང་། ཁྱོའི་བུད་མེད་གང་ན་ཡོད་ཟེར།

    ཡ་ཅིས་ངས་ཁྱོར་མགོ་སྐོར་བཏང་མེད། ངས་མི་ལ་མགོ་སྐོར་བཏང་མྱོང་མེད། ངས་བུད་མེད་དེ་བྲོས་སོང་ཟེར།

    སྲིང་མོ་ཀིན་གྱིས་གང་དུ་བྲོས་སོང་ཟེར།

    ཡ་ཅིས་ཐག་རིང་ཡང་རིང་ལ་ཐུང་ཡང་ཐུང་། ཐོག་མར་ལམ་འགྲམ་གྱི་ཟ་ཁང་ནས་ཞབས་ཞུ་མ་བྱས་པ་དང་། དེའི་རྗེས་ཧོ་ཅེ་གྲོང་བརྡལ་གྱི་བདེ་སྐྱིད་ཐོག་ཁང་གི་མགྲོན་ཁང་དུ་ལས་ཀ་བྱས། མཇུག་མཐར་པུའུ་ཁྲིན་དུ་འཕུར་མཉེད་བྱེད་དུ་ཕྱིན། མི་ལ་བཤད་ན་ངོ་མ་ངོ་ཚ་ནི་ཞིག་རེད། ངས་བསམ་ན་པིན་ཁྲུང་དང་ལྷ་ཡུལ་ས་ཆ་ནས་མི་མང་ཆེ་བས་ཁོ་མོ་ངོ་ཤེས་སྲིད་ཟེར།

    སྲིང་མོ་ཀིན་གྱིས་བསམ་བློ་ཞིག་གཏོང་བཟོ་བཏོན་ནས། འོ། ཁོ་མོའི་མིང་ལ་ཅི་ཟེར། མཛེས་མ་ཞིག་ཡིན་པ་ཐག་གིས་ཆོད་ཟེར།

    ཡ་ཅིས་སྲིང་མོ་ལི་ཟེར་ཞེས་བཤད།

    སྲིང་མོ་ཀིན་གྱིས་འོ། མ་གཞི་ཁོ་མོ་རེད་འདུག སྔོན་ཆད་གྲོང་བརྡལ་ཡུས་སུ་འགྲོ་དུས་མཐོང་མྱོང་ཡོད། འོན་ཀྱང་ཁོ་མོས་ང་ཚོ་ལྷ་ཡུལ་གྱི་མི་རྣམས་ངོ་མི་ཤེས་མདོག་བྱེད། ཁོ་མོ་ངོ་མ་མཛེས་མ་ཞིག་རེད་ཟེར།

    ཡ་ཅིས་གལ་ཏེ་འདི་ལྟ་བུ་ཞིག་ཡིན་ན་ཡག་མོ་སྒོས་གོ་ཅི་ཆོད་དམ། ཇི་ལྟར་ཡག་ན་སྐྱེས་པ་དེ་ལྟར་མང་པོ་འཁོར་སྲིད་ལ། ཁོ་མོ་ཡང་དེ་ལྟར་ངའི་བུད་མེད་མིན། དེའི་ཕྱིར་ངས་ཁོ་མོ་མཛེས་མ་མིན་ན་ཅི་མ་རུང་བསམ་ཡོད་ཟེར།

    སྲིང་མོ་ཀིན་གྱིས་ཨིན་ཨིན་ཞེས་ལན་འདེབས་ཞོར་དུ་ཆུ་བརྗེས་ཚར་བ་དང་ཡ་ཅིའི་འགྲམ་དུ་བསྡད་དེ། ཚང་མ་འདས་ཟིན་པ་རེད། དེར་ཁ་ཡ་མ་བྱེད། ཁྱོས་ངའི་ཨ་ཕ་འཚོལ་དོན་ཅི་ཡིན་ཟེར།

    ཡ་ཅིས་རྒྱབ་ཁུག་ནང་ནས་དངོས་པོ་རིགས་འདྲ་གསུམ་བླངས། དེ་ནི་སྨྱུག་མས་ལོ་མའི་ཁུག་ཏུ་གཅུད་པའི་ཚྭ་ཁུ་དང་། དེའི་ཐོག་ཤོག་དམར་རིམ་པ་གཅིག་གིས་བཏུམ་རྗེས་སྐུད་པ་དམར་པོས་བསྡམས་འདུག སྲིང་མོ་ཀིན་གྱིས་དེ་དག་མཐོང་བ་དང་ལམ་སེང་ཧ་གོ་བྱུང་། དེ་ནི་བཏང་རག་འབུལ་དུས་སློབ་དཔོན་གསུམ་ཀ་གདན་འདྲེན་ཞུ་བར་བཀོལ་དགོས། མིང་ལ་ཙོང་ཧྲ་ཞི་ཞིན།(粽沙细信)ཟེར། ད་བྱེད་ན་ཁྱེད་ཚང་གིས་བཏང་རག་འབུལ་དགོས་པ་ཨེ་རེད་ཟེར། ཡ་ཅིས་རེད་ཟེར། སྲིང་མོ་ཀིན་གྱིས་ཅི་བྱུང་སོང་ཟེར། ཡ་ཅིས་ཁྱོས་ཤེས་པ་མིན་ནམ། མེས་པོ་རྣམས་ཀྱིས་གོང་མ་ཕན་ལ་ཕུལ་བའི་བཏང་རག མི་རབས་ཚང་མར་ཕུལ་དགོས་པ་མ་ཡིན་ནམ་ཟེར། སྲིང་མོ་ཀིན་གྱིས་ངས་ལོས་ཤེས། འོན་ཀྱང་ད་ལྟ་མི་ཚང་མས་ཕུལ་གྱིན་མི་འདུག ཁྱོད་ཚང་ལ་དོན་དག་ཅི་བྱུང་སོང་། སུའི་ཆེད་དུ་འབུལ་དགོས་ཟེར།

    ཡ་ཅིས་ན་ནིང་ཇ་འབྲུ་བཏོག་ཚར་རྗེས་ངའི་ཨ་ཕར་གྲིབ་ནད་བྱུང་། ཨ་ཞང་གིས་ཁོར་སྐྱབས་འཇུག་ཞུས་པ་ཡིན།

    སྲིང་མོ་ཀིན་གྱིས་འོ། དེ་ན་ད་ལྟ་གང་འདྲ་འདུག་ཟེར།

    ཡ་ཅིས་ཇེ་ལེགས་སུ་ཕྱིན་འདུག རང་གིས་འཁར་བ་ཁེན་ནས་འགྲོ་ཐུབ་ཟེར།

    སྲིང་མོ་ཀིན་གྱིས་དེ་ན་བཟང་གི ཁོར་བདག་སྐྱོང་ཡག་པོ་བྱོས་ཟེར།

    ཡང་ཆུ་འཁྱག་སླ་ང་གཉིས་བརྗེས་པས་འབྲས་ཆང་བཙོས་ཚར་སོང་།

    སྲིང་མོ་ཀིན་གྱིས་དྲོས་ཇ་སྐོལ་འགོ་བརྩམས། ཁོ་མོ་ཚོད་རྭར་སོང་ནས་སྒོག་པ་བཏོག་པ་དང་། ཐབ་ཀའི་ཀླད་དུ་བཏགས་པའི་ཕག་ཤ་བསྙལ་མ་མར་བླངས་ཏེ་སྐམ་ཐག་མ་ཆོད་པའི་ལེབ་མོ་ཞིག་ཡག་པོར་གཏུབ་རྗེས་སྒོག་པ་དང་མཉམ་དུ་བརྔོས་ཏེ་སྡེར་མའི་ནང་གང་བླུགས་ཏེ་ཚོམས་ཁང་གི་ཟས་ཅོག་སྟེང་བཞག ཁོ་མོས་རང་ཉིད་དང་ཡ་ཅིར་འབྲས་ཆང་དཀར་ཡོལ་གང་རེ་བླུགས་ཏེ། ཨ་ཕ་ཁྱིམ་ན་མེད་པས་ངས་ཁྱོར་ཆང་འཐུང་རོགས་བྱེད་ཟེར། ཡ་ཅིས་བཟང་གི ཡུན་རིང་བོ་ཞིག་ལ་བུད་མེད་དང་མཉམ་དུ་ཆང་འཐུང་མྱོང་མེད་ཟེར། ཆང་ནི་ད་སོ་མ་བཙོས་བ་ཡིན་པས་ཚ་པོ་རེད་འདུག དྲོད་ཚད་དེས་ཡ་ཅིར་རང་དབང་མེད་པར་དྲན་པའི་ཟབ་ས་རུ་གནས་པའི་སྲིང་མོ་ལིའི་ལུས་པོ་དྲོད་སོབ་སོབ་དེ་ཕྱིར་དྲན་བྱེད་དུ་བཅུག ཆང་ཚ་པོ་ཧུབ་འགའ་བཏུང་བས་ཡ་ཅིའི་ལུས་ཡོངས་ལ་དྲོད་རྒྱས་པའི་ཚོར་བ་སྐྱེས་ཤིང་། སྲིང་མོ་ཀིན་ལ་ལྟ་བའི་མིག་མདངས་ཇེ་མང་ནས་ཇེ་མང་དུ་གྱུར།

    སྒོའི་ཕྱི་རོལ་ནས་འཕྲུལ་རྟའི་སྒྲ་གྲགས་བྱུང་། དེ་ནི་སློབ་དཔོན་ཧོང་ཅིན་ཞིའུ་ལོག་པ་རེད། སྐྱེས་པ་འདི་གཟུགས་རིང་ཞིང་ཤ་ཅུང་རྒྱགས་ལ། གདོང་ལ་ཤས་ཁེངས་ཤིང་དམར་མདངས་ལྡན། ཡ་ཅིས་ཚོད་དཔག་བྱས་པ་ལྟར་ན་ཁོའི་ལོ་ཚོད་རང་གི་ཨ་ཕ་ལས་ཆེ་བས་ཕལ་ཆེར་བདུན་ཅུ་ཡས་མས་ཡིན་ཡང་། བལྟས་ཚོད་དུ་ལོ་ལྔ་བཅུ་ཙམ་ཡིན།

    སྲིང་མོ་ཀིན་གྱིས་ཨ་ཕ་ཁྱེད་རང་ལོག་ཕེབས་པས། དྲོས་ཇ་འཐུང་ངམ་ཟེར། ཧོང་ཅིན་ཞིའུ་གྱིས་ཟོས་མེད། ཁྱིམ་བདག་གིས་ང་ཇི་ལྟར་ནན་བྱས་རུང་དེར་མ་ཟོས། ངས་མཛུབ་རྩིས་ཤིག་བརྒྱབ་སྟེ་དེ་རིང་ཁྱིམ་དུ་མགྲོན་པོ་གལ་ཆེན་བསླེབས་པ་ཤེས་པས་ལོག་ཡོང་བ་ཡིན་ཟེར།

    ཡང་བསྐྱར་ཆང་དཀར་ཡོལ་གང་བཏུང་རྗེས། ཡ་ཅིས་སྲིང་མོ་ཀིན་ལ་ཙོང་ཧྲ་ཞི་ཞིན་གསུམ་ཀ་ཁྱེར་འོངས་དུ་བཅུག་ནས་རང་གི་ལག་པས་ཧོང་ཅིན་ཞིའུ་ལ་སྤྲད། ཧོང་ཅིན་ཞིའུ་ཡིས་ཁྱིམ་གྱི་གྲ་སྒྲིག་གི་གནས་ཚུལ་དྲིས་པ་དང་། ད་དུང་སྒྲུབ་དགོས་པའི་དོན་དག་རྣམས་མངག་རྗེས། དང་ལེན་བྱ་རྒྱུ་ཁས་ལེན་བྱས། ཁོས་བཤད་རྒྱུར་ཁྱོས་སེམས་བདེ་མོ་བྱོས་དང་། ཁྱོད་ཚོ་ཏན་ཁྲུང་ས་ཆར་ལོ་བཅུ་གྲངས་ཁ་ཤས་ལ་བཏང་རག་ཕུལ་མཁན་མ་བྱུང་། ད་ལྟ་གཞི་ནས་ཕུལ་མཁན་བྱུང་བས། ང་ཧ་ཅང་དགའ་པོ་བྱུང་། ཆང་འཐུང་ཚར་རྗེས་ངས་ཁྱོར་བཀྲ་ཤིས་པའི་ཉི་མ་ཅིག་འདེམས་ཟེར།

    ཚོམས་ཁང་དུ་འཕྲོས་འོངས་བའི་ཉི་འོད་སེར་པོར་གྱུར་འདུག ཡ་ཅིས་ད་འཕྱི་པོ་ཆགས་འདུག ངས་ཁྱོད་ཚང་ནས་ཁ་བརྡ་བྱས་བསྡད་ནས་དུས་ཚོད་ཀྱང་བརྗེད་འདུག་ཟེར།

    ཕ་བུ་གཉིས་ཀ་ཧ་ཧ་ཞེས་གད་མོ་དགོད་བཞིན་ཁོ་ཞག་འདུག་བྱེད་དུ་འཇུག་ཆེད་བཤད་རྒྱུར། ས་ལམ་སེང་རུབ་ངེས་ཡིན་པས་ལམ་ཁ་འགྲོ་ཁག་པོ་རེད། མཚན་མོ་འཕྲུལ་རྟ་ཞོན་ན་བདེ་འཇགས་མིན་ཟེར། འོན་ཀྱང་ཡ་ཅིས་ལོག་འགྲོ་བར་ཨུ་ཚུགས་མཐའ་སྐྱེལ་བྱས་པས། ཕ་བུ་གཉིས་ཀྱིས་ཁོ་སྒོ་ཁའི་བར་དུ་སྐྱེལ། ཁོའི་འཕྲུལ་རྟ་ཞོན་པའི་རྒྱབ་གཟུགས་དེ་ནགས་རིའི་དཀྱོགས་ས་ནས་གར་སོང་ཆ་མེད་དུ་གྱུར་དུས། སྲིང་མོ་ཀིན་ཤིང་དུམ་ཞིག་ཏུ་གྱུར་ཅིང་། ཁོ་མོའི་གདོང་ནག་པོ་དེ་ནི་འདམ་དམར་རིམ་པ་གཅིག་བྱུག་པ་དང་ཀུན་ནས་མཚུངས།

ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མི་དམངས་ཞིབ་དཔྱོད་ཁང་། སྙིང་མོ་སྐྱིད།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག