ཆུང་མས“ཁྱོད་ཀྱིས་དངུལ་ཁུག་གཉིས་ཀ་གཞན་པར་སྤྲོད་ཟེར་བ་ཅི་ཡིན”ཞེས་དྲིས་པས། སྐབས་དེར། མོའི་ཁྱོ་ག་ཁ་གདངས་ཤིང་མིག་བགྲད་དེ་ལུས། ཁོས་ནེ་ཙོར། “ད་ལྟ་དུས་ཚོད་ག་ཚོད་རེད”ཅེས་དྲིས།

    ནེ་ཙོས“ཐཱ་པ་ཉི་ནུའོ་ཡིས་དངུལ་ཁུག་གཉིས་རྒྱབ་ཏུ་ཁུར་ཏེ་འབྲོ་བཞིན་པའི་སྒང་རེད”ཅེས་ལན་བཏབ།

    ཐེངས་འདིར། མི་རྒོད་ཚ་གཟེར་གྱིས་རྗེས་སུ་སྙེག་ཐབས་མེད་པས་ཁྱིམ་དུ་ཐཱ་པ་ཉི་ནུའོ་ལ་ངན་སྨྲས་བརྗོད་བཞིན་མི་སྡོད་ཐབས་མེད་བྱུང་།

    ཡང་རྒྱལ་པོས་ཐཱ་པ་ཉི་ནུའོ་ལ་རླུང་ལྟར་མགྱོགས་པའི་རྒོད་མ་ཞིག་ཡོད་པ་དེ་བརྐུས་ཤོག་ཟེར་ནས་བཀའ་ཕབ།

    “དེ་ངས་བརྐུ་ག་ལ་ཐུབ་བམ། རྟ་རའི་སྒོར་ཟྭ་བརྒྱབ་ཡོད་པ་དང་། རྟའི་རྨེད་དང་མཐུར་མགོར་ཡང་ཁྲོ་རིལ་བཏགས་འདུག”ཅེས་ཞུས། ཡིན་ནའང་། ཁོས་ཡང་ཉིན་ཕྱེད་ཙམ་ལ་འདང་བརྒྱབ་སྟེ་འབིག་གཅིག་དང་སྲིང་བལ་ཁུག་ཆུང་གང་ཁྱེར་ཏེ་སོང་། ཁོས་འབིག་གིས་རྟ་རའི་གྱང་ངོགས་སུ་ཁུང་བུ་ཞིག་ཕུག་སྟེ་ནང་དུ་འཛུལ། དེ་ནས་ཡང་འབིག་གིས་རྒོད་མའི་ལྟོ་བར་གཅིག་བསྣུན་པས་རྒོད་མས་ཚ་གཟེར་གྱིས་འཕྲ་གཡུག་བྱས། མི་རྒོད་ཀྱིས་རྒོད་མའི་འཚེར་སྐད་ཐོས་ཏེ་ཆུང་མར་སྨྲས་པ། “སྙིང་རྗེ་བའི་རྒོད་མས་དོ་དགོང་འདི་འདྲས་འཚེར་སྐད་སྒྲོག་ཚུལ་ལ་མཉན་ན་གང་ཞིག་ནས་བདེ་བཞིན་མེད་པ་ཁོ་ཐག་རེད།”

    ཐཱ་པ་ཉི་ནུའོ་ཡིས་ཅུང་ཙམ་བསྒུགས་ནས་ཡང་བསྐྱར་རྒོད་མར་འབིག་གིས་བསྣུན། མི་རྒོད་ཀྱིས་རྒོད་མས་ཡང་དང་ཡང་དུ་འཕྲས་རྒྱག་པ་དང་འཚེར་སྐད་སྒྲོག་པ་ཐོས་པས་བཟོད་བསྲན་མ་ནུས་པར་རྟ་རའི་ནང་དུ་འོངས་ནས་རྒོད་མ་ཁྲིད་དེ་སྒོ་ཁར་བཏགས་རྗེས་ཕྱིར་ཉལ་དུ་སོང་། སྐབས་དེར་རྟ་རའི་མུན་སར་གབ་པའི་གྱང་གི་ཁུང་ནང་ནས་ཐཱ་པ་ཉི་ནུའོ་ཕྱིར་ཐོན་ཏེ་སྲིང་བལ་གྱིས་ཁྲོ་རིལ་དང་རྟ་རྨིག་བཏུམས་ནས་སྒྲ་མི་གྲགས་པར་བྱས། ཁོས་མཐུར་མདའ་བཀྲོལ་ཅིང་རྟར་བཞོན་ཏེ་བྲོས།

    མི་རིང་བར་མི་རྒོད་གཉིད་ལས་སད། ཁོ་ནམ་རྒྱུན་ནང་བཞིན་སྒེའུ་ཁུང་གི་ཟུར་དུ་ཡོང་ནས། “ནེ་ཙོ་ལ།ད་ལྟ་དུས་ཚོད་ག་ཚོད་རེད” ཅེས་དྲིས།

    ནེ་ཙོས། “ད་ལྟ་ནི་ཐཱ་པ་ཉི་ནུའོ་ཁྱོད་ཀྱི་རྒོད་་་་་་མར་བཞོན་ཏེ་འབྲོ་བཞིན་པའི་སྒང་རེད”ཅེས་ལན་བཏབ།

    མི་རྒོད་ཀྱིས་མ་གཞི་རྗེས་སུ་སྙེག་བསམ་ཡང་ཁོའི་རྒོད་མ་ཐཱ་པ་ཉི་ནུའོ་བཞོན་ཏེ་བྲོས་པས་སུ་ཞིག་གིས་རྟ་དེའི་རྗེས་སུ་སྙེག་ཐུབ།

    རྒྱལ་པོ་ཧ་ཅང་ཐུགས་དགྱེས་ཏེ་ན་རེ།“ ད་ལྟ། བདག་ལ་ནེ་ཙོ་དེ་དགོས།”

    “ཡིན་ཡང་རྒྱལ་པོ་ལགས། ནེ་ཙོས་སྐད་ཆ་བཤད་ཤེས་ཤིང་འབོད་སྐད་ཀྱང་གཏོང་ཤེས། བརྐུས་ན་སྟབས་བདེ་ཞིག་མ་རེད”ཅེས་ཞུས།

    རྒྱལ་པོས“ཐབས་བཀོད་འཐེན”ཞེས་བཀའ་ཕབ།

    ཐཱ་པ་ཉི་ནུའོ་ཡིས་བཀའ་དང་དུ་བླངས་ནས་ཀ་ར་དང་བག་མངར། ད་དུང་དབྱིབས་དང་རྣམ་པ་མི་འདྲ་བའི་ཟས་ཞིམ་པོ་འགའ་ལག་གཟེབ་ནང་དུ་བཞག་སྟེ་ལམ་ལ་ཆས།

    ཐཱ་པ་ཉི་ནུའོ་ཡིས། “ནེ་ཙོ། ངས་ཁྱོད་ལ་ཅི་ཞིག་ཁྱེར་ཡོང་ཡོད་པར་ལྟོས་དང་། གལ་ཏེ་ཁྱོད་ང་དང་མཉམ་དུ་ཡོང་ན་ཁྱོད་ཀྱིས་རྟག་པར་མངར་ཟས་དེ་ཚོ་བཟའ་ཆོག”ཟེར་ནས་བསླུ་བྲིད་བྱས། ནེ་ཙོས་མངར་ཟས་ཟོས་ཏེ་ན་རེ། “འགྲོ་འགྲོ། ང་ཁྱོད་དང་མཉམ་དུ་འགྲོ”ཞེས་ཐཱ་པ་ཉི་ནུའོ་ཡི་གཡོ་འོག་ཏུ་ཚུད། དེ་ལྟར་ཐཱ་པ་ཉི་ནུའོ་ཡིས་ཀ་ར་དང་བག་མངར་སོགས་བྱིན་ཏེ་ནེ་ཙོ་བསླུས་ནས་ཕོ་བྲང་དུ་ཁྲིད།

    ཅུང་ཙམ་འགོར་རྗེས། མི་རྒོད་ཀྱིས་སྒེའུ་ཁུང་ཁ་ནས། “ནེ་ཙོ།ད་ལྟ་དུས་ཚོད་ག་ཚོད་རེད”ཅེས་དྲིས་པ་ན། ལན་འདེབས་རྒྱུ་མ་བྱུང་། “ཝེ། ངས་བོས་པ་ཁྱོད་ཀྱིས་གོ་སོང་ངམ། ད་ལྟ་དུས་ཚོད་ག་ཚོད་རེད”ཅེས་བོས། འོན་ཀྱང་ཚུར་ལན་འདེབས་མཁན་མེད། “ཝ་ཡེ། ངས་བོས་པ་ཁྱོད་ཀྱིས་གོ་བྱུང་ངམ། ད་ལྟ་དུས་ཚོད་ག་ཚོད་རེད”ཅེས་ཟེར་ནས་བོས་ཀྱང་ད་དུང་ལན་མ་བཏབ། མི་རྒོད་ཕྱིར་བརྒྱུགས་ནས་བལྟས་ཚེ་ནེ་ཙོ་གར་སོང་རྗེས་མེད་དུ་གྱུར་པ་མཐོང་།

    ཐཱ་པ་ཉི་ནུའོ་ཡིས་ནེ་ཙོ་ཁྱེར་ཏེ་ཕོ་བྲང་ནང་དུ་སླེབས་དུས། ཕོ་བྲང་ནང་དུ་ཁོའི་ཆེད་དུ་དགའ་སྟོན་གྱི་རྟེན་འབྲེལ་གཟབ་རྒྱས་ཤིག་བཤམས་ཡོད། རྒྱལ་པོས་འཛུམ་མདངས་ཤིག་བསྟན་ནས། “ཁྱོད་ཀྱིས་་་་་རླབས་ཆེན་གྱི་བྱ་བ་མང་པོ་བསྒྲུབས་ཡོད་ཀྱང་། རྒྱལ་པོ་ན་རེ། “ད་ལྟ་ཆེས་མཇུག་མའི་བྱ་བ་ཞིག་བསྒྲུབ་རྒྱུ་ལྷག་ཡོད།”

    ཐཱ་པ་ཉི་ནུའོ་ཡིས། “རྒྱལ་པོ་ལགས། ད་འཁྱེར་ཡོང་རྒྱུའི་དངོས་པོ་གང་ཡང་མི་འདུག”ཅེས་ཞུས།

    “དེ་འདྲའི་སྐད་ཆ་བཤད་ལུགས་གང་ན་ཡོད།” རྒྱལ་པོ་ན་རེ། “ཆེས་གལ་ཆེ་བའི་བྱ་བ་དེ་ཁྱོད་ཀྱིས་ད་དུང་བསྒྲུབ་མེད། དེ་ནི་ཁྱོད་ཀྱིས་མི་རྒོད་དེ་འཛིན་རྒྱུ་དེ་ཡིན། ད་སོང་ནས་མི་རྒོད་དེ་གཟུང་ནས་ཤོག”

    “རྒྱལ་པོ་ལགས། ངས་ཚོད་ལྟ་ཞིག་བྱེད། འོན་ཀྱང་ང་ལ་སྟོད་སྒུར་གྱི་ཆ་འགེབ་ཐུབ་པའི་ལྭ་བ་ཞིག་དགོས་པར་མ་ཟད། ད་དུང་མཛེས་འཆོས་ཡག་པོ་ཞིག་བྱེད་དགོས”ཞེས་ཞུས།

    རྒྱལ་པོས་ཆེས་མཁས་པའི་བཟོ་པ་དང་སྐྲ་བརྙན་བཟོ་མཁན། མཛེས་བྱུག་མཁན་བཅས་པ་བོས་ཏེ། ཐཱ་པ་ཉི་ནུའོ་ཡི་ལུས་ལ་ལྭ་བ་གསར་བ་དང་མགོ་རུ་སྐྲ་བརྙན་སེར་ནག་ཅིག་གིས་གཡོགས། ཁའི་འགྲམ་དུ་སྨ་ར་གླན་པས། སུ་ཡིན་ཡང་ཁོ་ཕོ་བྲང་ནང་གི་སྟོད་སྒུར་དེ་ཡིན་པ་ཤེས་མི་ཐུབ། མཛེས་འཆོས་བྱས་ཏེ་ཐཱ་པ་ཉི་ནུའོ་མི་རྒོད་བཙལ་དུ་ཕྱིན། ས་དེར་ཐོན་དུས་མི་རྒོད་ཀྱིས་ཞིང་ནང་དུ་ལས་ཀ་ལས་བཞིན་ཡོད་པ་མཐོང་། ཐཱ་པ་ཉི་ནུའོ་ཡིས་ཞྭ་མོ་ཕུད་དེ་མི་རྒོད་ལ་བརྡ་བཏང་།

    “ཁྱོད་ཀྱིས་ཅི་ཞིག་འཚོལ་གྱིན་ཡོད”ཅེས་མི་རྒོད་ཀྱིས་དེ་ལྟར་དྲིས།

    “ང་ནི་རོ་སྒམ་བཟོ་མཁན་ཞིག་ཡིན”ཐཱ་པ་ཉི་ནུའོ་ན་རེ། “སྟོད་སྒུར་ཐཱ་པ་ཉི་ནུའོ་ཚེ་ལས་འདས་སོང་བས། ངས་ཁོ་རང་ལ་རོ་སྒམ་ཞིག་བཟོ་རྒྱུའི་ཤིང་ལེབ་འཚོལ་གྱིན་ཡོད།”“མི་ངན་སྡིག་ཅན་རྐུན་རྒན་དེ་འཆི་བའི་སྐལ་བ་ཞིག་སླེབས་སོང”ཞེས་མི་རྒོད་དགའ་སྤྲོ་སྐྱེས་ཏེ་ན་རེ། “གནས་ཚུལ་དེས་ང་རང་ལ་དགའ་སྤྲོ་ཆེན་པོ་སྐྱེས་སོང་། དེ་བས། ཤིང་ལེབ་ངས་ཁྱོད་ལ་སྤྲོད། ཁྱོད་ཀྱིས་འདི་ནས་ཁོ་ལ་རོ་སྒམ་བཟོས་དང་ཆོག”

    “དེ་ལྟར་ཡིན་ན་བཟང་འདུག” སྟོད་སྒུར་ན་རེ།“ འོན་ཀྱང་ངས་འདི་ནས་ཁོའི་གཟུགས་རིང་ཐུང་གཞལ་ཐབས་མི་འདུག་པས་ཅི་བྱས་ན་བཟང”ཞེས་དྲིས།

    “དེས་སྐྱོན་ཡོད་པ་མ་རེད” མི་རྒོད་ན་རེ། “མི་ངན་སྡིག་ཅག་དེའི་གཟུགས་རིང་ཐུང་ང་དང་ཕལ་ཆེར་འདྲ། ཁྱོད་ཀྱིས་ངའི་བོངས་ཚད་བཅལ་ན་ཆོག་པ་རེད།”

    ཐཱ་པ་ཉི་ནུའོ་ཡིས་རོ་སྒམ་བཟོ་མགོ་བརྩམས། ཤིང་ལེབ་དྲས་པ་དང་འཛེར་མ་བརྡབས་ཏེ་རོ་སྒམ་ཞིག་ལེགས་འགྲུབ་བྱུང་། དེ་ནས་ཁོ་ན་རེ། “ཐོག་མར་ངེད་གཉིས་ཀྱིས་ཆེ་ཆུང་འཚམས་པོ་ཨེ་རེད་ཚོད་ལྟ་ཞིག་བྱེད།”

    དགའ་སྤྲོས་ཁེངས་པའི་མི་རྒོད་དེ་རོ་སྒམ་ནང་དུ་འཛུལ།

    “ངེད་གཉིས་ཀྱིས་ཡང་ཁ་ལེབ་ཆེ་ཆུང་འཚམས་པོ་ཨེ་རེད་ཚོད་ལྟ་ཞིག་བྱེད”ཅེས་ཟེར་གྱིན་ཐཱ་པ་ཉི་ནུའོ་ཡིས་ཁ་ལེབ་བརྒྱབ་སྟེ་འཛེར་མ་ཤེད་ཀྱིས་བརྡབས་ནས་མི་རྒོད་ཤིང་སྒམ་ནང་དུ་བཅུག དེ་ནས་ཁོས་རོ་སྒམ་ཕོ་བྲང་ནང་དུ་བསྐྱལ།

    འཁྲིས་ཀྱི་སྐུ་དྲག་དང་དཔོན་པོ་ཚང་མ་ཕོ་བྲང་དུ་ཕྱིན་ཅིང་མི་དམངས་ཀྱིས་རོ་སྒམ་སྤང་ཁར་བཞག་སྟེ་མེ་རུ་བསྒྲོན།

    དེ་ནས། གདོན་འདྲེ་རྩ་མེད་དུ་བཏང་བར་དགའ་སྟོན་གྱི་མཛད་སྒོ་རྒྱ་ཆེར་སྤེལ་བ་དང་། དུས་དེ་ནས་བཟུང་རྒྱལ་ཁབ་དེར་བཅིངས་འགྲོལ་ཐོབ་པར་དགའ་སྟོན་གྱི་མཛད་སྒོ་གཟབ་རྒྱས་ཤིག་སྤེལ་བ་དང་། རྒྱལ་པོས་ཐཱ་པ་ཉི་ནུའོ་རྒྱལ་སྲིད་བློན་ཆེན་དུ་བསྐོས་ཏེ་ནམ་ཡིན་ཡང་ཁོ་རང་ལ་བརྩི་འཇོག་ཆེན་པོ་བྱས་སོ།།

    སྒྱུར་པ་པོ་ནི་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི2012ལོའི་ལོ་ཙཱ་འཛིན་གྲྭའི་ཡིན།

    མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས22པ།2015·08·07།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག