མི་རྒོད་དང་ཆུང་མ་གཉིས་མལ་ཁང་ནང་དུ་ལོག་ནས་གཉིད་རྗེས། ཐཱ་པ་ཉི་ནུའོ་ཡིས་ད་གཟོད་སྦྲང་མ་ཤོག་ཁུག་གང་བོ་དེ་ཉལ་ཐུལ་དང་ཉལ་སྟན་འོག་ཏུ་བརྫངས་ཏེ་ཁུག་མའི་ཁ་ཕྱེས། སྦྲང་མ་དེ་ཚོར་ཉལ་ཐུལ་ནང་ནས་དྲོ་སོབ་སོབ་ཀྱི་ཚོར་སྣང་བསྐྱེད་དེ། ཝུང་ཝུང་ཟེར་བཞིན་ཁུག་མའི་ནང་ནས་ཕྱིར་བུད་དེ་ག་ས་གང་དུ་སོ་བཏབ། མི་རྒོད་ལ་སོ་བཏབ་ནས་ཉལ་ཁྲི་སྟེང་དུ་འགྲེ་ལོག་བརྒྱབ་སྟེ་འཕྲལ་དུ་ཉལ་ཐུལ་ས་སྟེང་དུ་གཡུགས། ཐཱ་པ་ཉི་ནུའོ་ཡིས་དེ་མ་ཐག་ཏུ་ཉལ་ཐུལ་བསྒྲིལ་བསྒྲིལ་བྱས། སྦྲང་མ་ཁོང་ཁྲོ་ལངས་ཏེ་གང་ཐུབ་ཅི་ཐུབ་ཀྱིས་སོ་བཏབ་པས། མི་རྒོད་བཟའ་མི་གཉིས་ཀྱིས་སྐད་ངན་འདོན་བཞིན་སྒོ་ཕྱིར་བྲོས། དེའི་དུས། ཁང་བའི་ནང་དུ་ཐཱ་པ་ཉི་ནུའོ་གཅིག་པུ་ལུས་ཡོད་པས་ཉལ་ཐུལ་དཔུང་འོག་ཏུ་བཅུག་སྟེ་ཕོ་བྲང་གི་ཕྱོགས་སུ་བྲོས།

    དུས་ཚོད་སྐར་མ་ཁ་ཤས་འགོར་རྗེས། མི་རྒོད་སྒེའུ་ཁུང་ཟུར་དུ་སོང་སྟེ་ནེ་ཙོ་ལ“ནེ་ཙོ། ད་ལྟ་དུས་ཚོད་དུ་རེད”ཅེས་དྲིས་པར།ནེ་ཙོས“ད་ལྟ་ཐཱ་པ་ཉི་ནུའོ་ཡིས་ཤིན་ཏུ་མཛེས་པའི་ཉལ་ཐུལ་དེ་ཁྱེར་ནས་འབྲོ་བཞིན་པའི་སྒང་རེད”ཅེས་ལན་བཏབ།

    མི་རྒོད་མལ་ཁང་ནང་དུ་བརྒྱུགས་ནས་བལྟས་ཚེ་དངོས་གནས་ཉལ་ཐུལ་ཁྱེར་ཚར་སོང་། ཁོ་དེ་མ་ཐག་ཏུ་རྒོད་མར་བཞོན་ཏེ་ཐཱ་པ་ཉི་ནུའོ་ཡི་རྗེས་སུ་བསྙེགས། ཁོས་རྗེས་སུ་སྙེག་བཞིན་པའི་སྐབས་སུ་ཐཱ་པ་ཉི་ནུའོ་མཐོང་བྱུང་། འོད་ཀྱང་ཐཱ་པ་ཉི་ནུའོ་མཚོ་ཁར་བྲོས་ནས་རྒྱལ་པོས་གནང་བའི་འཕྲུལ་དབྱུག་དེས་ས་ཐོག་ཏུ་གཅིག་བརྡུངས་པ་ན། མཚོ་ཆུ་དེ་འཕྲལ་དུ་ཕྱོགས་གཉིས་སུ་གྱེས། ཁོ་བདེ་ལེགས་ངང་མཚོའི་ཕར་ངོགས་སུ་འབྲོ་ཐུབ་པ་བྱུང་། དེ་ནས། མཚོ་ཆུ་ཁ་གཉིས་གཅིག་ཏུ་རུབ་སྟེ་མི་རྒོད་ཀྱི་འགྲོ་ལམ་བཀག་ནས་ལུས།

    “ཐཱ་པ་ཉི་ནུའོ། མི་ངན་སྡིག་ཅག་རྐུན་མ་ཁྱོད།ནམ་ཞིག་འདིར་ཡོང་ན།ངས་ཁྱོད་མྱུར་བ་མྱུར་དུ་བཟའ་ཁོ་ཐག་ཡིན། དེ་ལྟར་མིན་ན་ང་འཇིག་རྟེན་དུ་གསོན་པོར་མི་སྡོད”ཅེས་སྐད་གསེང་མཐོན་པོས་བཤད།

    རྒྱལ་པོས་ཉལ་ཐུལ་དེ་མཐོང་ནས་ཐུགས་ཤིན་ཏུ་དགྱེས་ཏེ་མཆོང་ལྡིང་འགའ་བྱས། ཁོང་གིས་ཐཱ་པ་ཉི་ནུའོ་ལ་བཀའ་དྲིན་ཞུས་ཏེ་ན་རེ། “ཐཱ་པ་ཉི་ནུའོ། ཁྱོད་ལ་ཉལ་ཐུལ་བརྐུ་ཐུབ་པར་འདི་འདྲའི་བློ་རིག་ཡོད་ན། ཁྱོད་ཀྱིས་གནམ་གཤིས་ཡག་པོ་བསྐྲུན་ཐུབ་པའི་འཕྲུལ་དབྱུག་དེའང་བརྐུ་ཐུབ་ངེས་རེད།”

    “ཨ་ཡཱ། རྒྱལ་པོ་ལགས། ངས་ག་ལ་བརྐུ་ཐུབ” ཅེས་ཞུས་པར།

    རྒྱལ་པོས“ཐབས་བཀོད་འཐེན། དེ་ལྟར་མིན་ན་ཁྱོད་ཀྱི་མགོ་གཅོད་རྒྱུ་ཡིན”ཞེས་གསུངས།

    ཐཱ་པ་ཉི་ནུའོ་ཡིས་ཡང་ཉིན་ཕྱེད་ཙམ་ལ་འདང་བརྒྱབ་སྟེ་རྒྱལ་པོའི་མཛོད་ནས་སྟར་ཀ་ཁུག་ཆུང་གང་ཁུར་ནས་ལམ་ལ་ཆས།

    ཐཱ་པ་ཉི་ནུའོ་མི་རྒོད་ཀྱི་ཁང་བའི་སྒོ་ཁར་ཕྱིན་དུས་མི་རྒོད་བཟའ་མི་གཉིས་ཉལ་ཡོད་པ་མཐོང་། ཁོ་ཁང་ཐོག་ཏུ་འཛེགས་ཏེ་སྟར་ཀ་རྣམས་ཁང་ཀླད་དུ་བྱོ་བ་ན། ཐག་ཐག་གི་སྒྲས་མི་རྒོད་དེ་གཉིད་ལས་དཀྲོགས། “ཉོན་དང་། སེར་བ་འབབ་ཀྱིན་འདུག མགྱོགས་པོར་འཕྲུལ་དབྱུག་ཁང་ཐོག་ཏུ་ཞོག་དང་། དེ་མིན་ན་ངའི་གྲོ་ལྗང་ཚང་མ་བརྡུང་ངེས་རེད”ཅེས་སེམས་ཁྲལ་བྱེད་ཀྱིན་ཆུང་མར་སྨྲས། ཆུང་མ་མལ་ཁྲིའི་སྟེང་ནས་ཡར་ལངས་པ་དང་སྒེའུ་ཁུང་ཕྱེས་ནས་འཕྲུལ་དབྱུག་ཁང་ཐོག་ཏུ་བཞག སྟབས་ལེགས་པ་ཞིག་ཏུ་ཐཱ་པ་ཉི་ནུའོ་ཡིས་ལེན་ཐུབ་པས་འཕྲུལ་དབྱུག་ཁྱེར་ནས་བྲོས།

    ཅུང་ཙམ་འགོར་རྗེས། མི་རྒོད་ཧ་ཅང་དགའ་སྤྲོ་སྐྱེ་བཞིན་མལ་ལས་ལངས། རྒྱུ་མཚན་ནི་འཕྲུལ་དབྱུག་གིས་སེར་བ་འབབ་མཚམས་བཅད་སོང་བས་རེད། ཁོ་རང་སྒེའུ་ཁུང་ཟུར་དུ་ཡོང་སྟེ“ནེ་ཙོ། ད་ལྟ་དུས་ཚོད་ག་ཚོད་རེད”ཅེས་དྲིས་པ་ལ།

    “ད་ལྟ་ཐཱ་པ་ཉི་ནུའོ་ཡིས་ཁྱོད་ཀྱི་འཕྲུལ་དབྱུག་ཁྱེར་ཏེ་འབྲོ་བཞིན་པའི་སྒང་རེད”ཅེས་ལན་བཏབ།

    མི་རྒོད་དེ་རྒོད་མའི་སྟེང་དུ་མཆོངས་ཏེ་ཐཱ་པ་ཉི་ནུའོ་ཡི་རྗེས་སུ་སྙེག ཁོ་མཚོ་འགྲམ་དུ་ཕྱིན་ནས་ཐཱ་པ་ཉི་ནུའོ་འཛིན་ཐུབ་གྲབས་ཡོད་པའི་སྐབས་སུ། ཐཱ་པ་ཉི་ནུའོ་ཡིས་རྒྱལ་པོའི་འཕྲུལ་དབྱུག་ས་ཐོག་ཏུ་བརྡུངས་པས་མཚོ་ཆུ་འཕྲལ་དུ་ཕྱོགས་གཉིས་སུ་གྱེས་པས་ཁོ་རང་ཐར། དེ་ནས་མཚོ་ཆུ་ཡང་གཅིག་ཏུ་རུབ་སོང་།

    མི་རྒོད་ཀྱིས་སྐད་གསེང་མཐོན་པོས།“ཐཱ་པ་ཉི་ནུའོ། མི་ངན་སྡིག་ཅག་རྐུན་རྒན་ཁྱོད།འདིར་བསྐྱར་དུ་ནམ་ཡོང་ན།ངས་ཁྱོད་རང་མྱུར་དུ་བཟའ་ཁོ་ཐག་ཡིན།དེ་ལྟར་མིན་ན་ང་འཇིག་རྟེན་སྟེང་གསོན་པོར་མི་སྡོད”ཅེས་བཤད།

    རྒྱལ་པོས་འཕྲུལ་དབྱུག་དེ་མཐོང་རྗེས་ཤིན་ཏུ་ཐུགས་དགྱེས་ཏེ། “ད་ལྟ། ཡིན་གཅིག་མིན་གཉིས་ཁྱོད་ཀྱིས་མི་རྒོད་ཀྱི་དངུལ་ཁུག་གཉིས་ཀ་ཁྱེར་ཤོག”ཅེས་བཀའ་ཕབ།

    ཐཱ་པ་ཉི་ནུའོ་ཡིས་ཡང་ཉིན་ཕྱེད་ཙམ་ལ་འདང་བརྒྱབ་སྟེ་ཤིང་གཅོད་བྱེད་ཀྱི་ཡོ་བྱད་གྲ་སྒྲིག་བྱས། ཁོས་ལྭ་བ་བརྗེས་ཏེ་སྨ་ར་རྫུན་མ་གླན་པ་དང་། སྟ་རེ་དང་འཛེར་མ། ཐོ་བ་དང་བཅས་པ་ཁུར་ཏེ་མི་རྒོད་ཀྱི་ཁང་བའི་ཕྱོགས་སུ་སོང་། མི་རྒོད་ཀྱིས་ཉིན་མོར་ཐཱ་པ་ཉི་ནུའོ་མཐོང་མ་མྱོང་། ཡང་གཅིག་བཤད་ན། ཐཱ་པ་ཉི་ནུའོ་ཕོ་བྲང་ནང་དུ་བསྡད་ནས་བཟའ་བཏུང་གི་བཅུད་བཟང་བས་ལུས་ཤ་རྒྱས་ཡོད་སྟབས། མི་རྒོད་ཀྱིས་ཁོ་རང་ངོས་མ་ཟིན།

    “ ཁྱོད་གང་དུ་འགྲོ་དགོས།”

    “ང་ཤིང་གཅོད་དུ་འགྲོ་བ་ཡིན།”

    “ཧེ། ནགས་ཚལ་འདིའི་ནང་དུ་ཡོད་པའི་རྒྱུ་ནི་ཤིང་སྡོང་རེད། ཁྱོད་ལ་ག་ཚོད་དགོས་ན་དེ་ཚོད་ཡོད”ཅེས་ཁོ་རང་གཉིས་ཕན་ཚུན་གྲོགས་པོ་ལྟར་ཁ་བརྡ་བྱས། དེ་ནས། ཐཱ་པ་ཉི་ནུའོ་ཡིས་ཡོ་བྱད་ཁྱེར་ཡོང་སྟེ་མོན་ཆ་རའི་ཤིང་ཞིག་གཅོད་མགོ་བརྩམས། ཁོས་ཁྱིའུ་གཅིག་ཤིང་ནང་དུ་བརྡབས། དེ་ནས་ཡང་གཉིས་པ་དང་གསུམ་པ་བརྡབས། ཅུང་ཙམ་འགོར་རྗེས། ཁོང་ཁྲོ་ལངས་ཏེ་ཁྱིའུ་གཅིག་ཤིང་ནང་དུ་བརྡབས་རྒྱུ་ཐལ་དྲགས་སོང་ཟེར་བཞིན་ལེ་བདའ་བྱས།

    མི་རྒོད་ཀྱིས“ཁོང་ཁྲོ་མ་ལངས། ངས་ཁྱོད་ལ་རོགས་བྱེད”ཟེར་བཞིན་མི་རྒོད་ཀྱིས་ལག་མགོ་ཤིང་གི་བུ་གའི་ནང་དུ་བསྲིངས་ཏེ་བརྡབས་ཚད་ཐལ་དྲགས་པའི་ཁྱིའུ་དེ་སྒུལ་བསམ་ཡང་། སྐབས་དེར་ཐཱ་པ་ཉི་ནུའོ་ཡིས་ཐོ་བ་ཤུགས་ཀྱིས་ཤིང་ལ་བརྡུངས་པས། འཕྲལ་དུ་ཁྱིའུ་གསུམ་ཀ་ཤིང་ནང་ནས་ཕྱི་རུ་བུད་དེ་ཤིང་གི་གས་སྲུབས་ཀྱིས་མི་རྒོད་ཀྱི་ལག་པ་བཙིར།

    “ཨ་ཡོ་ཡོ། སྲོག་སྐྱོབས་དང་། དཀོན་མཆོག་མཁྱེན། ངའི་སྲོག་སྐྱོབ་རོགས”ཞེས་མི་རྒོད་ཀྱིས་སྐད་ངན་བཏོན། “མྱུར་དུ་ངའི་ཁྱིམ་དུ་སོང་། ངའི་ཆུང་མར་ཁྱིའུ་ཆེན་པོ་གཉིས་དེ་ཁྱོད་ལ་སྤྲོད་ཅེས་བཤད་དེ། དེ་གཉིས་ཁྱེར་ནས་ང་སྐྱོབ་ཏུ་ཤོག”ཅེས་བཤད། ཐཱ་པ་ཉི་ནུའོ་མི་རྒོད་ཀྱི་ཁྱིམ་དུ་མདའ་འཕངས་པ་ལྟར་བརྒྱུགས་ཏེ་བུད་མེད་ལ། “རེམ། ཁྱོད་ཀྱི་ཁྱོ་གས་ཆ་སྒམ་ནང་གི་དངུལ་ཁུག་གཉིས་དེ་ང་ལ་བྱིན་ཟེར” ཞེས་བཤད།

    ཆུང་མས“ངས་ཁྱོད་ལ་རང་དགར་བྱིན་ན་ག་ལ་ཆོག ང་ཚོ་རང་རང་གིས་ད་དུང་བཟའ་རྒྱུ་དང་གྱོན་པ་ཉོ་དགོས། ཁོས་ཁུག་མ་གཅིག་བྱིན་ཟེར་ན་ད་དུང་ཅུང་ཟད་ཡིད་ཆེས། ཁུག་མ་གཉིས་ཀ་བྱིན་ཟེར་ན་ཅིས་ཀྱང་སྟེར་མི་རུང”ཟེར་ནས་ཁུག་མ་དེ་མ་བྱིན། ཐཱ་པ་ཉི་ནུའོ་ཡིས་སྒེའུ་ཁུང་ཕྱེས་ཏེ་སྐད་མཐོན་པོས། “ཁོ་མོས་ང་ལ་གཅིག་སྟེར་དགོས་སམ་གཉིས་སྟེར་དགོས”ཞེས་དྲིས་པར། “གཉིས་གཉིས།མགྱོགས་པོར་བྱིན་དང་།”ཞེས་མི་རྒོད་ཀྱིས་སྐད་གསེང་མཐོན་པོས་ལན་བཏབ། “ཐོས་སོང་ངམ། ཁོ་ཁོང་ཁྲོ་ལངས་འདུག”ཅེས་ཐཱ་པ་ཉི་ནུའོ་ཡིས་བཤད་ཀྱིན་དངུལ་ཁུག་གཉིས་ཀ་རྒྱབ་ཏུ་ཁུར་ཏེ་བྲོས་སོ།།

    མི་རྒོད་ཀྱིས་ཡུན་རིང་ཞིག་ལ་འཕག་འཚག་བརྒྱབ་རྗེས། ད་གཟོད་ཤིང་གི་གས་སྲུབས་བར་ནས་ལག་མགོ་བཏོན་བྱུང་ཡང་ལག་མགོའི་སྐྱི་མོ་ཚང་མ་བཤུས་འདུག ཁྱིམ་དུ་སླེབས་དུས་ད་དུང་ན་ཟུག་གི་འཁུན་སྒྲ་སྒྲོག་གིན་འདུག ཁོ་སྒོ་ནང་དུ་འཛུལ་མ་ཐགའཕྲོ་མ་པར་ངོས22པར་གཟིགས།)

    མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས21པ།2015·08·07།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག