གནའ་སྔ་མོ་ཞིག་ལ། ཐཱ་པ་ཉི་ནུའོ་སྟོད་སྒུར་ནི་ཀོ་ལྷམ་བཟོ་མཁན་དབུལ་བོ་ཞིག་ཡིན། ནམ་རྒྱུན་ཁོ་རང་བཙལ་ནས་ལྷམ་བཙེམ་མཁན་གཅིག་ཀྱང་མེད་པས། ཕོ་བའང་མི་རྒྱགས་པའི་ཚད་དུ་ལྷུང་ཡོད། དེ་བས་ཁོ་རང་ཁྱིམ་དང་བྲལ་ནས་ཕྱི་ཡུལ་འགྲིམས་ན་ལས་དབང་བསྒྱུར་ཨེ་ཐུབ་བསམས།

ས་རུབ་སོང་། ཁོ་རང་འདུག་ས་མེད་པར་གར་འགྲོ་འདིར་འགྲོ་མེད་པར་སེམས་ཁྲལ་བྱེད་པའི་སྐབས་སུ། གློ་བུར་དུ་རྒྱང་རིང་ཞིག་ནས་སྒྲོན་འོད་ཅིག་མཐོང་།ཁོ་སྒྲོན་འོད་ཀྱི་ཕྱོགས་སུ་ཕྱིན་པ་ན། ཁང་བ་ཞིག་གི་སྒོ་ཁར་སླེབས་པ་དང་།སྒོ་བརྡུངས་པ་ན་བུད་མེད་ཅིག་ཡོང་ནས་སྒོ་ཕྱེས། ཐཱ་པ་ཉི་ནུའོ་ཡིས་བུད་མེད་དེ་ལ་གནས་ཚང་ཞིག་གཡོར་བའི་རེ་བ་ཞུས།

བུད་མེད་དེས“འདི་ནི་མི་རྒོད་ཀྱི་ཁྱིམ་ཡིན།” “ཁོས་མི་ཐུག་ཚད་བཟའ་བ་རེད། གལ་ཏེ་ཁྱོད་འདིར་བསྡད་ན་ངའི་ཁྱོ་གས་ཁྱོད་བཟའ་ངེས”ཞེས་བཤད།

འོན་ཀྱང་ཐཱ་པ་ཉི་ནུའོ་ཡིས་ཡང་དང་ཡང་དུ་ཞུ་བ་བྱས་པས། བུད་མེད་དེས་ཁོ་རང་སྙིང་རྗེ་སྟེ། “ནང་དུ་ཤོག་དང་། ཁྱོད་ཀྱིས་སེམས་འཛིན་མི་བྱེད་ན་ངས་ཁྱོད་རང་ཐལ་ཕུང་ནང་དུ་སྦས་འཇོག”ཟེར།

བུད་མེད་དེས་ཐཱ་པ་ཉི་ནུའོ་ཐལ་ཕུང་གི་ནང་དུ་སྦས། མི་རྒོད་ཁྱིམ་དུ་ལོག་མ་ཐག ཁོས་ཕར་སྣོམ་ཚུར་སྣོམ་བྱས་ཏེ་ན་རེ།

“ དྲི་ངན་ཞིག་འཐུལ་བྱུང་། ཁང་བའི་ནང་དུ་མི་རྒྱུས་མེད་ཀྱི་དྲི་མ་འདུག ངའི་སྣ་དབང་གི་ཤེས་པ་རྣོན་པོ་ཡིན། ངས་ཡག་པོ་ཞིག་བཙལ་དགོས། མི་དེའི་སྙིང་འཕར་ཞིང་ལུས་འདར་བཞིན་པ་ཁོ་ཐག་རེད། ཉེ་གནས་སུ་མི་ཞིག་བསྐུངས་འདུག ངས་ཤེས། ངས་ཤེས”ཞེས་ཟེར།

ཆུང་མས“ ཆོག་གི ཟ་མ་བཟའ་རུ་ཤོག་དང་། ཁྱོད་ཀྱིས་རང་དགར་འོལ་ཚོད་བྱེད་ཀྱིན་འདུག” ཅེས་ཟེར་བཞིན་ཁོ་རང་ལ་རྒྱ་ཐུག་ཕོར་བ་ཆེན་པོ་གང་བྱིན།

བཟའ་ཟླ་གཉིས་ཀྱིས་མཉམ་དུ་རྒྱ་ཐུག་བཏུང་། མི་རྒོད་ཀྱིས“ང་རང་རྒྱགས་སོང་། ལྷག་འཕྲོ་ཁྱིམ་ནང་ན་བསྐུངས་ཡོད་པའི་མི་དེར་བཟའ་རུ་ཆུགས“ཟེར།

ཆུང་མས་ན་རེ། “འདི་ལྟར་རེད། སྙིང་རྗེ་བའི་སྐྱེས་པ་གཟུགས་ཐུང་ཞིག་དོ་དགོང་གནས་ཚང་གཡོར་དུ་སླེབས་བྱུང་།”“ཁྱོད་ཀྱིས་ཁོ་མི་བཟའ་བར་ཁས་བླངས་ན། ངས་ཁོ་རང་ཕྱིར་འབོད་ཆོག”ཟེར།

མི་རྒོད་ཀྱིས“ཁོ་རང་ཕྱིར་བོས་ཤོག”ཅེས་བཤད།

བུད་མེད་ཀྱིས་ཐཱ་པ་ཉི་ནུའོ་ཐལ་ཕུང་ནང་ནས་ཕྱིར་དྲུད་དེ་མདུན་ཅོག་གི་ཟུར་ནས་འདུག་ཏུ་བཅུག སྙིང་རྗེ་བའི་ཐཱ་པ་ཉི་ནུའོ་ཡི་ལུས་ཡོངས་སུ་ཐལ་བ་འགོས་པ་དང་། མི་རྒོད་ཀྱི་ཁ་གཏད་དུ་བསྡད་ཡོད་པས་སྐྲག་ནས་ལུས་པོ་འདར་ན་ཡང་ཁོས་སྤོབས་པ་བསྐྱེད་དེ་རྒྱ་ཐུག་ལྷག་འཕྲོ་དེ་བཏུང་།

མི་རྒོད་ན་རེ། “དོ་དགོང་ངས་འགྲངས་ཚད་ཅིག་ཟོས་ཡོད། འོན་ཀྱང་ངས་ཁྱོད་ལ་བཤད། སང་ཉིན་ཞོགས་པར་ཁྱོད་ད་དུང་མ་བྲོས་ན། ངས་ཁྱོད་ཁམ་གང་བྱས་ཏེ་མིད་ཁོ་ཐག་ཡིན”ཟེར།

ཁོ་གཉིས་ཀྱིས་མཛའ་བརྩེའི་ངང་ཁ་བརྡ་བྱས། ཐཱ་པ་ཉི་ནུའོ་ཡི་བློ་རིག་ཤིན་ཏུ་རྣོ། ཁོས“ཨེ། ཁྱོད་ཀྱི་ཉལ་ཁྲི་སྟེང་གི་ཉལ་ཐུལ་དེར་བལྟས་ན་ཧ་ཅང་ཡག་པོ་འདུག”ཟེར།

མི་རྒོད་ཀྱིས“ཤིན་ཏུ་མཛེས་ཤིང་ཡག་པོ་ཞིག་ཡིན། ཉལ་ཐུལ་དེའི་མེ་ཏོག་ཚང་མ་གསེར་སྐུད་དང་དངུལ་སྐུད་ཀྱིས་གཙགས་དྲུབ་བྱས་པ་དང་། ད་དུང་གསེར་བཙོ་མས་མཐའ་རུ་ཕྲ་རྒྱན་བཏབ་ཡོད”ཅེས་གསལ་བཤད་བྱས།

ཐཱ་པ་ཉི་ནུའོ་ཡིས“ཆ་སྒམ་དེའི་ནང་དུ་ཅི་ཞིག་ཡོད། ཉལ་ཁྲིའི་རྒྱབ་ལོགས་ཀྱི་དབྱུག་པ་དེ་ཡང་ཅི་ཞིག་རེད”ཅེས་དྲིས་པར།

མི་རྒོད་ཀྱིས“སྒམ་དེའི་ནང་དུ་དངུལ་ཁུག་གཉིས་བཞག་ཡོད། དབྱུག་པ་དེ་ནི་མི་རྣམས་ལ་གནམ་གཤིས་ཡག་པོ་བསྐྲུན་ཐུབ་པའི་འཕྲུལ་དབྱུག་ཅིག་ཡིན”ཞེས་ལན་བཏབ།

ཐཱ་པ་ཉི་ནུའོ་ཡིས་ཡ་མཚན་པའི་ཉམས་ཤིག་མངོན་ཏེ། “སྒེའུ་ཁུང་ཕྱི་ནས་ཁ་བརྡ་འདྲ་བྱེད་བཞིན་པ་དེ་སུ་ཞིག་རེད”ཅེས་དྲིས།

“དེ་ནི་ངས་བྱ་ཁང་ནང་དུ་གསོས་པའི་ནེ་ཙོ་ཞིག་རེད། དེས་ང་ཚོ་ནང་བཞིན་སྐད་ཆ་བཤད་ཤེས་པ་རེད”ཟེར།

“ཁྱོད་ལ་ངོ་མ་ནོར་བུ་ངོ་མཚར་ཅན་མང་པོ་ཞིག་ཡོད་འདུག་ཨང”ཞེས་ཟེར་བཞིན་ཡིད་སྨོན་སྐྱེས་པའི་རྣམ་འགྱུར་བསྟན།

“ཧེ། འདི་ཙམ་གྱིས་ག་ལ་ཚད། ད་དུང་རྟ་རའི་ནང་དུ་ཆེས་མཛེས་པའི་རྒོད་མ་ཞིག་གསོས་ཡོད་ལ། དེ་ནི་རླུང་ལྟར་མགྱོགས་པ་ཞིག་ཡིན”ཞེས་མི་རྒོད་ཀྱིས་ང་རྒྱལ་དང་བཅས་བཤད།

ནུབ་འཚལ་འཐུངས་རྗེས། མི་རྒོད་ཀྱི་ཆུང་མས་ཡང་ཐཱ་པ་ཉི་ནུའོ་ཐལ་ཕུང་གི་ནང་དུ་སྦས། མི་རྒོད་བཟའ་མི་གཉིས་ཉལ་སར་སོང་། ནམ་ལངས་དུས། མི་རྒོད་ཀྱི་ཆུང་མ་ཐཱ་པ་ཉི་ནུའོ་འབོད་དུ་ཡོང་སྟེ“ཡར་ལོངས། ཡར་ལོངས། ངའི་ཁྱོ་ག་མལ་ལས་མ་ལངས་གོང་གཞན་ཡུལ་དུ་བྲོས་ཏེ་སྲོག་ཐར་ཐབས་གྱིས”ཞེས་ཟེར་ཏེ་བོས།

ཐཱ་པ་ཉི་ནུའོ་ཡིས་བུད་མེད་དེར་བཀའ་དྲིན་ཞུས་ཏེ་ལམ་ལ་ཆས། ཁོ་སོང་སོང་མཐར་ཕུའུ་ཐའོ་ཡའི་རྒྱལ་པོའི་ཕོ་བྲང་དུ་ཕྱིན། ཁོས་རྒྱལ་པོར་ཁོ་རང་ལ་སྣེ་ལེན་བྱ་དགོས་པའི་རེ་འདུན་ཞུས། རྒྱལ་པོས་ཐཱ་པ་ཉི་ནུའོ་ཡི་མཐོང་ཐོས་མྱོང་གསུམ་ལ་ཉན་བསམ་སྟེ་མཇལ་འཕྲད་གནང་། རྒྱལ་པོས་ཐཱ་པ་ཉི་ནུའོ་ཡི་མི་རྒོད་ཁྱིམ་ཚང་ནས་མཐོང་ཐོས་དོགས་གསུམ་གྱི་མྱོང་བར་གསན་རྗེས། མི་རྒོད་ཚང་གི་ནོར་བུ་ངོ་མཚར་ཅན་དེ་དག་ཁོང་ལ་འཐོབ་འདོད་པ་དྲག་ཏུ་སྐྱེས་ཏེ།“ཞིབ་ཏུ་ཉོན། ཁྱོད་ཕོ་བྲང་ནང་དུ་བསྡད་དེ་བྱ་བ་ཅི་ཞིག་བསྒྲུབས་ཀྱང་ཆོག འོན་ཀྱང་ཁྱོད་ཀྱིས་བདག་ལ་དོན་ཆུང་ཆུང་ཞིག་བསྒྲུབ་དགོས”ཞེས་གསུངས།

“རྒྱལ་པོ་ལགས། བཀའ་གནང་རོགས”ཞེས་ཞུས།

“ད་ཅི་ཁྱོད་ཀྱིས་བཤད་པ་ལྟར་ན།མི་རྒོད་ཚང་ན་གསེར་སྐུད་དང་དངུལ་སྐུད་ཀྱིས་གཙགས་དྲུབ་བྱས་པའི་མེ་ཏོག་ཅན་གྱི་ཉལ་ཐུལ་ཞིག་ཡོད་པར་མ་ཟད། ད་དུང་གསེར་བཙོ་མས་མཐའ་རུ་ཕྲ་བརྒྱན་འདུག་ཟེར་བ་དེ། ཁྱོད་ཀྱིས་ངེས་པར་བདག་གི་སར་ཁྱེར་ཤོག དེ་མིན་ན། བདག་གིས་ཁྱོད་ཀྱི་མགོ་གཅོད་རྒྱུ་ཡིན”ཞེས་བཀའ་ཕབ།

སྟོད་སྒུར་ན་རེ། “ཡིན་ཡང་རྒྱལ་པོ་ལགས། ངས་ག་ལ་སྒྲུབ་ཐུབ་བམ།” “མི་རྒོད་ཀྱིས་མི་ཐུག་ཚད་བཟའ་བ་རེད། ཁྱོད་ཀྱིས་ང་སོང་ཟེར་ན་དེ་ང་འཆི་རུ་སོང་བ་མ་ཡིན་ནམ།”

རྒྱལ་པོ་ན་རེ། “དེར་བདག་གིས་ཁ་ཡ་མི་བྱེད། བསམ་བློ་ཡང་ཡང་ཐོངས། ཁྱོད་ཀྱི་ནུས་པ་ཡོད་ཚད་ཀྱིས་སྒྲུབས་ཤིག”ཅེས་གསུངས།

སྙིང་རྗེ་བའི་ཐཱ་པ་ཉི་ནུའོ་ཡིས་ཉིན་ཕྱེད་ཙམ་ལ་འདང་བརྒྱབ་རྗེས་རྒྱལ་པོར་མཇལ་དུ་སོང་ནས། “རྒྱལ་པོ་ལགས། ང་ལ་སྦྲང་མ་ཤོག་ཁུག་གང་དགོས་པ་དང་། སྦྲང་མ་ཉིན་བདུན་བརྒྱད་ཙམ་ལ་ལྟོགས་སུ་འཇུག་དགོས། དེ་ལྟར་བྱུང་ན་ངས་ཉལ་ཐུལ་དེ་ཁྱོད་ལ་འཁྱེར་ཡོང་ཐུབ”ཅེས་ཞུས།

རྒྱལ་པོས་དམག་མི་བཏང་སྟེ་སྦྲང་མ་བཟུང་ཡོང་ནས་ཐཱ་པ་ཉི་ནུའོ་ལ་སྤྲད། རྒྱལ་པོས་ད་དུང་ཁོ་རང་ལ་དབྱུག་པ་ཞིག་ཀྱང་སྤྲད། “དབྱུག་པ་འདི་ཁྱེར་སོང་དང་མཁོ་བའི་དུས་ཤིག་ཡོད། གལ་ཏེ་ཁྱོད་རང་ཆུ་ལ་མི་བརྒལ་ཐབས་མེད་བྱུང་ཚེ། དབྱུག་པ་འདིས་ས་ཐོག་ལ་གཅིག་བརྡུངས་ན་ཁྱོད་རང་འཇིགས་སྐྲག་སྐྱེ་མི་དགོས”ཞེས་གསུངས།

ཐཱ་པ་ཉི་ནུའོ་མི་རྒོད་ཀྱི་ཁྱིམ་ཟུར་དུ་སླེབས་ཏེ། ར་བའི་སྒོ་ཁ་ནས་བལྟས་ཚེ་མི་རྒོད་བཟའ་མི་གཉིས་ཀྱིས་ནུབ་འཚལ་འཐུང་བཞིན་ཡོད་པ་མཐོང་། ཁོ་མལ་ཁང་གི་སྒེའུ་ཁུང་ཁར་འཛེགས་ཏེ་ནང་དུ་འཛུལ་ནས་མི་རྒོད་བཟའ་མི་གཉིས་ཀྱི་ཉལ་ཁྲིའི་འོག་ཏུ་ཡིབ།

(འཕྲོ་མ་པར་ངོས21པར་གཟིགས།)

མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས20པ།2015·08·07།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག