ལོ་འགའི་སྔོན་གྱི་བགྲོ་གླེང་ཚོགས་འདུ་ཞིག་གི་སྟེང་ནས་ངས་སློབ་གསོ་པ་དབྱང་ཏུང་ཕེན་ལ། ཀྲུང་གོའི་སློབ་གསོ་དང་ཀྲུང་གོའི་རྐང་གྲུག་གཉིས་ལས་གང་ལ་རེ་བ་ཆེ་ཞེས་དྲིས་པ་ཡིན། ཁོས་ཡུད་ཙམ་ལ་འདང་བརྒྱབ་རྗེས། སློབ་གསོ་ལ་རེ་བ་ཆེ་ཟེར། ངས་རྒྱུ་མཚན་ཅི་ཡིན་ཞེས་དྲིས་པར། ཁོས་རྐང་གྲུག་ལ་རེ་བ་མེད་ན་མེད་མོད། སློབ་གསོ་ལ་རེ་བ་མེད་ན་ག་ལ་རུང་ཟེར།

    ང་ཚོས་བསམ་བློ་གཏང་དགོས་པ་ནི་སློབ་གསོས་ང་ཚོའི་མི་བྱིངས་ཀྱི་རྒྱུ་སྤུས་ཇེ་ལེགས་སུ་བཏང་ཡོད་མེད་དེ་རེད་ལ། ད་ལྟ་ང་ཚོས་མཐོང་བའི་གནས་ཚུལ་ནི་ཏག་ཏག་སློབ་གསོས་ང་ཚོ་མི་བྱིངས་ཀྱི་ཀླད་པ་བརླགས་འདུག་པ་དེ་རེད། འོ་ན་དེའི་རྒྱུ་རྐྱེན་ཅི་རེད་ཅེ་ན། ང་ཚོའི་སློབ་གསོའི་དམིགས་ཡུལ་ནི་རྒྱལ་ན་རབ་དང་མཆོག ཕམ་ན་ཐ་མའི་ཐ་མ་ཞེས་པ་དེ་ཡིན་ཏེ། གལ་ཏེ་ཁྱོད་ལ་ནོ་པེར་བྱ་དགའ་ཐོབ་ཚེ་རབ་དང་མཆོག་ཡིན་ལ། བྱ་དགའ་མ་ཐོབ་ཚེ་ཐ་མའམ་ཅི་ཡང་མིན་པ་དེ་རེད། དེ་འདྲའི་གཅིག་ལས་གཉིས་མི་མཐོང་བ་དང་མིག་མདུན་གྱི་ཁེ་ཕན་ལས་ཕུགས་རྒྱབ་ཀྱི་གནད་དོན་མི་མཐོང་བའི་སློབ་གསོས་ནི་སློབ་གསོའི་རྩ་བའི་དམིགས་ཡུལ་ཐད་དུ་བོར་ཡོད་པ་རེད།

    དཔྱད་འཇོག་གི་ཚད་གཞི་དེའི་མཇུག་འབྲས་ནི་སློབ་མ་མི་རུ་མི་བརྩི་བ་སྟེ། བྱིས་པ་འབྲུག﹙འབྲུག་ནི་སྙན་གྲགས་དང་གོ་གནས་ཀྱི་མཚོན་བྱེད་ཅིག་ཡིན﹚ཏུ་འགྱུར་བར་རེ་བ་དེ་ཡིན། འབྲུག་ནི་ཅི་རེད། མདོར་དེད་ན་ཁྱད་མཚར་བའི་རི་དྭགས་ཤིག་ལས་མ་འདས། ཁྱོད་འབྲུག་ཏུ་གྱུར་ཀྱང་མི་རུ་འགྱུར་མི་རུང་ཟེར་བ་དེ་རེད། ད་སྐབས་ཁ་གྲགས་ཚད་ཀྱིས་མི་ཉིད་གཞི་རྩར་འཛིན་དགོས་ཚུལ་བརྗོད་ཀྱིན་ཡོད་ལ། མི་ཉིད་ཆེས་གཞི་རྩར་འཛིན་འོས་པ་ནི་ཏག་ཏག་སློབ་གསོ་ཡིན་པ་སྨྲ་ཅི་དགོས། ཡིན་ན་ཡང་། ང་ཚོའི་མི་ཉིད་ཆེས་གཞི་རྩར་འཛིན་འོས་པའི་ཁྱབ་ཁོངས་ནས་ལྡོག་སྟེ་མི་མི་རུ་བརྩི་བཞིན་མེད།

    སྨྱན་བྱེད་ཅིག་ལས་བསྒྲགས་པ་ལྟར་ན། བཟའ་ཟླ་གཉིས་ནམ་རྒྱུན་ལས་ལ་བྲེལ་བ་ཆེ་ཞིང་། རྒྱལ་སྟོན་གྱི་གནང་བའི་སྐབས་སུ་བྱིས་པས་ཕ་མ་གཉིས་ལ་ང་དང་མཉམ་དུ་སྤྱི་གླིང་ལ་རྩེ་རུ་སོང་ན་ཨེ་ཆོག་དྲིས་པར། བཟའ་ཟླ་གཉིས་ཀྱིས་ཞག་གང་བོར་གྲོས་བྱས་ཏེ་བྱིས་པ་སྤྱི་གླིང་དུ་རྩེ་རུ་འཁྲིད་རྒྱུའི་སེམས་ཐག་བཅད། སྤྱི་གླིང་ནས་ཐེངས་དང་པོར་རྩེད་མོ་རྩེ་སྐབས་བྱིས་པ་ཧ་ཅང་དགའ་བཞིན་ཡོད་མོད། ཨ་མས་ཨེ་སྐྱིད་དམ་ཞེས་དྲིས་པར། བྱིས་པས་སྐྱིད་བྱུང་ཞེས་ལན་བཏབ། དེ་མ་ཐག་ཨ་མས་དེས་ན་ཕྱིར་སོང་ནས་རྩོམ་ཡིག་ཅིག་བྲིས་ན་ཆོག་གམ་ཞེས་པར། བྱིས་པ་དེ་མ་ཐག་ངོ་མདངས་ཤོར་ཞིང་། འཐད་མི་འཐད་ངང་རྩེད་མོ་ཐེངས་གཉིས་པར་རོལ་ཏུ་ཕྱིན། དེ་ནས་ཡང་ཨ་མ་དེས་སྐྱིད་པོ་ཡིན་མིན་དྲིས་པར་བྱིས་པས་སྐྱིད་པོ་ཡིན་ཚུལ་བརྗོད་ལ། ཨ་མས་ཀྱང་དེས་ན་ཁྱོད་ཀྱིས་རྩོམ་ཡིག་ཡག་པོ་ཞིག་བྲིས་ན་ཆོག་གི་རེད་ཟེར། བྱིས་པ་གཞི་ནས་རྩེ་འདོད་མེད་པར་གྱུར་ཏེ་ང་མི་རྩེ་ཟེར། ཏག་ཏག་དེ་འདྲ་རེད། བྱིས་པ་ལ་ཐ་ན་ཉིན་གཅིག་གི་རྩེད་མོར་གཡེང་བའི་ཁོམ་པའང་མི་སྟེར་བ་རེད། ཁ་གྲགས་ཚད་དུ་བྱིས་པར་ལམ་གྱི་ཐོག་མ་ནས་རྗེས་ལུས་ཐེབས་སུ་འཇུག་མི་རུང་ཟེར་ན། ངས་འདྲི་འདོད་པ་ནི་མི་ཚེའི་ལམ་གྱི་རྟིང་མཐའ་དེ་གང་ན་ཡོད་དམ། དེ་ནི་དུར་ཁྲོད་ན་ཡོད་པ་རེད། གོང་སློབ་གསོའི་སྲིད་འཛིན་སྡེ་ཁག་ནས་འོག་ཁྱིམ་བདག་བར་གྱི་མི་ཚང་མས་བྱིས་པ་འབྲུག་ཏུ་འགྱུར་བར་རེ་བཞིན་ཡོད་པ་རེད། དེ་བས་ངས་འདི་ནས་བརྗོད་འདོད་པ་ནི་ངས་དེ་ལ་ངོ་རྒོལ་བྱེད་པ་ཡིན།

    ངའི་ཁ་གཡང་ནི་འདི་ལྟ་སྟེ། བྱིས་པ་མི་རུ་འགྱུར་བར་རེ་བ་དེ་ཡིན། མི་ནི་ཅི་ཞིག་རེད། མི་ངོ་མ་ཟེར་བ་ཡིན། དེ་ལ་ཚད་གཞི་ཡོད་དམ་ཞེ་ན་ཡོད་དེ།དྲང་མོ། སེམས་བཟང་། བདེ་ཐང་། སྤྲོ་སྐྱིད་བཅས་སོ༎

    བདེན་པ་བཤད་ན། ལ་ཤས་ཀྱིས་ད་སྐབས་ནི་བདེན་ལས་རྫུན་བྲིན་པའི་དུས་ཡིན་པས། བདེན་པ་ནི་མི་སྲིད་པ་ཞིག་ཡིན་ཟེར། ངས་དེ་ལྟར་མི་འདོད་དེ། ངས་རྫུན་མི་སྨྲ་བ་དེ་ཡང་བདེན་པ་ཞིག་ཏུ་བརྩི་བཞིན་ཡོད། དེས་ན་ཁྱོད་ཀྱིས་རྫུན་གཏན་ནས་མི་སྨྲ་བར་བདེན་པ་ཁོ་ན་སྨྲ་ནུས་སམ་ཞེ་ན། ངས་སྨྲ་ནུས་ཞེས་བརྗོད་འདོད། ཡང་དེ་ནི་མི་སྲིད་དེ་བདེན་པ་སྨྲས་ན་གོད་ཆག་འབྱུང་བ་རེད་ཅེ་ན། དེ་ནི་སླ་སྟེ།བདེན་པ་མ་སྨྲས་ན་རྫུན་སྨྲ་དགོས་པའང་མ་ཡིན་ཏེ། ཁཱང་ཏིས་མིས་སྨྲས་ཚད་བདེན་པ་ཡིན་དགོས་ཀྱང་བདེན་པ་ཡོད་ཚད་སྨྲ་དགོས་པའི་འགན་ཁུར་དེ་སུ་ལ་ཡང་མེད་ཅེས་པ་བཞིན་རེད། དེ་བས་བདེན་པ་སྲུང་ཐབས་ནི་ཧ་ཅང་སླ་སྟེ། ཁྱོད་ཀྱིས་བདེན་པ་གང་ཞིག་བཤད་མི་རུང་བར་འདོད་ན་མ་བཤད་ན་ཆོག་ལ། དེ་ནས་རྫུན་ནི་གཏན་ནས་མི་བཤད་པ་དེ་ཡིན་ཏེ། དེའི་ཤུལ་དུ་ལྷག་པ་དག་ནི་ཏག་ཏག་བདེན་གཏམ་ཡིན་ལ་བདེན་པའང་ཡིན་ནོ༎

    སེམས་བཟང་ཟེར་བ་ཡང་ཁྱོད་ཀྱིས་བསམ་གཟས་ནས་དགེ་བའི་ལས་ཤིག་བསྒྲུབ་དགོས་ཟེར་བ་དང་། ཡང་ན་ཁ་གཡང་གང་རུང་ཞིག་དང་བསྟུན་ནས་གཞན་ལ་རོགས་བྱེད་པ་དེ་འདྲ་ལ་ཟེར་གྱིན་མེད། སེམས་བཟང་ཟེར་བ་ནི་མི་བཟོད་པའི་སེམས་ཁམས་ཤིག་སྟེ་མི་གཞན་ལ་ཉེས་མེད་ཀྱི་གནོད་པ་ཐེབས་སུ་འཇུག་པར་མི་བཟོད་པ་དང་ཐ་ན་སྲོག་ཆགས་ཆུང་ངུའི་རིགས་ལ་ཡང་དེ་འདྲའི་མི་བཟོད་པའི་སེམས་ཁམས་ཡོད་པ་ཞིག་ཡིན། དེ་བས་མི་གསོད་ཁྲག་སྦྱོར་གྱི་ལས་ནི་ལྟ་ཅི།སྲོག་ཆགས་ཆུང་ངུའི་རིགས་ལ་ཡང་མནར་མི་རུང་། ང་ཚོས་བཅའ་ཁྲིམས་ཀྱི་སྟེང་ནས་སྤྱི་དམངས་ཀྱི་མི་བཟོད་པའི་སེམས་ཁམས་དེ་འདྲ་ལ་གནོད་པ་ཐེབས་པ་འགོག་ཐབས་བྱེད་དགོས།

    བདེ་ཐང་གི་གལ་ཆེན་རང་བཞིན་ནི་བཤད་མ་དགོས། ལུས་ཕུང་བདེ་ཐང་དང་སེམས་ཁམས་བདེ་ཐང་ཡོང་རྒྱུ་གཙོ་བོ་ཡིན་ལ། དེ་ལས་སེམས་ཁམས་ཀྱི་བདེ་ཐང་ནི་ལུས་ཕུང་བདེ་ཐང་ལས་ཀྱང་གལ་ཆེ།

    སྤྲོ་སྐྱིད་ལྡན་པའི་མི་ཞིག་གི་བྱ་བ་ནི་མི་ཚེའི་རྟོགས་རིམ་མཐོ་ཤོས་ཤིག་ཡིན་ལ། སློབ་གཉེར་གྱི་རྟོགས་རིམ་ཆེས་མཐོན་པོར་ཡང་བརྩི་སྲོལ་ཡོད། དོན་གྱིས་མི་ཞིག་བྱེད་རྒྱུ་དེ་སླ་ཚུལ་བརྗོད་ན་ཤིན་ཏུ་སླ་སྟེ། ཁྱོད་ཀྱི་འཚོ་བ་དང་ལོངས་སྤྱོད་ཕུན་སུམ་ཚོགས་མིན་དང་ཁྱོད་ལ་མཁས་གྲགས་འཛོམས་མིན་སོགས་ནི་གཙོ་བོ་མ་ཡིན། གཙོ་བོ་ནི་ཁྱོད་ཀྱི་འཚོ་བར་སྤྲོ་སྐྱིད་ལྡན་མིན་དེ་ཡིན།

    དཔེ་བཞག་ན་ད་སྐབས་སློབ་མ་ཚང་མས་གཞུང་ཞབས་པར་རྒྱུགས་སྤྲོད་དོན་ཅི་རེད། ངས་གཞུང་ཞབས་པའི་ལམ་དུ་འཚང་ཁ་རྒྱག་གིན་པའི་སློབ་མ་རྣམས་ལ་བསམ་ཤེས་བྱེད་ཐུབ་ཀྱིན་ཡོད། ང་དེ་ལ་འཐད་པ་མེད་ཀྱང་། ཁོ་ཚོར་ཆད་པ་ནི་ཏག་ཏག་བཤད་ན་བདེ་སྣང་ཞིག་ལས་མ་འདས། ཞིང་སྡེའི་བྱིས་པ་ཞིག་གིས་གསར་འགོད་པར་ངས་ཀྱང་གཞུང་ཞབས་པར་རྒྱུགས་སྤྲོད་མི་འདོད་མོད། ཕ་མ་གཉིས་ཀྱིས་ང་ལ་གཞུང་ཞབས་པར་རྒྱུགས་སྤྲད་དགོས། གལ་ཏེ་གཞུང་ཞབས་པ་ཞིག་ཏུ་གྱུར་ཚེ་སྡེ་བའི་ནང་ནས་འུ་ཚོར་ཐུབ་ཚོད་བྱེད་མཁན་ཡོད་པ་མ་རེད་ཟེར་ཞེས་བཤད། ཁོ་ལ་མཁོ་བ་ཡང་བདེ་འཇགས་ཀྱི་སྣང་བ་ཞིག་ལས་མ་འདས།

    དེ་བས་ང་ཚོའི་སྤྱི་ཚོགས་ཀྱིས་སྤྱི་དམངས་རེ་རེ་ལ་བདེ་འཇགས་ཀྱི་སྣང་བ་ཞིག་བསྐྲུན་དགོས། སྤྱི་དམངས་རེ་རེ་ལ་རྩིས་ཐང་ཡོད་པར་བྱ་དགོས། ཁོ་ལས་རིགས་ཅི་ཞིག་དང་ལས་རྐང་གང་ཞིག་ཏུ་ཡོད་ཀྱང་། ཁོ་ནི་ནམ་ཡང་བདེ་འཇགས་དང་རྩིས་ཐང་ཡོད་པའི་མི་ཞིག་ཡིན་པའི་སྣང་བ་དེ་སྟེར་དགོས། དེ་ལྟར་བྱས་ན་ཁོ་རང་ད་གཟོད་སྤྲོ་སྐྱིད་ལྡན་པ་ཞིག་ཏུ་འགྱུར་ངེས། འདི་ནི་ངས་ང་ཚོའི་སློབ་གསོ་ལ་བཏོན་པའི་རེ་བ་ཞིག་ཀྱང་ཡིན། ངའི་རེ་བ་ལ་ང་ཚོའི་སློབ་གསོས་ང་ཚོའི་བྱིས་པ་རེ་རེ་དང་། ཡང་ན་ང་ཚོའི་བཅོས་བསྒྱུར་དང་སྤྱི་ཚོགས་ཀྱིས་སྤྱི་དམངས་རེ་རེ་བདེན་པ་རྣམ་དག་གི་མི་དང་སེམས་བཟང་གི་མི། བདེ་ཐང་གི་མི། སྤྲོ་སྐྱིད་ལྡན་པའི་མི་ཞིག་ཏུ་གཏོང་རྒྱུ་ནི་ངའི་ཀྲུང་གོའི་འདུན་མའང་ཡིན་ནོ༎

      མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས17པ།2015·08·07།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག

རྟ་ནག་སྒྲོག་འགྲོས། སྨད་ཆ།