ཉིན་འགའི་སྔོན་ལ། དགེ་འདུན་ངེད་གཉིས་ཟི་ལིང་རླངས་འཁོར་འབབ་ཚིགས་ཁ་གཏད་ཀྱི་གངས་ཅན་བདེ་སྐྱིད་ཟ་ཁང་ཞེས་ཁྲག་མདོག་གི་ཡིག་ཆེན་དྲུག་གསལ་པོར་བྲིས་པའི་སྒོ་བྱང་ནར་མོ་ཞིག་བཀལ་ཡོད་པ་དེའི་ནང་ངོ་འཕྲད་ཅིང་། ཕྱོགས་ཡར་མར་གྱི་ཁ་བརྡ་གང་མང་བྱས།

    ཁྱོད་ཀྱིས་ལུག་འདི་འདྲ་མང་པོ་ཞིག་བཙོངས་ནས་ཅི་བྱེད་རྒྱུ་ཡིན།

    ངས་ང་ཚོའི་སྡེ་དགོན་གྱི་ཨ་ལགས་ཕག་རྒྱ་ཚང་ལ་གཟིམ་ཁང་བཀོད་ལེགས་ཅན་ཞིག་བཞེང་རྒྱུ་ཁས་བླངས་ཡོད།

    ངོ་མ། ཁྱོད་འདི་མི་ཆོས་དད་ཅན་ཞིག་རེད།

    དགེ་འདུན་གྱིསXཅའོ་ཙི་རྟགས་ཅན་གྱི་ཐ་མག་བག་ཆ་གཅིག་ཨམ་ཕྲག་ལས་ཕྱིར་བཏོན་ནས་དུ་བ་རྐང་གཅིག་ང་ལ་བྱིན་ཞིང་། རང་ཉིད་ཀྱི་ཁར་བཙུགས་པའི་དུ་བ་དེར་མེ་བསྒོས་ཏེ་དབུགས་ཐེངས་གཅིག་གིས་རྔམ་འཐེན་ཞིག་བྱས་རྗེས། ཡང་བསྐྱར་ང་ལ་འདི་ལྟར་བཤད་བྱུང་།

    དོན་དངོས་སུ་ང་ལ་ཆོས་དད་དེ་འདྲ་མེད། འདི་ངའི་ཨ་ཕའི་རེ་བ་ཡིན། ངའི་ནུ་མོ་གངས……

    སྐབས་དེར་ཁོའི་མིག་ཆུ་ཕྲེང་ཐག་ཆད་པ་ལྟར་དབང་མེད་དུ་འགྲམ་པའི་མཁུར་ཚོས་ངོས་སུ་འགྲིལ་གྱིན་ཡོད།

    ཁོས་ཡང་མུ་མཐུད་དུ། མོ་ཡང་སློབ་གྲྭར་སོང་མྱོང་ཞེས་ཟེར།

    ཡ། དགེ་འདུན། འོ་ན་ཁྱོད་ཀྱི་ནུ་མོ་གངས་ད་སྐབས་སློབ་གྲྭ་གང་ན་ཡོད།

    ངས་ཁོ་ལ་དེ་ལྟར་དྲིས།

    མོས་གཞེ་ནིང་ལོར་ཁུལ་མི་རིགས་སློབ་འབྲིང་ནས་སློབ་གྲྭ་ཆེན་མོར་རྒྱུགས་སྤྲད་ཅིང་།རྗེས་སུ་རྫོང་ཐོག་ཏུ་མཐོ་རྒྱུགས་སྐར་གྲངས་ལ་ལྟ་རུ་སོང་སྟེ་ཕྱིར་མ་ཡོང་།

    དགེ་འདུན་གྱིས་བཤད་མཚམས་བཞག་སྟེ་ངེད་གཉིས་བསྡད་ཡོད་སའི་ཟ་ཁང་དེའི་སྒེའུ་ཁུང་ཕྱི་རོལ་གྱི་བུད་མེད་འགའ་ལ་ཅེར་འདུག དུས་དེར་འདུ་ལོང་གི་སྲང་ལམ་དུ་ཁ་ནང་ལ་དུ་བ་ནག་པོ་བཙུགས་པའི་བུད་མེད་གཉིས་ཀྱིས་སྐྱེས་གཟུགས་མདའ་བཞིན་དྲང་ཞིང་ཕྲ་ལ། ངོ་གདོང་ཟླ་བ་ལྟར་དཀར་ཞིང་སྒོར་བ་དང་། ཁ་སྣ་མིག་གསུམ་ཡང་རི་མོར་བྲིས་པ་ཇི་བཞིན་མཛེས་ཉམས་ལྡན་པ། ལྷག་པར་བྲང་གཞུང་ན་ལྷང་ལ་བུད་འདུག་ཅིང་མིག་རྒྱགས་ཆེ་བའི་ནུ་འབུར་ཟུང་སྨིན་ཐག་མ་ཆོད་པའི་ཀུ་ཤུ་ལྟ་བུར་རྒྱས་ཡོད་པའི་མོ་གསར་ཞིག་ལ་སྐྱོན་འཛུགས་བྱེད་པ་མཐོང་བྱུང་།

    མོ་གསར་དེས་རྒྱ་སྐད་ཀྱིས་ངས་ཕ་ཡུལ་དྲན་ཀི་ཞེས་ཟེར་བ་གསལ་བོར་ཐོས་བྱུང་ལ། མོ་ཕལ་ཆེར་བོད་མོ་ཞིག་ཡིན་པ་འདྲ། མགོ་དཀྲིས་དམར་པོ་ཞིག་དཀྲིས་ཡོད་པ་དང་མོས་བཤད་པའི་རྒྱ་སྐད་ཀྱི་སྒྲ་ཡང་དེ་འདྲ་མི་དག

    ཅུང་མ་འགོར་བར་མོ་གསར་དེ་བུད་སོང་། དགེ་འདུན་གྱིས་ད་དུང་མོའི་རྗེས་སུ་ཅེར་འདུག

    ཡ། དགེ་འདུན། ཅིའི་ཕྱིར་ཁྱོད་ཀྱི་ནུ་མོ་གངས་ཕྱིར་ཕ་ཡུལ་དུ་མ་ཡོང་བ་རེད།

    དྲི་བ་དེས་ཁོར་འདས་དོན་གྱི་དྲན་པ་གསོ་བའི་གོ་སྐབས་ཐུང་ངུ་ཞིག་བྱིན་པས། ཁོས་ཡང་བསྐྱར་ཁ་གྲགས་བྱུང་།

    འོ། མོས་རྒྱུགས་མ་འཕྲོད་པས་ཕྱིར་ཕ་ཡུལ་དུ་མ་ཡོང་བ་རེད། མོ་བོར་རྗེས་ངེད་ཚང་གིས་ཡང་ཡང་ང་ཚོའི་སྡེ་དགོན་གྱི་ཨ་ལགས་ཕག་རྒྱ་ཚང་གི་སྐུ་མདུན་ནས་མོ་རྩིས་དང་ལུང་བསྟན་ཞུས་པ་ཡིན། འོན་ཀྱང་ཁོང་གིས་ཁོང་ཚང་ལ་གཟིམ་ཁང་བཀོད་ལེགས་ཅན་ཞིག་བཞེངས་ན་མོ་རྙེད་རྒྱུ་རེད་ཅེས་ནན་བཤད་བྱས་པས། ཨ་ཕས་ང་ལ་རྒྱུན་དུ་ཨ་ལགས་ཕག་རྒྱ་ཚང་གི་བཀའ་གསུང་ཇི་བཞིན་བསྒྲུབ་རོགས་ཞེས་ཟེར། མོ་བོར་ནས་ལོ་གཉིས་ལྷག་འགོར་སོང་། ངས་ཀྱང་འདི་ལྟར་མི་བསྒྲུབ་ཐབས་མེད་རེད། ངོ་མ་དགོད་བྲོ་བ་ཞིག་རེད། མོའི་གཟུགས་དང་ཚུགས་ཀ་ཚང་མ་ད་སོ་མའི་མོ་གསར་དེ་དང་ཨ་ན་མ་ན་རེད། ངས་ཀྱང་མོ་དྲན་ཀི

    ཁོའི་སྒོར་ཞིང་དམར་མདངས་ཆགས་པའི་མིག་མཐར་མཆི་མས་བསྐོར་བྱུང་བས། ངས་ཀྱང་མུ་མཐུད་དུ་གཏིང་འདྲི་བྱེད་མ་ཕོད།

    ངའི་ལྒང་བུ་གཅིན་གྱིས་ཁེངས་ནས་གཟེར་བྲེང་བྲེང་བྱེད་པས། ང་ཁང་བའི་ཕྱིར་བུད་དེ་མགྱོགས་མྱུར་ངང་སྤྱོད་ཁང་དུ་བརྒྱུགས་ནས་གཅིན་པ་གཏོང་དུས། མི་རྣམས་ཀྱིས་རྒན་པ་རྩ་ཤོར་ཆུ་ཤོར་ཟེར་མོད། ངའི་རྩ་ཆུ་གཉིས་ཀ་ཅི་ཞིག་གིས་བཀག་པ་ལྟར་ཁེགས་ནས་ཡོང་དཀའ་བས་དུས་ཡུན་ཅུང་རིང་བོ་ཞིག་འགོར་སོང་།

    ཕྱིར་ཡོང་དུས་རླུང་གི་རྒྱུ་ཕྱོགས་དང་བསྟུན་ཏེ་ཉེ་འགྲམ་གྱི་ཆང་ཁང་ལས་དྲི་འཛིན་དབང་བོ་འགུག་པར་བྱེད་པའི་ཆང་དྲི་ཞིམ་པོ་ཞིག་འཐུལ་ཡོང་བས། རང་ཉིད་གཅིག་པུས་གོམ་ཁ་མྱུར་མོ་ཆང་ཁང་དེར་བསྒྱུར་པ་ཡིན།

    ཝེ། སྦྱིན་བདག ལྦུ་ཆང་བསྡམས་མ་གཅིག་ཁྱེར་ཤོག

    ཆང་ཕོར་གཅིག ཆང་ཕོར་གཉིས། ཆང་ཕོར་གསུམ། ……

    ངས་འདི་ལྟར་རྔམ་འཐུང་འགའ་བྱས་རྗེས། སྣང་བར་ལྦུ་ཆང་འཐུང་ན་ལུས་ཀྱི་ངལ་དུབ་སངས་ཐུབ་པ་དང་སེམས་ཀྱི་སྡུག་བསྔལ་གཞོམ་ཐུབ་པའི་ཚོར་བ་ཞིག་དབང་མེད་དུ་སྐྱེས་བྱུང་། ལྦུ་ཆང་འཐུང་གིན་འཐུང་གིན་སྲེད་པ་ཇེ་ཆེར་སོང་བས། མིག་མདུན་གྱི་ད་སོ་མའི་ལྦུ་ཆང་བསྡམས་མ་དེ་ཡོངས་སུ་ཚར་ལ། མིག་ལམ་གྱི་ཡོད་ཚད་ཀྱང་རབ་རིབ་ཏུ་སྣང་།

    སྐབས་དེར་མོ་གསར་ཞིག་གིས་ཁུར་ན་སྟབས་བདེ་བའི་ཕྲག་ཁུག་ནག་པོ་ཞིག་ངའི་མདུན་གྱི་ཅོག་ཙེའི་སྟེང་བཞག་སྟེ་འཛུམ་དང་བཅས། གསར་བུ།དུ་བ་ཞིག་བྱིན་དང་། ད་ས་རུབ་སོང་བས་དམིགས་ཡུལ་གཞན་ཅང་ཡོད་དམ་ཞེས་རྒྱ་སྐད་ཀྱིས་ང་ལ་དེ་ལྟར་དྲིས་བྱུང་།

    གཞོན་ནུ་མ། ངས་ཁྱོད་ཀྱི་སྐད་ཆ་དེའི་ཧ་མི་གོ་ཀི

    ངས་ཀྱང་རྒྱ་སྐད་ད་མ་དིག་ཅིག་གིས་མོར་ཕྱིར་ལན་བཏབ།

    ཞག་གཅིག་ལ་སྒོར་བརྒྱ་ཡིན། གལ་ཏེ་ཁྱེད་རང་འཐད་པ་ཡིན་ན། རིན་གོང་ཇེ་སླར་བཏང་ཡང་ཆོག་ཅེས་བཤད་དེ་ངའི་གདོང་ལ་ཅེར།

    ངས་མི་འཐད་པའི་བརྡ་ཙམ་གྱི་ཚུལ་དུ་མགོ་བོ་གཡུག་གཡུག་འགའ་བྱས་པས། མོ་ག་ལེར་བུད་སོང་། སྒོ་ཁར་བུད་དེ་ཕྲག་ཁུག་ལས་སྔར་མཐོང་མྱོང་བའི་མགོ་དཀྲིས་དམར་པོ་དེ་སྐེ་ལ་དཀྲིས་ནས་འགྲོ་གྲབས་བྱས།

    ཨེ། ཅིག་སྒུགས་རོགས།

    ངས་བོད་སྐད་ཀྱིས་མོ་དེ་ལྟར་བོས།

    ཅི་ཞིག་རེད། འཐད་པ་ཡིན་ནམ།

    ཧ་ཧ་ཧ། མ་གཞི་ཁྱོད་ཀྱིས་ཀྱང་བོད་སྐད་གོ་བ་ཡིན་ནམ།

    ངས་དེ་ལྟར་བཤད་པས་མོས་འཛུམ་ཙམ་བྱས།ཕར་ཕྱོགས་ཀྱི་ཁང་བརྩེགས་མཐོན་པོ་དེ་བསྟན་ནས་ངའི་ཁང་པ་ཀན་ན་ཡོད་པས། ནང་དུ་འགྲོ་དང་། ཉིས་ཐོག་ན་ཡོད་ཅེས་ཟེར། མོའི་ཁང་པའི་ནང་མི་གཉིས་ཉལ་ཆོག་པའི་མལ་ཁྲི་གཅིག་དང་། དེའི་ལོགས་སུ་ཅོག་ཙེ་ནར་མོ་ཆུང་བ་ཞིག་ཡོད་པའི་སྟེང་དུ་ངོ་དང་མགོ་བཀྲུ་བྱེད་ཀྱི་ཡོ་བྱད་དག་བཞག་ཡོད།སྒོ་འགྲམ་ན་མེ་ལོང་ཆེན་པོ་ཞིག་བཀལ་ཡོད་པ་དང་། མལ་ཁྲི་དེའི་གམ་གྱི་གྱང་ངོས་སུ་ཕོ་མོ་ཆགས་སྲེད་ཅན་གཉིས་ཀྱི་འདྲ་པར་ཞིག་སྦྱར་འདུག

    ངས་མོའི་ཁང་པའི་ནང་ཡོངས་སུ་ཞིབ་ལྟ་ཐེངས་ཤིག་བྱས་རྗེས།འཇམ་ཞིང་སྙི་བའི་མལ་ཁྲིའི་སྟེང་ཙོག་པུར་བསྡད་པ་ཡིན། མོས་སྒོ་བརྒྱབ་སྟེ་མེ་ལོང་དུ་བལྟས་ཏེ་ལག་པས་ཕུར་ཕུར་འགའ་བྱས་མཐར་ཚུར་ཡོང་ནས།

    ངས་རྒྱུན་དུ་མགྲོན་པོ་མང་པོ་ཞིག་འདི་ནས་སྣེ་ལེན་བྱས་པ་ཡིན། ངའི་ཞབས་ཞུ་ལེགས་པོ་འདིས་ཁྱེད་ཀྱི་ཡིད་ཚིམ་ཁོ་ཐག་ཡིན་ཞེས་བཤད་ཞོར་ལྭ་རྣམས་འཕུད་རྩིས་བྱས་པས། ང་འཚུབ་ཆ་ལངས་དྲགས་ཏེ་སྨྲ་སྒོ་ལས་དབང་མེད་དུ།

    ཨེ། གཞོན་ནུ་མ། ད་དུང་ཆུ་ཚོད་སྔ་བས། སྔོན་ལ་འུ་གཉིས་ཀྱིས་ཁ་བརྡ་ཐོར་བུ་ཞིག་བྱེད་ཅེས་སྐད་ཆ་ཉ་ཉོག་ཅིག་ཤོར་སོང་།

    མོས་ཁ་གདངས་ནས་དངན་པ་རིང་མོ་ཞིག་འཐེན་ཞོར་ངའི་རྩིབ་ཏུ་ཙོག་བྱུང་།

    གཞོན་ནུ་མ། ཁྱོད་ཀྱི་མིང་ལ་ཅི་ཟེར།

    མོས་འཛུམ་ཙམ་བསྟན་ཏེ་ཁྱེད་ཀྱིས་བལྟས་ན་ང་རྒྱ་མོ་ཞིག་རེད་དམ་བོད་མོ་ཞིག་རེད་ཅེས་གློ་བུར་དུ་དྲིས་བྱུང་།

    ངས་བལྟས་ན་བོད་མོ་ཞིག་རེད།

    ངའི་མིང་ལ་ཞའོ་ཆིན་ཟེར།

    འོ་ན། རྒྱ་མོ་ཞིག་རེད་ལ།

    མ་གསང་དྲང་མོར་བཤད་ན། ངའི་མིང་ངོ་མར་གངས་འཚོ་ཟེར་ཞིང་།ལྷག་པར་ཡུལ་མི་གཉེན་ཉེ་དག་གིས་བུ་མོ་གངས་ཞེས་ཀྱང་འབོད། ད་ལྟ་མིང་དེ་བོས་ན་དེ་འདྲའི་སྟབས་བདེ་ཞིག་མ་རེད།

    འོ་ན། བུ་མོ། ཁྱོད་ཡུལ་གང་གི་ཡིན།

    འབའ་ཐང་གི་ཡིན། དེ་ཨེ་ཤེས།

    ང་ཡ་མཚར་སོང་། ཁ་ཡང་ཅི་ཞིག་གིས་བཀག་པ་ལྟར་ཁེགས་ནས་ཡུན་རིང་ཞིག་ལ་གྲག་མ་ཐུབ་པར་ལུས།

    རེད།གཞེ་ནིང་སློབ་གྲྭ་ཆེན་མོར་རྒྱུགས་མ་འཕྲོད་པའི་བོད་རིགས་བུ་མོ་དེ་ཁྱོད་རེད། དེ་རིང་ང་གྲོང་ཁྱེར་ཟི་ལིང་འདི་རུ་ཁྱོད་ཀྱི་ཕུ་བོར་ཐུག་བྱུང་། ཁོས་བཤད་པ་དེ་ཁྱོད་རེད། དངོས་གནས་ཁྱོད་རེད། ཁྱོད་རང་ཁྱིམ་དང་ཁ་བྲལ་བའི་ལོ་ངོ་གཉིས་ཀྱི་རིང་ལ། ཁྱོད་ཀྱི་ཕུ་བོ་དང་ཨ་ཕ་སོགས་བཟའ་མི་གང་བོས་ཁྱོད་དྲན་དྲགས་པ་དང་། ཡུན་རིང་མ་ཐུག་པར་སེམས་ཁུར་ཚད་མེད་བྱས་ཏེ་གདུང་བས་རབ་ཏུ་མནར་འདུག

    མོ་མགོ་བསྒུར་ཏེ་ངུས་བྱུང་ལ། མིག་ཟུང་མཆི་མས་བསྒྲིབས་ཤིང་། མཐོང་ལམ་མཐའ་དག་རབ་རིབ་ཏུ་གྱུར་པས་མདུན་གྱི་ང་དང་ཁོར་ཡུག་མཐའ་དག་མོག་པོར་གྱུར་སོང་། །

    མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས14པ།2015·08·07།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག

རྟ་ནག་སྒྲོག་འགྲོས། སྨད་ཆ།