"ལྷ་སྒྲུང"ཞེས་པ་དོན་གཉིས་ལ་འཇུག་སྟེ། གཅིག་ནི་མིས་བློས་དཔོག་དཀའ་བའི་གསང་བ་ལྐོག་གྱུར་གྱི་བྱ་དངོས་ཤིག་ལ་གོ་བ་དང་། ཅིག་ཤོས་ནི་མིའི་རིགས་ཀྱི་འཚོ་བ་དངོས་ལས་རིང་དུ་འདས་པའི་ལྷ་ཀླུ་གཉན་བཙན་སོགས་ཀྱིས་སྤྲུལ་སྒྱུར་སྣ་ཚོགས་བསྟན་ཚུལ་གྱི་གཏམ་རྒྱུད་ལ་ཟེར། "ལྷ་སྒྲུང"ཞེས་པའི་ཐ་སྙད་འདི་ཀི་རུའི་ཡི་གེ"mythos"ཞེས་པ་ལས་འགྱུར་ཡོང་བ་ཡིན་ཏེ། དབྱིན་ཇིའི་སྐད་ལ་"myth"ཟེར་ཞིང་དེའི་གོ་དོན་ནི་སྔོན་བྱུང་དཔའ་བོའམ་ལྷའི་ནུས་པས་ཁ་ལོ་བསྒྱུར་བའི་རང་བྱུང་བྱ་དངོས་དག་གི་ངོ་མཚར་གཏམ་རྒྱུད་ཞེས་པའི་དོན་ཡིན་སྐད། ཆེད་དམིགས་ཀྱིས་ལྷ་སྒྲུང་གི་གཏམ་རྒྱུད་སྣ་ཚོགས་ལ་བརྟག་དཔྱད་དང་ཞིབ་འཇུག་བྱེད་པའི་རིགས་གཞུང་ཚན་ཁག་ཅིག་ལ་ལྷ་སྒྲུང་རིག་པ་ཟེར་ཞིང་། ལྷ་སྒྲུང་དང་འབྲེལ་ཡོད་ཀྱི་རྒྱུ་ཆ་སྣ་ཚོགས་ལ་བརྟེན་ནས་དེའི་བྱུང་འཕེལ་གྱི་ཆོས་ཉིད་དང་ཁྱད་ཆོས་ཕྱོགས་སྡོམ་བྱེད་རྒྱུ་ནི་ལྷ་སྒྲུང་རིག་པའི་འོས་འགན་གཙོ་བོ་ཡིན།

    ལྷ་སྒྲུང་རིག་པ་ཐོག་མར་ཡོ་རོབ་གླིང་ནས་དར་འགོ་ཚུགས་ཤིང་ལོ་རྒྱུས་དུས་ཡུན་ཧ་ཅང་རིང་། སྤྱི་ལོའི་སྔོན་གྱི600ལོར། ཏེ་ཡ་ཀེང(Theagenes)གིས་རབ་བཏགས་སྨྲ་བའི་ལྟ་ཚུལ་བཏོན་ནས། ད་ལྟའི་བར་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཞིང་། དུས་རབས19པའི་དུས་མཇུག་ནས་དུས་རབས་20པའི་དུས་སྟོད་དུ་འཕེལ་རྒྱས་བྱུང་བའི་རྩེར་སོན། ལྷ་སྒྲུང་རིག་པ(Mytholigy)ཞེས་པའི་མིང་འདི་ནི་ཧ་ལམ་དུས་རབས་སྔོན་མའི་ལོ་རབས20པའི་དུས་སྟོད་དུ་འཇའ་ཕན་ནས་ཀྲུང་གོར་ཐོན་པ་ཞིག་ཡིན། རང་རེའི་བོད་ལ་མཚོན་ན་སྔ་མོ་ནས་སྷ་སྒྲུང་ཞེས་པའི་ཆེད་སྤྱོད་ཀྱི་ཐ་སྙད་མ་གྲུབ་ཀྱང་། འཛམ་གླིང་གི་ཁྱབ་ཁོངས་ནས་བལྟས་ན་བོད་ཀྱི་ལྷ་སྒྲུང་ཡང་ཚན་རིག་གི་ཞིབ་འཇུག་བྱ་ཡུལ་དུ་གྱུར་ཡོད་དེ། འཇིག་རྟེན་ཆགས་ཚུལ་དང་འགྲོ་བ་མིའི་རིགས་རྒྱུད་བྱུང་ཚུལ། རྟ་དང་རྐྱང་བྱུང་ཚུལ། ནས་ཀྱི་ས་བོན་བྱུང་ཚུལ། སྐར་མ་སྨེ་བདུན་གྱི་གཏམ་རྒྱུད། རྗེ་གཉའ་ཁྲི་བཙན་པོའི་བྱོན་རབས། མ་སངས་སོགས་སྤུར་རྒྱལ་གོང་གི་མངའ་མཛད་རྣམས་ཀྱི་ལོ་རྒྱུས། རུས་ཚན་འཁོན་དང་རླངས་ཀྱི་བྱུང་རབས། ཡུལ་ལྷ་གཞི་བདག་འཁོར་དང་བཅས་པའི་བོད་ཁམས་ལ་དབང་བསྒྱུར་ཚུལ་སོགས་འཛམ་གླིང་གི་མི་རིགས་གཞན་དག་དང་འདྲ་བར་ལོ་རྒྱུས་འཕེལ་བའི་ཆོས་ཉིད་དང་མཐུན་པའི་གདོད་མའི་སྤྱི་ཚོགས་ཀྱི་དཔེ་མཚོན་རང་བཞིན་ལྡན་པའི་ལྷ་སྒྲུང་མང་པོ་ཞིག་དར་ཡོད་པས། འདིར་དེ་དག་རྩ་བའི་འབྱུང་རྐྱེན་འགའ་ཞིབ་ཏུ་གླེང་བར་བྱའོ། །

    གཅིག ལྷ་སྒྲུང་ནི་གདོད་མའི་འཚོ་གནས་ཀྱི་ཐོན་དངོས་ཡིན།

    ལྷ་སྒྲུང་ནི་ཧ་ལམ་ལོ་ངོ་ཁྲི་གཅིག་ནས་ཁྲི་ལྔའི་ཡར་སྔོན་དུ་བྱུང་ཞིང་། རྡོ་ཆས་རྙིང་བའི་དུས་རབས་ཀྱི་དུས་མཇུག་གམ་ཡང་ན་ཕྱི་སྐབས་བློ་ལྡན་དུས་རབས་སུ་བྱུང་བ་ཡིན། དུས་རིམ་འདིར་མིའི་རིགས་དང་རང་བྱུང་ཁམས་ཀྱི་བར་འབྲེལ་བ་ཁྱད་པར་ཅན་ཞིག་འབྱུང་བཞིན་ཡོད། ཕུའུ་ལིའེ་ཧན་ནུ་ཧྥུས"ཀི་རུའི་སྐདMythos(ལྷ་སྒྲུང)ཞེས་པ་ནི་གཏམ་རྒྱུད་ཀྱི་དོན་ཡིན། མི་རྣམས་ཀྱིས་དོན་དངོས་དང་འཕྲུལ་སྣང་གང་ཡིན་ཆ་མི་འཚལ་བའི་སྣང་ཚུལ་ཞིག་ལ་ཡ་མཚར་སྐྱེས་ཏེ། སྣང་ཚུལ་དེ་རིགས་ཇི་ལྟར་བྱུང་བ་ཤེས་འདོད་ཀྱི་བློ་སྐྱེས་པར་བརྟེན་ནས་ལྷ་སྒྲུང་བྱུང་བ་རེད། ལྷ་སྒྲུང་ནི་ཅིའི་ཕྱིར་དང་ཇི་ལྟར་ཞེས་པའི་གནད་དོན་འདི་གཉིས་ལ་ལན་འདེབས་པའི་གཏམ་རྒྱུད་ཅིག་རེད།"①

    ལྷ་སྒྲུང་དུས་ནམ་ཞིག་ལ་ཇི་ལྟར་བྱུང་བའི་ཐད་ལ་ཨ་རིའི་རིག་གནས་མིའི་རིགས་རིག་པ་བ་མོར་ཀེན་གྱིས་གདོད་མའི་སྤྱི་ཚོགས་འཕེལ་རིམ་གསུམ་དུ་བགོས་ཡོད་དེ། རྨོངས་མུན་དུས་སྐབས་དང་ཀླ་ཀློའི་དུས་སྐབས། ཤེས་རིག་དར་བའི་དུས་སྐབས་བཅས་ཡིན། དེ་རེ་རེར་ཡང་དམའ་རིམ་དང་འབྲིང་རིམ། མཐོ་རིམ་ཞེས་རིམ་པ་གསུམ་དུ་བགོས་ཡོད་པ་རེད། རྨོངས་མུན་དུས་སྐབས་སུ་མིའི་རིགས་རང་བྱུང་ཁམས་ལས་ཡོངས་སུ་གྲོལ་མེད་པར་སྲོག་ཆགས་གཞན་དང་མཉམ་པར་གནས་པས་དུས་སྐབས་འདིར་ལྷ་སྒྲུང་འབྱུང་མི་སྲིད། ཀླ་ཀློའི་དུས་སྐབས་སུ་བསླེབས་དུས་མི་རྣམས་ཀྱི་ཐོན་སྐྱེད་ནུས་ཤུགས་ཇེ་མཐོར་སོང་བ་དང་བསྟུན་ནས། མེ་དང་རྫ་ཆས་བྱུང་བས་མིའི་ཀླད་པ་སྔར་ལས་རྒྱས་ཤིང་བསམ་གཞིགས་ནུས་པ་ཆེ་རུ་ཕྱིན་ནས་སྐད་ཆ་ཕུན་ཚོགས་པར་གྱུར་པ་དང་། རང་བྱུང་ཁམས་ཀྱི་ཁ་ཆར་བུ་ཡུག་དང་འབྲུག་སྒྲ་ཐོག་གློག་སོགས་དང་། ཉི་ཟླའི་འཆར་ནུབ་དང་དུས་བཞིའི་འཕོ་འགྱུར། རི་མཐོ་ལམ་ཀྱོག་སོགས་ཀྱི་སྣང་ཚུལ་སྣ་ཚོགས་ལ་བརྟེན་ནས་མིའི་རིགས་ཀྱི་བསམ་བློའི་འགལ་འདུ་ཇེ་དྲག་ཏུ་གྱུར་ཏེ། རང་བྱུང་ཁམས་ཀྱི་གསང་བ་ལྐོག་གྱུར་གྱི་སྣང་ཚུལ་དེ་དག་ལ་འགྲེལ་བཤད་རྒྱག་པའི་རེ་འདུན་གྱི་མྱུ་གུ་ཐོག་མར་འབུས་ཤིང་། རང་ཉིད་ཀྱི་འཚོ་བའི་ནང་གི་དགའ་སྤྲོ་དང་འཇིགས་སྣང་། རེ་འདུན་བཅས་ལའང་འགྲེལ་བཤད་དང་རྟོགས་འདོད་ཀྱི་བློ་སྐྱེས་པ་རེད། དེ་དང་ལྷན་དུ་རྒྱུ་རྐྱེན་དེ་དག་ལ་རྟོགས་ཞིབ་དང་ཚོད་བགམ་བྱས་ཀྱང་། སྐབས་དེའི་ཐོན་སྐྱེད་ནུས་ཤུགས་ཧ་ཅང་དམའ་བ་དང་། མི་རྣམས་ཀྱི་བསམ་གཞིགས་ནུས་པ་ཤིན་ཏུ་ཕྲ་བ་སོགས་ཀྱི་དབང་གིས་ཚན་རིག་དང་མཐུན་པའི་འགྲེལ་བཤད་རྒྱག་ཐབས་བྲལ་བས། འཇིག་རྟེན་ལས་རིང་དུ་འདས་པའི་ལྷ་ཀླུ་གཉན་བཙན་སོགས་ཀྱི་རྫུ་འཕྲུལ་དུ་རློམ་ནས་རང་བློས་ནུས་ཚོད་ཀྱིས་ཚོད་བགམ་དང་འཕྲུལ་སྣང་གི་འགྲེལ་བཤད་སྣ་ཚོགས་བྱས་པས་ལྷ་སྒྲུང་བྱུང་བ་རེད། དེ་བཞིན་གདོད་མའི་མི་རྣམས་ཀྱིས་ཡིད་སྤྲུལ་ལ་བརྟེན་ནས་རང་བྱུང་གི་སྟོབས་ཤུགས་འདུལ་བ་དང་རང་བྱུང་གི་སྟོབས་ཤུགས་ལ་ཁ་ལོ་བསྒྱུར་བ། རང་བྱུང་གི་སྟོབས་ཤུགས་གཟུགས་བརྙན་ཅན་དུ་བསྒྱུར་བ་བཅས་ཀྱི་བྱེད་ཐབས་སྤྱད་དེ་ལྷ་སྒྲུང་གསར་རྩོམ་བྱས་ཡོད་པ་འདི་ནི་ལྷ་སྒྲུང་གི་དོན་བརྗོད་བློ་བཀོད་ཀྱི་སྙིང་བོ་ཡིན། ལྷ་སྒྲུང་དེ་དག་མི་རྣམས་ཀྱི་ངག་ཐོག་ནས་ད་ལྟའི་བར་བརྒྱུད་དེ་ལས་སྣོན་དང་གསར་གཏོད་ཅི་འདྲ་ཞིག་བྱས་ཡོད་པ་རྟོགས་དཀའ་ཡང་། ཐུན་མོང་གི་བསམ་གཞིགས་ཀྱི་གྲུབ་འབྲས་སམ་ཤེས་རིག་གི་ཉིང་བཅུད་ཅིག་ཏུ་གྱུར་ཡོད།

    གདོད་མའི་མི་རྣམས་ལ་ཚེ་སྲོག་གི་གསང་བར་འགྲེལ་རྒྱག་ཐབས་གཉིས་ཡོད་དེ། ༡.སྐྱེ་འཆི་དང་ལུས་ཕུང་བར་གྱི་འབྲེལ་བ་དང་། རྨི་ལམ་དང་ན་བ། འཆི་བ་སོགས་ནི་ཇི་ལྟར་བྱུང་བ། ༢.མིའི་གཟུགས་བརྙན་རྨི་ལམ་དུ་ཇི་ལྟར་བྱུང་བ་སོགས་ཉིན་རྒྱུན་རེས་མོས་སུ་འབྱུང་བའི་སྐྱེ་ལུགས་སྣང་ཚུལ་ལ་གཞིགས་ནས་མིའི་ལུས་ཕུང་དུ་རྣམ་ཤེས་ཡོད་པར་འདོད། རྣམ་ཤེས་ཕུང་བོ་དང་གནས་སྐབས་ཀྱིས་བྲལ་ཚེ། རྨི་ལམ་རྨི་བ་དང་ནད་ཕོག་སྲིད་ཅིང་། གལ་ཏེ་གཏན་དུ་བྲལ་ཚེ་འཆི་སྲིད་པ་རེད། དེ་དང་འབྲེལ་ནས་དམངས་ཁྲོད་དུ་བརྟག་དཔྱད་བྱས་ཏེ་བདེན་དཔང་ཐོབ་པ་ནི། གནའ་སྔ་མོའི་དུས་སུ་རང་མི་རིགས་ཀྱིས་ཀྱང་རྨི་ལམ་རྨི་བའི་སྣང་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་མེད་སྟབས། རྨི་ལམ་རྨི་བ་ནི་མིའི་ལུས་ཕུང་རྨི་ལམ་དུ་ཞུགས་མེད་པར་རང་གི་ཕུང་བོ་དང་ཡོངས་སུ་བྲལ་མབའི་དངོས་པོ་ཁྱད་པར་བ་ཞིག་སྟེ། རྣམ་ཤེས་ཀྱི་འགུལ་སྐྱོད་ཅིག་ཡིན་པར་རློམ་ཞིང་། འཚོ་བའི་ཁྲོད་མིས་ལུས་ཕུང་གསོན་པོར་གནས་པ་ནི་ལུས་ཕུང་དུ་རྣམ་ཤེས་ཞུགས་པས་ཡིན་པར་འདོད། རྨི་ལམ་རྨི་སྐབས་རྣམ་ཤེས་གནས་སྐབས་ཀྱིས་མིའི་ཕུང་བོ་དང་བྲལ་བ་དང་། འཆི་བའི་དུས་སུ་རྣམ་ཤེས་གཏན་དུ་བྲལ་ཏེ་གཅིག་པུ་གསང་བ་ལྐོག་གྱུར་གྱི་གནས་ཤིག་ཏུ་ཕྱིན་པར་འདོད། དམངས་ཁྲོད་དུ་ད་ལྟའང་རྨི་ལྟོས་ནི་ཡ་མཚར་ཅན་ཞིག་ཏུ་བརྩི་ཞིང་། གལ་ཏེ་རྨི་ལམ་ལས་གློ་བུར་དུ་དཀྲོག་ཚེ་ནད་ཕོག་པའམ་ཐ་ན་འཆི་བར་འགྱུར། དེའི་རྒྱུ་མཚན་ནི་རྨི་ལམ་རྨི་མཁན་གྱི་རྣམ་ཤེས་ལུས་ཕུང་དུ་ཕྱིར་ལོག་མེད་པས་དེ་ལྟར་བྱུང་བ་དང་། དོན་དག་དེ་འདྲ་བྱུང་ཚེ་བཅའ་བ་རིམ་གྲོ་སྒྲུབ་པའམ་ཡང་ན་བླ་འགུགས་སོགས་བྱས་ཏེ་རྣམ་ཤེས་ཕྱིར་འགུགས་པའི་ཆོ་ག་སྒྲུབ་དགོས། རྣམ་ཤེས་ཀྱི་ལྟ་ཚུལ་ཅུང་ཟད་ཇེ་ཞིབ་དང་ཇེ་རྒྱས་བྱུང་བ་དང་བསྟུན་ནས། ཁོ་ཚོས་མིའི་རྣམ་ཤེས་གཞིར་བཟུང་ནས་འཇིག་རྟེན་ཁམས་ཀྱི་རང་བྱུང་དང་རང་བྱུང་གི་སྣང་ཚུལ་ཐམས་ཅད་ལའང་མི་དང་འདྲ་བར་རྣམ་ཤེས་ཡོད་པར་ཚོད་དཔག་གིས་ཐག་གཅོད་བྱས་པ་རེད།

    མི་རྣམས་ཀྱིས་སྐྱེ་ལུགས་སྣང་ཚུལ་དང་ཕྱི་རོལ་གྱི་གནས་ཚུལ་ལ་འགྲེལ་རྒྱག་དཀའ་བའི་གནས་སྐབས་སུ། རྣམ་ཤེས་དང་ལྷ་ཡོད་པའི་ལྟ་ཚུལ་འབྱུང་བར་མ་ཟད། དེ་ལ་བརྟེན་ནས་རང་བྱུང་ལས་འདས་ཤིང་ཁྱད་མཚར་བའི་ལྷ་སྒྲུང་འདི་དག་བྱུང་བ་རེད།

    གཉིས། དངོས་ཀུན་བླ་ཡོད་སྨྲ་བ་ནི་ལྷ་སྒྲུང་འབྱུང་བའི་རྩ་བའི་རྨང་གཞི་ཡིན།

    ལྷ་སྒྲུང་ནི་ཀླ་ཀློའི་དུས་སྐབས་ཀྱི་དམའ་རིམ་དུས་རིམ་དུ་བྱུང་། ཨིན་ཀེ་སིས"གནའ་སྔ་མོའི་དུས་རབས་སུ། མི་རྣམས་ཀྱིས་རང་ཉིད་ཀྱི་ལུས་ཕུང་གི་ཆགས་གཞི་གསལ་བོར་མི་ཤེས་པར་མ་ཟད། རྨི་ལམ་ནང་དུ་འཆར་བའི་སྣང་ཚུལ་ལ་བརྟེན་ནས་འདུ་ཤེས་ཤིག་སྐྱེས་བྱུང་། ཁོ་ཚོའི་བསམ་བློ་དང་ཚོར་སྣང་ལྟར་ན་ཁོ་ཚོའི་ལུས་ཕུང་གི་འགུལ་སྐྱོད་མིན་པར། ལུས་ཕུང་དུ་གནས་བཅས་ཏེ་འཆི་བའི་དུས་སུ་ལུས་ཕུང་དང་བྲལ་ནས་འགྲོ་བའི་དངོས་པོ་ཁྱད་པར་ཅན་ཞིག་སྟེ་རྣམ་ཤེས་ཀྱི་འགུལ་སྐྱོད་ཡིན་པར་འདོད་ཅིང་། དུས་དེ་ནས་བཟུང་། མི་རྣམས་ཀྱིས་རྣམ་ཤེས་དང་ཕྱི་རོལ་འཇིག་རྟེན་གྱི་འབྲེལ་བར་བསམ་གཞིགས་མི་བྱེད་ག་མེད་བྱུང་།"②དེ་བས་གདོད་མའི་མི་རྣམས་ཀྱིས་རང་ཉིད་ལྟོས་གཞི་བྱས་ཏེ། ཡིད་ཀྱི་སྤྲུལ་བ་ལ་བརྟེན་ནས་གནམ་སའི་བྱ་དངོས་ཀུན་ལ་རིགས་བཀར་ཅིང་། དེ་དག་ཀྱང་མི་དང་འདྲ་བར་ཚེ་སྲོག་དང་འདུ་ཤེས། རྣམ་ཤེས་བཅས་ཡོད་པར་འདོད། ཁོ་ཚོས་རང་བྱུང་དངོས་པོ་ཡོད་ཚད་དང་རང་བྱུང་སྣང་ཚུལ་སྣ་ཚོགས་རང་ཉིད་དང་འདྲ་མཉམ་དུ་བལྟས་ནས། དེ་ཚོར་གཟུགས་ཕུང་དང་འདུ་ཤེས། ཚེ་སྲོག་བཅས་ལྡན་པར་བགྱིས་ཏེ་གཟུགས་བརྙན་ཅན་དང་མི་གཤིས་ཅན་དུ་བསྒྱུར་བ་རེད།

    རང་བྱུང་ཁམས་ཀྱི་དངོས་པོ་ཀུན་གྱི་འདུས་བྱས་གཏན་ཚིགས་ཤེས་རྟོག་བྱེད་པའི་ཐད་ནས། གདོད་མའི་མིས་ཀྱང་རང་ཉིད་ལྟོས་གཞི་བྱས་ཏེ། རང་ཉིད་ལས་འདས་པའི་རང་བྱུང་ཁམས་ཀྱི་ཡོད་ཚད་ལ་དབང་སྒྱུར་ནུས་པའི་རྣམ་ཤེས་ཁྱད་པར་བ་ཞིག་སྟེ་ལྷ་ཞིག་ཡོད་པར་བསམས་ཏེ། རང་བྱུང་དངོས་པོ་དག་ལྷའི་རང་བཞིན་ཅན་དུ་བསྒྱུར་བ་དེ་ནི་མཁས་པ་རྣམས་ཀྱིས་གསུངས་པའི་གདོད་མའི"རང་བྱུང་དད་མོས"སམ"དངོས་ཀུན་བླ་ཡོད་སྨྲ་བ"ཟེར་བ་དེ་རེད། དེ་ནི་གདོད་མའི་འཇིག་རྟེན་ལྟ་ཚུལ་ཡིན་ལ། ལྷ་སྒྲུང་གསར་རྩོམ་གྱི་མཚན་ཉིད་རིག་པའི་རྨང་གཞི་ཡང་ཡིན། རང་བྱུང་དངོས་པོ་ཡོད་རྒུར་རྣམ་ཤེས་ཡོད་ཅེས་པའི་བརྡར་ཤ་ཐོག་མར་བཅད་པ་ནས་བཟུང་། གདོད་མའི་མི་ལྷ་སྒྲུང་གི་བསམ་བློའི་དུས་རིམ་དུ་བསླེབས་པ་དང་། དེ་ནས་བཟུང་། བཅད་མཚམས་དེའི་ནང་དུ་གདོད་མའི་མིའི་སྐད་ཆ་དང་བསམ་བློ་ནི་གཏན་ཚིགས་ལྡན་པ་སྟེ་གསལ་ཞིང་དག་པ་ཞིག་རེད། རང་བྱུང་དངོས་པོར་རྣམ་ཤེས་ཡོད་པར་སྨྲ་བ་ནི་ལུགས་དང་མཐུན་ཞིང་། བཅད་མཚམས་དེ་ལས་འདས་ཚེ་སྐད་ཆ་དང་བསམ་བློ་ནི་གཏན་ཚིགས་མེད་པར་འགྱུར་ཏེ་གསལ་ཞིང་དག་པར་འགྱུར་མི་ཐུབ། ལྟ་བ་དེའི་རྨང་གཞིའི་ཐོག་ནས་བོད་མི་རྣམས་ཀྱི་སྣང་ངོར་གནམ་ལ་གནམ་ལྷ་དང་ས་འོག་ན་ཀླུ། བར་སྣང་དུ་གཉན། བྲག་ལ་བཙན་གནས་པར་མ་ཟད། ཡུལ་ལྷ་དང་ཕོ་ལྷ། མོ་ལྷ། དགྲ་ལྷ། སྲོག་ལྷ། རི་ལྷ། ཆུ་ལྷ། མེ་ལྷ། རླུང་ལྷ། ནགས་ལྷ། ནོར་ལྷ། ཁྱིམ་ལྷ། སྒོ་ལྷ། མཁར་ལྷ། ཐབ་ལྷ། ཟས་ལྷ། ཞིང་ལྷ། ཕྱུགས་ལྷ། སྐྱེས་ལྷ། ལུས་ལྷ། ཚོང་ལྷ། རུས་ལྷ་སྟེ་ལྷ་རིགས་སུམ་བརྒྱ་དྲུག་ཅུའམ་ལྷ་རིགས་དགུ་བརྒྱ་རྩ་གཅིག་སོགས་ཆར་བབས་པའི་གྲངས་ལས་ཀྱང་མང་བ་དང་རི་རབ་ཀྱི་རྡུལ་ཕྲན་ལས་ཀྱང་མང་བ་ཞིག་འཇིག་རྟེན་གྱི་བྱ་དངོས་ཡོད་རྒུར་གནས་ཡོད་པར་བསམ། བོད་ཀྱི"རི་བོ་ལ་ཆ་མཚོན་ན་ཡང་། སྲིད་པ་ཆགས་པའི་ལྷ་དགུ་སོགས་ཡོད་པར་འདོད་དེ། ཡབ་འོ་དེ་གུང་རྒྱལ། སྲས་ཡར་ལྷ་ཤམ་པོ། གཉན་ཆེན་ཐང་ལྷ། རྨ་ཆེན་སྦོམ་ར། སྒྱོགས་ཆེན་ལྡོང་ར། རྒན་པོ་ལྷ་རྗེ། ཇོ་བོ་གཡུ་རྒྱལ། ཞོག་ལྷ་ཕྱུག་པོ། ཤེའུ་མཁའ་རི་བཅས་ཡིན་ལ། དེའི་ཁར་བོད་ཀྱི་གངས་རི་དང་རྫ་རི་ཅུང་མཐོན་པོ་ཇོ་བོ་མཆིམས་ལྷ་དང་། ཇོ་བོ་ངེས་སུམ། ཇོ་བོ་གཡའ་སྒང་། ཇོ་བོ་ལྷ་བཙས་བཞི་བསྣན་པས། རྗེའི་མགུར་ལྷ་བཅུ་གསུམ་གྲུབ་པ་རེད། རྗེའི་མགུར་ལྷ་བཅུ་གསུམ་ནི་བོད་ཀྱི་གངས་རི་དང་རྫ་རི་མཐོན་པོ་རྣམས་ཡིན་ལ། འོ་དེ་གུང་རྒྱལ་སོགས་ནི་མིའི་མིང་ཡིན་པར་མ་ཟད། ལྷ་ཡི་མིང་ཡང་རེད། གངས་རི་དང་རྫ་རི་དེ་དག་ནི་མིའི་བློ་ངོར་མི་ཤོང་བའི་གསང་བ་ཞིག་ཡིན་པ་དང་། གདོད་མའི་མི་རྣམས་ཀྱིས་དེ་ལ་ཚན་རིག་དང་མཐུན་པའི་འགྲེལ་བཤད་བྱེད་མ་ཐུབ་པས་དངངས་སྐྲག་གི་བསམ་པ་དང་བཅས་ཏེ་ལྷ་རུ་བཀུར། 'མགུར་ལྷ་དེ་རྣམས་སྔོན་ཆད་སུས་ཀྱང་བདག་གིར་བཟུང་མེད་པའི་བོད་རིགས་ཐུན་མོང་གིས་མཆོད་བསྟོད་བྱེད་སའི་ལྷ་ཡིན་ན་ཡང་། བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་འདི་རུ་རྗེ་བློན་གྱི་ཁྱད་པར་བྱུང་བ་ནས་བཟུང་། རྗེ་བོས་རང་གི་ཆབ་སྲིད་ཀྱི་དབང་ཤུགས་དང་མངའ་ཐང་གི་ཆེ་བ་ལ་བརྟེན་ནས་མངའ་འབངས་རྣམས་ལ་དབང་བསྒྱུར་བདེ་བའི་ཆེད་དུ། རང་ཉིད་ནི་ལྷ་ཀླུ་གཉན་བཙན་སོགས་ཀྱི་སྤྲུལ་བ་ཡིན་པར་རློམ་པ་དང་། ཆེད་དམིགས་ཀྱིས་འཇིག་རྟེན་མི་ཡུལ་གྱི་འབངས་རྣམས་ལ་དབང་བསྒྱུར་བའི་ཕྱིར་ཕེབས་པ་ལ་སོགས་པའི་གཏམ་འདྲ་ཆགས་པོ་རྣམས་དྲིལ་བསྒྲགས་པ་རེད། མངའ་འབངས་རྣམས་རང་ཉིད་ལ་ཡིད་ཆེས་པ་དང་བཀའ་ལ་ཉན་པར་བྱེད་ཆེད། མང་ཚོགས་ཀྱི་མཆོད་བསྟོད་བྱེད་པའི་ལྷ་དེ་རང་གི་ལྷ་ལ་བརྩིས་པ་དང་། མང་ཚོགས་ཀྱིས་ལེན་འདོད་ཅིང་ཉན་པར་སྤྲོ་བའི་ངག་ཐོག་སྙན་ངག-མགུར་གླུ་དེ་ཆབ་སྲིད་ཀྱི་ཐོག་ལ་བཀོལ་པ་ཡིན་པས། རྗེ་བོ་དང་མགུར་ལྷའི་བར་ལ་འབྲེལ་བ་བྱུང་བ་རེད།'"③དེ་བཞིན་རྒྱལ་པོ་ལ་ལྷ་བཙན་པོ་དང་རྒྱལ་སྲས་ལ་ལྷ་སྲས། རྒྱལ་པོའི་བཙུན་མོ་དང་སྲས་མོ་ལ་ལྷ་གཅིག རྒྱལ་པོའི་རིགས་ལས་རབ་ཏུ་བྱུང་བ་ལ་ལྷ་བླ་མ་ཞེས་པའི་ཞེ་སའི་མིང་གིས་འབོད་སྲོལ་དར།

    གདོད་མའི་མིས་དངོས་ཀུན་བླ་ཡོད་སྨྲ་བའི་ཕྱོགས་ཁྲིད་ལ་བརྟེན་ནས། ཁོ་ཚོའི་བློ་རིག་དང་འཚམ་པའི་ལྷ་སྒྲུང་གི་བསམ་གཞིགས་བྱུང་བས། ཐུན་མོང་མ་ཡིན་པའི་སྐད་ཆ་དང་བསམ་གཞིགས་དེའི་ལམ་དུ་མི་ཞུགས་ག་མེད་བྱུང་ཞིང་། ངོ་མཚར་བའི་ད་ལྟའི་ལྷ་སྒྲུང་འདི་བྱུང་བ་རེད། གདོད་མའི་མིས་སྣང་ངོར་དོན་དངོས་གནས་ཚུལ་དང་འཆར་སྣང་གཉིས་གཞི་གཅིག་ཏུ་འདྲེས་པར་འདོད་ཅིང་། ཡིད་སྤྲུལ་ལས་བྱུང་བའི་ལྷ་སྒྲུང་ནི་དོན་དངོས་གནས་ཚུལ་དུ་འདོད། འོན་ཀྱང་ད་ལྟའི་མི་རྣམས་ཀྱིས་རང་རློམ་ཆེན་པོས་དེ་གཉིས་སོ་སོར་བལྟ་བ་རེད། དབྱིན་ཇིའི་རིག་གནས་མིའི་རིགས་རིག་པ་བ་ཐའེ་ལེ་ཡིས"ཉིན་རྒྱུན་གྱི་ཉམས་མྱོང་ལས་བྱུང་བའི་དོན་དངོས་དེ་ལྷ་སྒྲུང་གི་ཆེས་ཐོག་མ་དང་རྒྱུ་རྐྱེན་གཙོ་བོར་འགྱུར་བ་ནི། དངོས་ཀུན་བླ་ཡོད་སྨྲ་བའི་དད་མོས་སུ་གྱུར་པ་རེད།"④ཞེས་གསུངས་པ་ལྟར། བསམ་གཞིགས་འདི་རིགས་ལ"གདོད་མའི་བསམ་གཞིགས"སམ་ཡང་ན"ཀླ་ཀློའི་བསམ་གཞིགས"ཟེར་ཞིང་། ལྷ་སྒྲུང་ནི་བསམ་གཞིགས་ཁྱད་པར་བ་འདི་རིགས་ཀྱི་ཚད་བཀག་ལས་བྱུང་བའི་རང་བྱུང་དང་སྤྱི་ཚོགས་ཀྱི་ཚུར་སྣང་ཞིག་ཡིན།

    གདོད་མའི་མིས་རང་གི་ཚོར་ཤེས་ཀྱིས་རྟོགས་ནུས་པའི་སྣང་བརྙན་བྱེ་བྲག་པར་བརྟེན་ནས། རང་བྱུང་ཁམས་ལ་རྒྱུས་ལོན་བྱེད་པ་དང་། གསལ་བོར་བཤད་ན་རང་བྱུང་ཁམས་ཀྱི་དངོས་པོ་ཡོད་ཚད་མི་དང་འདྲ་བར་འདུ་ཤེས་དང་བསམ་བློ་ལྡན་པར་མ་ཟད། ད་དུང་མིའི་གཟུགས་བརྙན་ཅན་ཡིན་པར་འདོད་ཅིང་། ཁོ་ཚོས་དེ་ལྟར་རང་བྱུང་གི་སྟོབས་ཤུགས་མི་གཤིས་ཅན་དུ་བསྒྱུར་བ་རེད། 《རྦ་བཞེད》དུའང་བོད་ལུགས་ཀྱི་ལྷ་སྐུ་ཇི་ལྟར་བཞེངས་ཚུལ་བཀོད་པར"བོད་ཀྱི་ལུགས་སུ་བགྱིད་པའི་དཔེ་བོད་འབངས་ཀུན་ཚོགས་པ་ལས་ནང་ན་གཟུགས་བཟང་བ་ཁུ་སྟག་ཚས་ལ་དཔེ་བྱས་ཏེ། གཙོ་བོ་ལ་ཨརྱ་པཱ་ལོ་ཁར་ས་པཱ་ཎི་བཞེངས། རྨ་ས་ཀོང་ལ་དཔེ་བྱས་ཏེ་ཨརྱཔཱ་ལོར་རྟ་མགྲིན་སྒོ་སྲུང་དུ་བྱས། ཐང་བཟང་སྟག་ལོད་ལ་དཔེ་བྱས་ཏེ་ཨརྱ་པཱ་ལོའི་སྤྲུལ་བ་ཡི་གེ་དྲུག་པ་གཡས་སུ་བྱས། ལྷ་མོའི་དཔེ་བུད་མེད་ལ་མཛེས་པ་ལྕོག་རོ་བཟའ་ལྷ་བུ་སྨན་ལ་དཔེ་བགྱིས་ཏེ་སྒྲོལ་མ་གཡས་སུ་བྱས། ལྕོག་རོ་བཟའ་ནུ་ཆུང་ལ་དཔེ་བྱས་ཏེ་ལྷ་མོ་འོད་ཟེར་ཅན་གཡོན་དུ་བྱས།"⑤ཞེས་འཁོད་པ་ལས་རྟོགས་ཐུབ་པར་མ་ཟད། ལྷ་སྐུའི་ཕྲ་རྒྱན་ལའང་གསེར་དངུལ། གཡུ་བྱུར། གཟི། མུ་མེན་མུ་ཏིག་སོགས་བོད་མི་རང་གི་རྒྱན་ཆ་དག་ཡིན་པ་ལས་ཀྱང་རྟོགས་སླ། དེ་བཞིན་བོད་ཀྱི་ལྷ་སྒྲུང་ནང་གི་ལྷ་ཀླུ་གཉན་བཙན་སོགས་ཀྱི་གཟུགས་བརྙན་ནི་མིའི་རིགས་ཀྱིས་རང་བྱུང་ཁམས་དང་མི་རང་ཉིད་ཀྱི་གཟུགས་དབྱིབས་ལ་གཞིགས་ཏེ་འབྲི་བཞེངས་བྱས་པ་ཞིག་ཡིན་ཏེ། 《ཀླུ་འབུམ་དཀར་པོ》དང《བཀའ་ཐང་སྡེ་ལྔ》ལྟར་ན། ཀླུ་ལ་མི་ལུས་སྦྲུལ་མགོ་ཅན། མི་ལུས་གཡག་མགོ་ཅན། མི་ལུས་རྟ་མགོ་ཅན། མི་ལུས་སེང་གེ་མགོ་ཅན། མི་ལུས་དོམ་མགོ་ཅན། མི་ལུས་སྟག་མགོ་ཅན། མི་ལུས་འབྲུག་མགོ་ཅན། མི་ལུས་སྤྱང་མགོ་ཅན། མི་ལུས་སྤྲེལ་མགོ་ཅན། མི་ལུས་དུང་མགོ་ཅན། མི་ལུས་ཟངས་མགོ་ཅན། ཁོག་སྨད་སྦྲུལ་ལམ་ཉའི་མཇུག་མ་ཅན། མི་ཡི་ལུས་ལ་སྦྲུལ་གྱི་མགོ་བོ་བདུན་ཅན་སོགས་བཀོད་ཡོད་པར་མ་ཟད། དམངས་ཁྲོད་ཀྱི་ངག་རྒྱུན་ལའང་ཐེའུ་རང་ནི་བྱི་ལའི་རྣམ་པ་ཅན་ཞིག་ཡིན་ཟེར་བ་སོགས་ནི་གདོད་མའི་མིས་རང་བྱུང་ཁམས་མི་གཤིས་ཅན་དུ་བསྒྱུར་བའི་མཇུག་འབྲས་ཡིན། ཡིན་ཡང་། དེ་ནི་གདོད་མའི་སྤྱི་ཚོགས་ཀྱི་ཆེས་སྔ་བའི་ལྷ་ཡིན་པ་གསལ་བཤད་བྱས་ཡོད་ལ། གདོད་མའི་མིས་ལྟ་ཚུལ་དུ། མི་དང་སྲོག་ཆགས་ནི་གཉེན་སྒྲིག་ཆོག་ལ་ཕན་ཚུན་གཟུགས་འགྱུར་དང་གཞན་འགྱུར་ཀྱང་བྱས་ཆོག་པར་འདོད་དོ། །

    གསུམ། རུས་བླ་མཆོད་བཀུར་ནི་ལྷ་སྒྲུང་འབྱུང་བའི་བསམ་བློའི་རྨང་གཞི་ཡིན།

    དེ་ཡང་གནའ་བོའི་བོད་ཀྱི་རུས་མཛོད་སོགས་སུ"སྒ་ནི་ཤིང་ཁམས་ལུག་ལ་བླ། །སྒོ་ནི་མེ་ཁམས་ར་ལ་བླ། །ལྡོང་ནི་ས་ཁམས་ཤྭ་བར་བླ། །སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། །འབྲི་ནི་ཆུ་ཁམས་གཡག་ལ་བླ། །ཞེས་རུས་ཚན་མི་འདྲ་བ་རེར་བླ་མི་མཚུངས་པ་རེ་ཡོད་པར་གཞིགས་ན། རུས་བླ་ཞེས་པ་ནི་གཉེན་ཉེ་དང་མེས་པོ། སྲུང་མ། རུས་རྟགས། སྲོག་གི་རྟེན་ཕུར་བཅས་ཀྱི་འབྲེལ་བ་ཁྱད་པར་བ་ཞིག་ལ་ཟེར།"⑥གདོད་མའི་དུས་སུ་རྔོན་ལས་ལ་བརྟེན་ནས་འཚོ་བ་རོལ་སྐབས་རང་བྱུང་ཁམས་ཀྱི་གཅན་གཟན་སོགས་ཀྱི་ཡ་ང་བའི་གནོད་འཚེ་སྣ་ཚོགས་ཐེབས་པར་བརྟེན། ནང་སེམས་སུ་བརྗོད་དཀའ་བའི་འཇིགས་སྣང་གིས་ཁེངས་པས་ཕྱི་རོལ་ཡུལ་གྱི་དངོས་པོ་གང་རུང་ཞིག་ལ་སྐྱབས་བཅོལ་བའི་བློ་སྐྱེས་ཏེ་གཅན་གཟན་དང་རི་དྭགས། འདབ་ཆགས་སོགས་ལ་གཉེན་འབྲེལ་ཡོད་པར་རློམ་ནས་མཆོད་བཀུར་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་སྲོག་ཆགས་དེ་དག་རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་སྐྱབས་གནས་སུ་བཀུར་ཅིང་། ཕྱིས་སུ་བསམ་གཞིགས་ནུས་པ་འཕེལ་རྒྱས་སོང་བ་དང་བསྟུན་ནས་རང་ཉིད་ཀྱི་མཆེད་ཁུངས་རུས་བླ་དེ་དག་ཡིན་པའི་བག་ཆགས་ཟབ་མོ་ཞིག་ཆགས་པས། གཉེན་ཉེའི་འབྲེལ་བ་ཡོད་པའི་སྲོག་ཆགས་དེ་དག་རུས་ཚན་སོ་སོར་འབྱེད་པའི་རྟགས་མཚན་ལྟ་བུར་གྱུར། རིམ་བཞིན་སྐྱེ་འགྲོ་གཞན་ལས་མི་སྐྱེ་བར་ཡིད་མི་ཆེས་ཡང་རུས་བླ་མེས་པོ་ཡིན་པར་འདོད་པའི་འདུ་ཤེས་མཁྲེགས་པོ་དེའི་དབང་གིས་རང་ཤུགས་ཀྱིས་རུས་བླ་ལྷའམ་སྲུང་མར་བཀུར་བའི་སྲོལ་ད་ལྟའང་མ་ཉམས་པར་མཐོང་རྒྱུ་ཡོད་དེ། དམངས་ཁྲོད་དུ་བྱ་ཁྱུང་དང་རི་སྤྱང་། ཝ་མོ། སྤྲེལ། གླག་སོགས་ནི་རང་གི་རུས་ཚན་གྱི་མེས་པོའམ་སྲུང་མར་བརྩིས་ཏེ་མཆོད་བཀུར་བྱེད་པ་ཡིན། བྱ་ཁྱུང་གཞི་བདག་ཏུ་བཀུར་བ་དང་། རི་སྤྱང་དང་ཝ་མོ་སོགས་ཡུལ་ལྷ་གཞི་བདག་གི་སྒོ་ཕྱུགས་སུ་བརྐོས་ཏེ་མགོན་ཁང་དང་བཙན་ཁང་སོགས་ཀྱི་སྒོ་ཁར་དེ་དག་གི་འཇིམ་བརྙན་བཟོ་བ། ཁྱིམ་ཚང་གི་རྒྱ་སྒོའི་ཡར་བཞག་ཏུ་སྤྲེའུ་འཇིམ་བརྙན་དང་འདྲ་པར། གླག་མགོ་དང་གླག་སྡེར་བཀལ་ཏེ་ཐེའུ་རིང་སོགས་ཀྱི་གནོད་འཚེ་འགོག་པའི་གཉེན་པོར་བསྟེན་པ་ལས་ཀྱང་རུས་བླར་དད་པ་དང་རུས་ཚན་གྱིས་རང་གི་མེས་པོར་དད་པ་གཉིས་ཀྱི་བར་འབྲེལ་བ་དམ་ཟབ་ཡོད་པ་ཤེས་ཐུབ། ལྷ་སྒྲུང་མང་ཆེ་བའི་ནང་དུ་རུས་ཚན་གང་ཞིག་གི་མེས་པོ་ནི་སྲོག་ཆགས་གང་ཞིག་ཡིན་པ་དང་ཡང་ན་སྲོག་ཆགས་གང་ཞིག་དང་འབྲེལ་བ་ཡོད་པར་བཤད་ལ། ཐ་ན་དངོས་པོ་ག་གེ་མོ་ཞིག་ལས་མེས་པོ་བྱུང་ཚུལ་གྱི་ལྷ་སྒྲུང་མང་དུ་བྱུང་སྟེ། གནའ་རབས་ཀྱི་མེས་པོ་ཚོས་མངལ་སྐྱེའི་ལྟ་བ་དེ་འགྲེལ་བཤད་བརྒྱབ་པ་རེད། དངོས་པོ་གང་ཞིག་གཏན་ལ་ཕབ་རྗེས་རུས་བླའི་རྟགས་མཚན་ཞིག་ལ་མཆོད་བཀུར་བྱེད་པའི་སྲོལ་འདི་བྱུང་བ་ཡིན་པས། སྣང་ཚུལ་ཞིག་ལ་དད་མོས་བྱས་པ་ཅིག་མ་ཡིན་པར་གཙོ་བོ་རུས་ཚན་གྱི་མེས་པོར་དད་མོས་བྱས་པ་ཞིག་ཡིན། རུས་ཚན་དང་འབྲེལ་བའི་ལྷ་སྒྲུང་ཡང་རང་གི་རུས་ཚན་གྱི་མེས་པོར་མཆོད་བཀུར་བྱེད་པ་ཞིག་ཏུ་གྱུར་པ་རེད། རྒྱུ་མཚན་དེའི་ཕྱིར་མེས་པོའི་བྱུང་བ་བརྗོད་པའི་ལྷ་སྒྲུང་ནི་དོན་དམ་པར་རུས་བླར་མཆོད་པའི་ལྷ་སྒྲུང་ཁྱད་པར་བ་ཞིག་ཡིན་འདུག

    ལྷ་སྒྲུང་འདིའི་རིགས་གྲངས་ཉུང་མི་རིགས་སོ་སོར་ཡོངས་ཁྱབ་ཀྱིས་གནས་འདུག རང་རྒྱལ་ཡུན་ནན་ཞིང་ཆེན་གྱི་ནུའུ་རིགས་ཀྱི་སྦྲུལ་གྱི་རུས་རྒྱུད་ཀྱི་ངག་རྒྱུན་དུ། མ་སྨད་བཞི་བུད་ཤིང་བཏུ་བར་ཕྱིན་པའི་ལམ་བར་དུ་སྦྲུལ་ཆེན་པོ་ཞིག་དང་འཕྲད་ཅིང་། སྦྲུལ་དེས་བཙན་གྱིས་བུ་མོ་ཞིག་ཆུང་མར་བསླངས་པ་ན། བུ་མོ་ཆུང་བས་རང་གི་མ་དང་སྤུན་གཉིས་བསྐྱབ་ཆེད་རང་ཉིད་སྦྲུལ་ཆེན་པོ་དང་གཉེན་བསྡེབས་པས། རྗེས་རབས་མང་དུ་འཕེལ་ཞིང་སྦྲུལ་གྱི་རུས་རྒྱུད་དུ་གྱུར། ཡང་ཡུན་ནན་ཞིང་ཆེན་གྱི་པའེ་རིགས་སྟག་གི་རུས་རྒྱུད་ཀྱི་ངག་རྒྱུན་ལྟར་ན། གནའ་སྔ་མོའི་དུས་སུ། བུ་མོ་ཞིག་རི་ལ་བུད་ཤིང་བཏུ་བར་ཕྱིན་པའི་ལམ་བར་དུ་སྟག་ཞིག་དང་འཕྲད་དེ་སྟག་དེས་བཙན་གྱིས་བུ་མོ་དེ་དང་གཉེན་བསྡེབས་པའི་རྗེས་རབས་ལ་སྟག་གི་རུས་རྒྱུད་དུ་འབོད། སྦྲུལ་གྱི་རུས་རྒྱུད་ལ་ཆ་འདྲ་བའི་ངག་རྒྱུན་མང་དུ་ཡོད་དེ། སྦྲུལ་སྔོན་པོ་ཞིག་གིས་བཙན་གྱིས་བུད་མེད་ཅིག་ལ་གཉེན་བསྡེབས་ཏེ་བུ་ཞིག་སྐྱེས་པ་དེ་ནི་སྦྲུལ་གྱི་རུས་རྒྱུད་ཀྱི་མེས་པོ་ཡིན་པར་བརྗོད། བྱི་བའི་རུས་རྒྱུད་ཀྱི་ངག་རྒྱུན་ལྟར་ན། ཁྱིམ་ཚང་ཞིག་གི་བུ་མོ་བཞི་བ་དང་བྱི་བ་ཞིག་འདུས་པ་ལས་རྗེས་རབས་བུ་དང་བུ་མོ་གཉིས་བཙས་པ་དེའི་མེས་པོར་གྱུར་ཞེས་སོགས་ངག་རྒྱུན་རིགས་འདྲ་བ་མང་དུ་མཆིས། དཔེ་དེ་བཞིན་དུ་བོད་ཀྱི"རྩ་བའི་རུས་ཆེན་སྤྱང་ལ་མཚོན་ནའང་། གདོད་མའི་མི་ཚོགས་ཤིག་གིས་གཅན་གཟན་སྤྱང་དེ་རང་གི་གཉེན་ཉེ་དང་མེས་པོ་སོགས་སུ་འདོད་ནས་རུས་བླར་བཀུར་བས། ཚོགས་པ་དེའི་སྤྱི་མིང་དང་ཚོགས་པ་དེ་ལས་མཆེད་པའི་རྗེས་རབས་པའི་རུས་ཀྱི་མིང་ལ་སྤྱང་ཞེས་འབོད་པར་མ་ཟད། རུས་སྤྱང་ཅན་ཡུན་རིང་དུ་གནས་པའི་ཡུལ་ཏེ། སྟོད་མངའ་རིས་བྱང་ཕྱོགས་ཀྱི་རི་བོ་གངས་ཏེ་སེའི་ཉེ་འདབས་ས་ཁུལ་དང་ས་དེར་གནས་པའི་འབྲོག་སྡེ་ཆེན་པོ་རྣམས་ལ་དེང་སང་ཡང་སྤྱང་ཞེས་འབོད་ཀྱིན་ཡོད།"⑦《ཐང་ཡིག་གསར་རྙིང》ལས། "རི་དྭགས་གཉན་ནི་ལྷ་རུ་བཀུར"ཞེས་པ་དང་། 《གླིང་སྒྲུང》ལས། "ཆེ་རྒྱུད་བླ་གནས་སེང་ཆེན་རེད། །སྟག་རོང་བླ་གནས་སྟག་ལ་བརྫུ། །"⑧ཞེས་འཁོད་པ་ལྟར། གདོད་མའི་དུས་སུ་བོད་ཀྱི་རུས་ཚན་སོ་སོས་རི་དྭགས་གཉངན་དང་སེང་གེ། སྟག་སོགས་རང་ལ་མགོན་སྐྱོབ་བྱེད་པའི་རུས་བླར་བཀུར་མྱོང་བའི་རིག་གནས་ཀྱི་རྒྱུན་ཤུལ་མངོན་པར་གསལ།

    འདི་ལྟ་བུའི་མི་དང་སྲོག་ཆགས་གཉེན་བསྡེབས་པའི་ལྷ་སྒྲུང་ལས་རྟོགས་ཐུབ་པ་ནི། "གདོད་མའི་མིས་ཁོ་ཚོ་དང་སྲོག་ཆགས་གང་ཞིག་གི་བར་དུ་གཉེན་ཉེའི་འབྲེལ་བ་ཡོད་སྲིད་པར་མ་ཟད། རྒྱུན་པར་སྲོག་ཆགས་དེ་རིགས་རང་གི་གདུང་རབས་སུ་བརྩི་བ་དང་རང་ཉིད་ཀྱི་དེ་འདྲའི་འཛོམ་པོ་མེད་པའི་རིག་གནས་ཀྱི་གྲུབ་འབྲས་ཆུང་ངུ་ཡང་དེ་དག་གིས་བསྩལ་བར་རློམ།"⑨ཧྥུ་ལེ་ཙེ་ཡིས"རུས་བླ་ནི་ཀླ་ཀློའི་མིས་རྨོངས་དད་ཀྱིས་དད་མོས་བྱས་པའི་ཕྱིའི་དངོས་པོ་ཞིག་ཡིན། ཁོ་ཚོས་རུས་བླ་དང་རུས་ཚན་གྱི་ཁོངས་མི་ཡོངས་རྫོགས་སུ་ཐད་ཀའམ་དམིགས་བསལ་གྱི་འབྲེལ་བ་ཞིག་གནས་བར་ཡིད་ཆེས་བརྟན་པོ་སྐྱེས་ཤིང་། མི་སྒེར་དང་རུས་བླའི་བར་གྱི་འབྲེལ་བ་ནི་ཕྱོགས་གཉིས་ཀར་ཕན་པ་ཞིག་ཡིན། རུས་བླས་མི་རྣམས་ལ་སྲུང་སྐྱོང་བྱེད་པ་དང་། མི་རྣམས་ཀྱིས་ཐབས་སྣ་ཚོགས་ལ་བརྟེན་ནས་རུས་བླར་མཆོད་བཀུར་བྱེད་པ་རེད།"10

    རང་གི་མེས་པོའི་བྱུང་བ་བརྗོད་པའི་ལྷ་སྒྲུང་འདི་དག་ལ། ལྷ་སྒྲུང་རིག་པས་རུས་བླའི་བལྟོས་བྱུང་ལྷ་སྒྲུང་ཟེར། (དེ་ནི་མིའི་རིགས་ཀྱི་མེས་པོ་བྱུང་བ་དང་འབྲེལ་བའི་ལྷ་སྒྲུང་གི་རིགས་ཤིག་ཡིན་ལ། སྤྱིར་བཏང་དུ་འདི་འདྲ་ཞིག་སྟེ། བུད་མེད་ཅིག་རང་གི་ཚོར་ཤེས་ལ་བརྟེན་ནས་ཕྱིའི་དངོས་པོ་ཞིག་དང་བཤོས་པའམ་ཡང་ན་རྨི་ལམ་དུ་ཕྱིའི་དངོས་པོ་ག་གེ་མོ་ཞིག་དང་བཤོས་ཏེ་མངལ་སྦྲུམ་རྗེས། མིའི་རིགས་ཀྱི་མེས་པོ་བྱུང་བ་དང་། བུད་མེད་དེར་མིའི་རིགས་ཀྱི་མེས་པོའི་མ་ཡུམ་དུ་འབོད།)དཔེར་ན་བོད་དུའང་དེ་དང་ཆ་འདྲ་བ་ཡོད་དེ། ལོ་ངམ་གྱིས་གྲི་གུམ་བཙན་པོ་བཀྲོངས་ཏེ་དེའི་བཙུན་མོར་རྟ་འཚོ་རུ་བཅུག་པ་དང་། རྟ་འཚོ་བར་ཕྱིན་ནས་གཉིད་དུ་ལོག་པའི་རྨི་ལམ་དུ། མི་དཀར་ཤིན་ཏུ་མཛེས་པ་ཅིག་དང་བཤོས་པ་རྨིས་ཤིང་སད་ཚེ་གཡག་དཀར་ཞིག་གམ་ནས་སོང་བ་མཐོང་། དེ་ནི་ཡར་ལྷ་ཤམ་པོའི་སྤྲུལ་བ་ཡིན་པར་བཤད་ཅིང་། ཟླ་ཁ་བཀང་རྗེས་མའི་མངལ་ནས་ཁྲག་རླངས་འགུལ་བ་ཞིག་བཙས་པ་དང་། དེ་འབྲོང་རུ་དྲོན་མོར་བཅུག་ནས་འོ་མས་བཀྲུས་ཤིང་དྲོད་ཀྱིས་བཙོས་པས་དེའི་ནང་ནས་ཁྱེའུ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་བྱུང་བ་ནི་ཡར་ལྷ་ཤམ་པོའི་བུ་རུ་ལས་སྐྱེས་ཡིན་པར་བཤད། བལྟོས་བྱུང་ལྷ་སྒྲུང་འདི་དག་གིས་གནའ་སྔ་མོའི་སྐྱེ་འཕེལ་གྱི་ལྟ་ཚུལ་ཞིག་གསལ་བཤད་བྱས་ཡོད་དེ། གནའ་སྔ་མོའི་དུས་རབས་ཀྱི་མིས་བུ་དང་བུ་མོ་བཙའ་བ་ནི་ཕོ་མོ་བསྡེབས་ནས་བྱུང་བའི་མཇུག་འབྲས་ཡིན་པ་མ་རྟོགས་པར། རང་བྱུང་གི་དངོས་པོ་གང་ཞིག་དང་བཤོས་ཏེ་བྱུང་བར་འདོད་ནས་རང་བྱུང་གི་དངོས་པོ་དེ་དག་རུས་བླར་བཀུར་བ་རེད། དེ་ནི་མ་རྒྱུད་སྤྱི་ཚོགས་ཀྱི་དུས་རབས་ཡིན་སྟབས་མའི་སྐྱེ་འཕེལ་ལས་ཕའི་སྐྱེ་འཕེལ་རྟོགས་མེད།

    གོང་གི་དཔེ་བརྗོད་འགས་ལྷ་སྒྲུང་དང་རུས་བླའི་ལྟ་ཚུལ་གྱི་འབྲེལ་བ་དམ་ཟབ་ཡིན་པ་གསལ་བཤད་བྱས་ཡོད་པ་དང་། ལྷ་སྒྲུང་གིས་རུས་བླར་མཆོད་བཀུར་བྱེད་པའི་ལྟ་ཚུལ་ཟིན་ཐོར་བཀོད་འདུག་ལ། རུས་བླར་མཆོད་བཀུར་བྱེད་པ་ནི་གདོད་མའི་བལྟོས་བྱུང་ལྷ་སྒྲུང་གི་ནང་དོན་གཙོ་བོར་གྱུར་ཡོད།

    གོང་གསལ་གྱི་ལྷ་སྒྲུང་གི་འབྱུང་འགྱུར་དག་མདོར་བསྡུས་ན། ཐོན་སྐྱེད་ནུས་ཤུགས་དང་ཚན་རིག་ལག་རྩལ་ཤིན་ཏུ་ན་ཕྲ་བ། འཇིག་རྟེན་གྱི་བྱ་དངོས་མཐའ་དག་ཇི་བཞིན་འགྲེལ་མི་ནུས་པ་བཅས་ནི་ལྷ་སྒྲུང་འབྱུང་བའི་དངོས་པོའི་རྨང་གཞི་ཡིན་ལ། རུས་བླ་མཆོད་བཀུར་དང་དངོས་ཀུན་བླ་ཡོད་སྨྲ་བའི་འདུ་ཤེས། ཕུན་སུམ་ཚོགས་པའི་ཡིད་སྤྲུལ་དང་འཕྲུལ་སྣང་གི་བསམ་བཞིགས་ནུས་པ་བཅས་ནི་ལྷ་སྒྲུང་འབྱུང་བའི་བསམ་བློའི་རྨང་གཞི་ཡིན། དེར་བརྟེན། ལྷ་སྒྲུང་ནི་འཕྲུལ་སྣང་དང་ལྷའི་རང་བཞིན་ཅན་དུ་སྒྱུར་བའི་ཐབས་ལ་བརྟེན་ནས། རྩོམ་རིག་གི་རྣམ་པ་སྟེ་བཅད་ལྷུག་གང་རུང་གི་ལམ་ནས་མཚོན་པར་བྱས་པའི་གདོད་མའི་མི་རྣམས་ཀྱིས་རང་བྱུང་གི་གསང་བ་དང་། སྤྱི་ཚོགས་ཀྱི་མི་ཆོས་སྣང་ཚུལ། མིའི་རིགས་རང་ཉིད་དང་དེ་མིན་མི་རྣམས་ཀྱིས་ཐོན་སྐྱེད་འཚོ་བའི་ནང་གི་གདོད་མའི་ཤེས་བྱ་བསགས་པ་དང་འགྲེལ་བཤད་བྱས་པ་ཞིག་རེད། དེའི་བསམ་བློ་ནི་གདོད་མའི་སྐྱེ་ལད་ལྟ་ཚུལ་དང་། གདོད་མའི་ཆོས་ལུགས་ཀྱི་ལྟ་བ། གདོད་མའི་མཚན་ཉིད་རིག་པའི་ལྟ་བའི་རྨང་གཞིའི་སྟེང་ཚུགས་པ་ཞིག་རེད། ལྷ་སྒྲུང་གི་རྟོག་ཞིབ་བྱ་ཡུལ་དང་དེ་མིན་ཤེས་རིག་སྣ་ཚོགས་ཀྱི་འབྱུང་ཁུངས་ནི། གཅིག ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་ནང་བཅུད་ཀྱི་སེམས་ཅན་བྱུང་ལུགས། གཉིས། འཇིག་རྟེན་གྱི་གདོད་མའི་རྣམ་པ་དང་རང་བྱུང་གི་གདོད་མའི་རྣམ་པ། མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་གདོད་མའི་རྣམ་པ་སོགས་སོ། །    

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག