༄༅༅།།སེམས་ཅན་ཐམས་ཅད་ཅེས་པས་ནི་སེམས་བསྐྱེད་པའི་དམིགས་པ་བསྟན་ཏེ། དེ་ཡང་སེམས་ཅན་ནི་འདི་ཙམ་དུ་ཟད་དོ་ཞེས་ཚད་གཟུང་བར་མི་ནུས་ཏེ། མདོ་ལས་གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཆུའི་དཀྱིལ་འཁོར་དུ་གྱུར་ལ། སྐྱེས་བུ་ཞིག་གིས་ལོ་བརྒྱ་ཕྲག་སྟོང་སྟོང་ན་སྤུའི་རྩེ་མོ་ཞིག་གིས་ཆུ་དེ་ལས་འཐོར་བར་བྱེད་ན་ཆུའི་དཀྱིལ་འཁོར་ནི་ཟད་པར་འགྱུར་གྱི། སེམས་ཅན་གྱི་ཁམས་ནི་ཟད་པར་འགྱུར་བ་མེད་དོ་ཞེས་གསུངས་པ་དང༌། འཕགས་པ་ཀུན་དུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ལས་ཀྱང༌། ནམ་མཁའི་མཐར་ཐུག་གྱུར་པ་ཇི་རྩམ་པར།།སེམས་ཅན་མ་ལུས་མཐའ་ཡང་དེ་ཙམ་མོ།།ཞེས་གསུངས་སོ། །དེ་ལྟ་བུའི་སེམས་ཅན་ཡུལ་དུ་བྱས་ནས་སེམས་བསྐྱེད་པར་བྱའོ། །བྱམས་པའི་སེམས་ནི་སྔོན་འགྲོ་བས། །ཞེས་པ་ནི་མར་འདུ་ཤེས་པ་ལས་དྲིན་དུ་གཟོ་བའི་སེམས་འབྱུང་བ་ནི་བྱམས་པའོ། །བྱམས་པའི་སེམས་ལས་སྙིང་རྗེའི་སེམས་འབྱུང་ལ་སྙིང་རྗེའི་སེམས་ལས་བྱང་ཆུབ་ཀྱི་སེམས་འབྱུང་བས་ན་བདག་གིས་འདིར། བྱམས་པའི་སེམས་ནི་སྔོན་འགྲོ་བས། །ཞེས་སྨྲས་སོ། །ཚིག་རྐང་པ་བདུན་ནི་དཀྱུས་ཇི་ལྟ་བ་ཉིད་དོ། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །ཞེས་བྱ་བ་ནི་གསུམ་ལ་སྐྱབས་སུ་འགྲོ་བ་བྱས་པའི་རྗེས་ལ་ཡང་བདག་ལ་འབྱོར་པ་ཅི་ཡོད་པས་དཀོན་མཆོག་གསུམ་དང་བླ་མ་དགེ་བའི་བཤེས་གཉེན་ལ་མཆོད་པ་དབུལ་བ་ཚུལ་བཞིན་དུ་བྱས་ལ། བླ་མའི་སྤྱན་སྔར་མཎྜལ་བྱས་ཏེ། བསམ་པ་བཟང་པོ་གཡོ་སྒྱུ་དང་བྲལ་བས་བླ་མ་འདི་ནི་སངས་རྒྱས་མངོན་སུམ་ན་བཞུགས་པ་ཉིད་ཡིན་ནོ་སྙམ་དུ་བསམས་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་མཛད་པ་དེ་དག་མ་ལུས་པར་བདག་གིས་རྫོགས་པར་བྱའོ་ཞེས་བསམས་ལ། པུས་མོ་གཉིས་ས་ལ་བཙུགས་པས་མེ་ཏོག་ཕུལ་ལ། ཐལ་མོ་ལེགས་པར་སྦྱར་ལ་འདི་སྐད་དུ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། ། ཁྱོད་ཞབས་པདྨ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། །བདག་ལ་བཀའ་དྲིན་སྩལ་དུ་གསོལ། ། བྱང་ཆུབ་སེམས་མཆོག་བླ་མེད་པ། །དམ་པ་དེ་ནི་བདག་ལ་སྩོལ། །ཞེས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་བླ་མ་དགེ་བའི་བཤེས་གཉེན་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཆེན་པོ་ལ་བཞུགས་པ་ཐམས་ཅད་དང༌།སྔོན་དང་ད་ལྟར་གྱི་བླ་མ་དགེ་བའི་བཤེས་གཉེན་དག་སྤྱན་དྲངས་ཏེ།དེ་དག་གི་སྤྱན་སྔར་འཕགས་པ་བཟང་པོ་སྤྱོད་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཆོ་གས་རྒྱུད་ལེགས་པར་དག་པར་བྱའོ། །དེ་ལྟར་སྣོད་ཤིན་ཏུ་སྦྱངས་ནས་བླ་མ་ལ་སློབ་མ་དེས་ཡང་ལག་པ་མེ་ཏོག་དང་བཅས་པས་གསོལ་བ་གདབ་པར་བྱའོ། །བླ་མ་དེས་རྙེད་པ་དང༌། བཀུར་སྟི་དང། གྲགས་པ་དང༌། སྒྲ་དང༌། ཚིགས་སུ་བཅད་པ་དང༌། ཟང་ཟིང་དང་བཅས་པའི་སེམས་མེད་པས་འདི་སྙམ་དུ། ཨེ་མ་ངོ་མཚར་རོ། །འཇིགས་པ་ཆེན་པོའི་དུས་འདིར་འདི་ལྟ་བུའི་སེམས་ཅན་དམ་པ་འབྱུང་བ་ནི་ངོ་མཚར་རོ་ཞེས་བསམ་པ་དང༌། ལྷག་པའི་བསམ་པ་བཟང་པོས་ཆོག་བྱའོ། །དེ་ཡང་འཛམ་བུའི་གླིང་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱི་དགོངས་པ་ཐ་དད་པར་གྱུར་ཏེ། སློབ་དཔོན་རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང༌། སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང༌། སློབ་དཔོན་འཕགས་པ་ཤཱན་ཏ་དེ་བ་དང༌། སློབ་དཔོན་འཕགས་པ་ཙནྡྲ་གོ་མི་དང༌། སློབ་དཔོན་དཾཥྚྲ་སེ་ན་དང། སློབ་དཔོན་དཔའ་བོ་དང༌། སློབ་དཔོན་ཤཱན་ཏ་ར་ཏེ་ལ་སོགས་པ་མཁས་པ་ཆེན་པོ་དེ་དག་གི་དགོངས་པ་ནི་འདི་ལྟར་ཐ་དད་པར་འགྱུར་ཏེ།དང་པོར་ནི་བྱང་ཆུབ་ཀྱི་སེམས་དེ་ཉིད་ལ་ཐ་དད་པར་གྱུར་ཏོ། །གཉིས་པར་ནི་བྱང་ཆུབ་ཀྱི་སེམས་དེའི་ཆོ་ག་ལ་ཐ་དད་པར་གྱུར་ཏོ། །གསུམ་པར་ནི་བྱང་ཆུབ་ཀྱི་སེམས་དེ་སྐྱེ་བའི་ཚུལ་ལའོ། །བཞི་པར་ནི་སེམས་དེའི་བསླབ་བྱའི་ཚུལ་ལ་ཐ་དད་པར་གྱུར་ཏེ། དོན་དང་པོ་དེ་ལ་སློབ་དཔོན་ཁ་ཅིག་གི་ཞལ་ནས་མོས་པས་སྤྱོད་པ་པ་འཇིག་རྟེན་པའི་ལམ་གྱིས་བསྡུས་པའི་སེམས་དེ་ནི་སྨོན་པའི་སེམས་ཡིན་ནོ་ཞེས་གསུངས་སོ། །ལ་ལའི་ཞལ་ནས་ནི་ཇི་སྲིད་དམིགས་པ་དང་བཅས་པའི་སེམས་དེ་ནི་ཀུན་རྫོབ་ཀྱི་རྣམ་པ་སྟེ། སྨོན་པའི་སེམས་སོ་ཞེས་བཞེད་དོ། །གཞན་ནི་ཚོགས་ཀྱི་ལམ་པ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པའི་སེམས་དེ་ནི་སྨོན་པའི་སེམས་ཡིན་ནོ་ཞེས་བཞེད་དོ། །ཁ་ཅིག་ནི་བསོད་ནམས་མངོན་པར་འདུ་བྱ་བ་དང་མི་ལྡན་པའི་སེམས་ནི་སྨོན་པའི་སེམས་ཡིན་ནོ་ཞེས་བཞེད་དོ། །ལ་ལ་ནི། འགྲོ་བར་འདོད་དང་འགྲོ་བ་ཡི། །ཞེས་པས་རྫོགས་པའི་བྱང་ཆུབ་ཡུལ་དུ་བྱེད་པ་ཙམ་དེ་ནི་སྨོན་པའི་སེམས་ཡིན་ནོ་ཞེས་བཞེད་དོ། །དེ་མ་ཡིན་པ་གཞན་ཡང་ཡོད་དེ་གཞུང་མངས་པར་འགྱུར་རོ། །གཉིས་པའི་དོན་ལ་ཡང་ཐ་དད་པར་གྱུར་ཏེ། དེ་དག་ཉིད་ཀྱིས་མཛད་པའི་གཞུང་དེ་དང་དེར་བལྟ་བར་བྱའོ། །གསུམ་པའི་དོན་ལ་ཡང་ཁ་ཅིག་ནི་གང་ཟག་གི་དྲུང་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པས་ཀྱང་དེ་སྐྱེ་བར་བཞེད་དོ། །ལ་ལ་ནི་སངས་རྒྱས་ཀྱི་སྤྱན་སྔར་མ་ཡིན་པར་སེམས་བསྐྱེད་པར་མི་བྱའོ་ཞེས་བཤད་དོ། །གཞན་དག་ནི་འདི་སྐད་དུ། །བྱང་ཆུབ་ཀྱི་སེམས་སྐྱེ་བ་ནི་རྣམ་པ་བཞིའི་ཚུལ་གྱིས་སྐྱེ་བར་འགྱུར་རོ་ཞེས་བཞེད་དོ། །དོན་འདི་བཞི་པ་ལ་ཡང་ཐ་དད་པར་གྱུར་ཏེ། ཁ་ཅིག་གི་ཞལ་ནས་བྱང་ཆུབ་སེམས་དཔའ་ནི་ལྔ་སྟེ། སེམས་དང་པོ་བསྐྱེད་པ་དང༌། སྤྱོད་པ་ལ་འཇུག་པ་དང༌། ཕྱིར་མི་ལྡོག་པ་དང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང༌། སྐྱེ་བ་གཅིག་གིས་ཐོགས་པའོ། །དེ་ལ་སྔ་མ་གཉིས་ཀྱི་བསླབ་པ་ཇི་སྙེད་པའི་ཞེས་བཞེད་དོ། །ལ་ལས་ནི་མདོ་ལས་གསུངས་པ་ཐམས་ཅད་བསྲུང་བར་བྱ་བ་ཡིན་ནོ་ཞེས་བཞེད་དོ། །ལ་ལ་ནི་ཚོགས་ཀྱི་ལམ་པའི་བསླབ་པ་ཇི་སྙེད་པ་བསྲུང་བར་བྱའོ་ཞེས་བཞད་དོ། །གཞན་དག་ནི་བསླབ་པ་འདི་དང་འདི་ལྟ་བུ་ཞེས་མི་བཞེད་དོ། །ཁ་ཅིག་ནི་སྐྱབས་སུ་འགྲོ་བའི་བསླབ་པའི་ཐོག་ཏུ་སྡོང་པོ་བཀོད་པ་དང༌། དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་དང༌། དད་པའི་སྟོབས་བསྐྱེད་པའི་མདོ་ལ་སོགས་པར་ཡང་བཤད་མོད་ཀྱི། རེ་ཞིག་འཕགས་པ་འོད་སྲུངས་ཀྱིས་ཞུས་པའི་མདོ་ལས་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་བ་དང༌། བརྗེད་པར་མི་འགྱུར་བའི་ཆོས་བརྒྱད་བསྲུང་བར་བྱའོ་ཞེས་བཞེད་དོ། །དེ་དག་ནི་མཚོན་པ་ཙམ་དང༌།འདི་ལྟར་སྔོན་གྱི་མཁས་པ་ཆེན་པོ་དེ་དག་གི་ལུགས་ཐམས་ཅད་འདིར་བཀོད་པར་གྱུར་ན་ནི་གཞུང་ཤིན་ཏུ་མངས་པར་འགྱུར་རོ། ། སློབ་དཔོན་ཆེན་པོ་དེ་རྣམས་ནི་ཐེག་པ་ཆེན་པོའི་ལམ་ལ་ཚད་མའི་སྐྱེས་བུར་གྱུར་པ། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་ལ་གོམས་པ། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་ཐུགས་བརྟན་པའོ། །དེ་ལ་སློབ་དཔོན་ཁ་ཅིག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པའོ། །ལ་ལས་ནི་བདེན་པ་གཟིགས་པའོ། །ལ་ལས་ནི་འཇིག་རྟེན་ཆོས་མཆོག་ཆེན་པོ་བརྙེས་ནས་སྤྲུལ་པའི་སྐུ་ལས་གདམས་ངག་ཐོབ་པ་དག་ཡིན་པ་དང༌། མདོ་ཉིད་ན་ཡང་དེ་དག་ཇི་ལྟར་བཞེད་པ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པས། དེ་དག་ནི་ལམ་ཆེན་པོ་ཉིད་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །འོན་ཀྱང་རང་རང་གི་བླ་མ་དག་གིས་ཇི་ལྟར་གནང་བའི་ལུགས་དེ་གཟུང་བར་བྱའོ་ཞེས་བདག་གི་བླ་མ་དག་གསུང་ངོ། །དེ་ལ་འདིར་རེ་ཞིག་སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང༌། སློབ་དཔོན་འཕགས་པ་ཐོགས་མེད་དང༌། སློབ་དཔོན་འཕགས་པ་ཤཱན་ཏ་དེ་བ་དག་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཆོ་གའི་ཚུལ་འདི་ལ་ཐ་དད་པ་མེད་ཅིང་མཐུན་པ་དང༌། ད་ལྟར་བདག་གི་བླ་མ་རྗེ་བཙུན་དཔལ་བྱང་ཆུབ་བཟང་པོ་དང༌། བླ་མ་རྗེ་བཙུན་སུ་ཝ་རཎྞ་དྭའི་པ་དག་ཀྱང་འཕགས་པ་དེ་དག་གི་རྗེས་སུ་འབྲང་བ་དང༌། བདག་ཀྱང་བླ་མ་རྗེ་བཙུན་དེ་དག་གི་རྗེས་སུ་འབྲང་བ་ཡིན་པས་བདག་ལ་སློབ་མའི་ཚོགས་ཀྱིས་གསོལ་བ་བཏབ་ནས་བྱས་པའི་ཆོ་གའི་ཐངས་ཅུང་ཞིག་བདག་གིས་བཀོད་པ་ནི་འཕགས་པ་ཀླུ་སྒྲུབ་དང༌། འཕགས་པ་ཐོགས་མེད་དང༌། འཕགས་པ་ཤཱན་ཏ་དེ་བ་དག་གི་ལུགས་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །དེ་དག་ནི་ཞར་ལ་བཤད་པའོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་ལྗོན་ཤིང་སྐྱེ་བ་ལ་ཆུའི་རླན་ལྟ་བུའི་ཆོས་གཉིས་སྔོན་དུ་འགྲོ་བ་ཡིན་ཏེ། འདི་ལྟར་སེམས་སྦྱང་བ་དང༌། བླ་མ་ལ་ཡོན་དབུལ་བའོ། །བླ་མ་ལ་ཡོན་དབུལ་བ་ཡང་འཕགས་པ་བསྐལ་པ་བཟང་པོའི་མདོ་དང༌། སྙིང་རྗེ་ཆེན་པོ་ལས་ཇི་ལྟར་འབྱུང་བ་ལྟ་བུའོ། །སེམས་སྦྱང་བ་ནི་འཕགས་པ་ཀུན་དུ་བཟང་པོའི་སྨོན་ལམ་སྔར་ཇི་སྐད་བརྗོད་པ་དང༌། ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཚུལ་གྱིས་བྱ་བ་ཡིན་ནོ། ། དེ་ནས་སྐྱེ་བོ་ཆེན་པོའི་ཆོས་ལུགས་ཤིང་རྟ་ཆེན་པོའི་ལམ་བླ་མ་གཅིག་ཏུ་བརྒྱུད་པ་སློབ་དཔོན་ཆེན་པོ་ཤཱན་ཏ་དེ་བའི་ཆོ་གའམ། སློབ་དཔོན་ཆེན་པོ་ཐོགས་མེད་ཀྱི་ཆོ་གས་ཚད་མེད་པ་བཞི་པོ་བསྒོམ་པ་སྔོན་དུ་སོང་བས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སློབ་མའི་རྒྱུད་དེ་ལས། སེམས་ཀྱི་ཁྱད་པར་ཇི་ལྟ་བུ་ཞིག་སྐྱེ་ཞེ་ན། དོན་འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་གསུངས་ཏེ། ཇི་སྐད་དུ། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་དང་པོ་བསྐྱེད་པ་དེ་ནི་མི་ཟད་པའོ། །དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཕྱིར་རོ། །སེམས་དེ་ནི་ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པར་སྐྱེས་སོ། །ཐེག་པ་གཞན་ལ་འདོད་པ་མེད་པས་སེམས་དེ་ནི་མ་འབྲེལ་བར་སྐྱེས་སོ། །ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་འཕྲོགས་པས་སེམས་དེ་ནི་སྲ་བར་སྐྱེས་སོ། །སེམས་དེ་ནི་བདུད་ཐམས་ཅད་ཀྱིས་མི་ཕྱེད་པར་སྐྱེས་སོ། །དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྒྲུབ་པས་སེམས་དེ་བརྟན་པར་སྐྱེས་སོ། །འདུས་བྱས་ཐམས་ཅད་མི་རྟག་པར་ཤིན་ཏུ་རིག་པས་སེམས་དེ་ནི་རྟག་པར་སྐྱེས་སོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྡུད་པས་སེམས་དེ་ནི་མི་གཡོ་བར་སྐྱེས་སོ། །ལོག་པར་སྒྲུབ་པ་ཐམས་ཅད་དང་བྲལ་བས་སེམས་དེ་ནི་མི་བརྗི་པར་སྐྱེས་སོ། །མི་བསྐྱེད་པས་སེམས་དེ་ནི་རྟག་པར་སྐྱེས་སོ། །གཉེན་པོ་མེད་པས་སེམས་དེ་ནི་དཔེ་མེད་པར་སྐྱེས་སོ། །ཆོས་ཐམས་ཅད་འབིགས་པས་སེམས་དེ་ནི་རྡོ་རྗེ་ལྟ་བུར་སྐྱེས་སོ། །བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསགས་པས་སེམས་དེ་ནི་མུ་མེད་པར་སྐྱེས་སོ། །སེམས་ཅན་ཐམས་ཅད་ལ་སེམས་དེ་ནི་མཉམ་པར་སྐྱེས་སོ། །རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པས་སེམས་དེ་ནི་རྣམ་པར་དག་པར་སྐྱེས་སོ། །ཤེས་རབ་ཀྱི་འོད་གསལ་བའི་ཕྱིར་སེམས་དེ་ནི་དྲི་མ་མེད་པར་སྐྱེས་སོ། །ལྷག་པའི་བསམ་པ་མ་བོར་བར་སེམས་དེ་ནི་ཤིན་ཏུ་ངེས་པར་སྐྱེས་སོ། །བྱམས་པ་ནམ་མཁའ་དང་མཉམ་ཞིང་མཚུངས་པས་ན་སེམས་དེ་ནི་ཡངས་པར་སྐྱེས་སོ། ། སེམས་ཅན་ཐམས་ཅད་གོ་འབྱེད་པས་སེམས་དེ་ནི་རྒྱ་ཆེ་བར་སྐྱེས་སོ། །སེམས་ཆགས་པ་མེད་པའི་ཡེ་ཤེས་ལ་བཏང་བས་སེམས་དེ་ནི་སྒྲིབ་པ་མེད་པར་སྐྱེས་སོ། །སྙིང་རྗེ་ཆེན་པོ་རྒྱུན་མ་ཆད་པས་ན་སེམས་དེ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བར་སྐྱེས་སོ། །ཡོངས་སུ་བསྡོ་པའི་ཆོ་ག་ཤེས་པས་ན་སེམས་དེ་ནི་རྒྱུན་མ་ཆད་པར་སྐྱེས་སོ། །ཐམས་ཅད་མཁྱེན་པས་རབ་ཏུ་སྟོན་པས་ན་སེམས་དེ་ནི་སྔོན་དུ་འགྲོ་བར་སྐྱེས་སོ། །ཐེག་པ་གཞན་ལ་མ་ཞུགས་པས་ན་སེམས་དེ་ནི་བལྟ་བར་འོས་པའོ། །དེ་ནི་སེམས་ཅན་ཐམས་ཅད་ཀྱིས་བལྟར་མི་མཐོང་བར་སྐྱེས་སོ། །དེ་ནི་བསོད་ནམས་ཀྱི་ཚོགས་ཀྱིས་བརྒྱན་པར་སྐྱེས་སོ། །དེ་ནི་ཡེ་ཤེས་ཀྱི་ཚོགས་ཀྱིས་རབ་ཏུ་རྟོགས་ཏེ་སྐྱེས་སོ། །དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་དུ་སྐྱེས་སོ། །དེ་ནི་ཆོས་ཐམས་ཅད་ཀྱིས་མི་ཤིགས་པར་སྐྱེས་སོ། །དེ་ནི་བདེ་བའི་དངོས་པོ་ཐམས་ཅད་ཀྱི་གནས་སུ་སྐྱེས་སོ། །དེ་ནི་སྦྱིན་པའི་ཚོགས་ཀྱིས་བསགས་ཏེ་སྐྱེས་སོ། །དེ་ནི་ཚུལ་ཁྲིམས་ཀྱི་ཚོགས་ཀྱིས་སྨོན་ལམ་གྱི་འཕགས་པར་སྐྱེས་སོ། །དེ་ནི་བཟོད་པའི་ཚོགས་ཀྱིས་བསྙེན་བཀུར་བར་སྐྱེས་སོ། །དེ་ནི་བརྩོན་འགྲུས་ཀྱི་ཚོགས་ཀྱིས་རྒྱལ་བར་དཀའ་བར་སྐྱེས་སོ། །དེ་ནི་བསམ་གཏན་གྱི་ཚོགས་ཀྱིས་ཞི་པའི་མཚན་ཉིད་དུ་སྐྱེས་སོ། །དེ་ནི་ཤེས་རབ་ཀྱི་ཚོགས་ཀྱིས་ཐོགས་པ་མེད་པར་སྐྱེས་སོ། །བྱམས་པ་ཆེན་པོ་བསགས་པས་དེ་ནི་གནོད་པ་མེད་པར་སྐྱེས་སོ། །སྙིང་རྗེ་ཆེན་པོ་བསགས་པས་དེ་ནི་རྩ་བ་བརྟན་པར་སྐྱེས་སོ། །དེ་ནི་དགའ་བ་ཆེན་པོ་བསགས་ཏེ་མགུ་བ་དང་མོས་པ་དང་མཆོག་ཏུ་དགའ་བ་ལ་གནས་པར་སྐྱེས་སོ། །དེ་ནི་བཏང་སྙོམས་ཆེན་པོ་གནས་པ་སྟེ་བདེ་བ་དང་སྡུག་བསྔལ་གྱིས་མི་བསྒུལ་བར་སྐྱེས་སོ། །དེ་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བརླབ་པར་སྐྱེས་སོ། །དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་བཅད་པའི་ཕྱིར་ཚུལ་རྒྱུན་མི་འཆད་པར་སྐྱེས་སོ། །དེ་ནི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་འཁོར་དུ་རབ་ཏུ་གྲགས་པར་སྐྱེས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཐམས་ཅད་མཁྱེན་པའི་སེམས་འདི་འདྲ་བ་ལ། ཟད་པ་གང་ཡང་ཡོད་དམ། སྨྲས་པ། རིགས་ཀྱི་བུ་དེ་ནི་མ་ཡིན་ཏེ། གང་ཐམས་ཅད་མཁྱེན་པའི་སེམས་འདི་ལྟ་བུ་ཟད་པར་འདོད་པ་ནི་ནམ་མཁའ་ཟད་པར་འདོད་དོ། །བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པའི་སེམས་དེ་ནི་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དེའི་རྩ་བར་སྐྱེས་པས་ན་དེའི་ཕྱིར་དེ་ནི་མི་ཟད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་མདོ་དེ་ཉིད་ལས་བསམ་པ་དེ་ནི་མ་བྱས་པས་ན་བཅོས་མ་མ་ཡིན་པའོ། །གཡོ་བ་མེད་པས་ན་མ་བྱས་པའོ། །རབ་ཏུ་རྟོགས་པས་གཡོ་བ་མེད་པའོ། །སྒྱུ་མེད་པས་རབ་ཏུ་རྟོགས་པའོ། །སྒྱུ་མེད་པས་རབ་ཏུ་དྲང་བའོ།།དག་པས་སྒྱུ་མེད་པའོ།།གསལ་བས་གྱ་གྱུ་མེད་པའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་ཏེ། མདོ་དེ་ཉིད་དུ་བལྟ་བར་བྱའོ། །

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག