༄༅༅།།དེ་ལྟ་བུའི་ཐུན་མོང་མ་ཡིན་པའི་སེམས། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་སེམས། སེམས་ཅན་ཐམས་ཅད་མ་བཏང་བའི་སེམས་དེ་ནི་ས་ཆེན་པོ་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དེ་ཉིས་སྦྱངས་ཤིང་དག་པར་བྱས། དེ་མ་ཉམས་པར་བྱས་ཤིང་བསྲུངས། དེ་ས་ནས་སར་སྤེལ་ཏེ། དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡིན་པས་དེ་བསྐྱེད་ཕན་ཆད་བྱང་ཆུབ་སེམས་དཔའ་དེ་ལ་བསྟན་པ་ལ་དགའ་བའི་ལྷས་བསྲུང་བ་དང༌། འཆི་བའི་དུས་སུ་ཡིད་དགའ་བར་འཆི་བ་དང༌། བར་མ་དོ་དང་མའི་མངལ་དང་བུ་ཆུང་གི་དུས་སུ་ཡང་ལྷ་དག་གིས་བསྲུང་བ་དང༌། དགེ་བའི་རྩ་བ་ཐམས་ཅད་ཆུད་མི་ཟ་བ་དང༌། སེམས་བསོད་ནམས་ཀྱི་རྒྱུན་དང་ལྡན་པ་ཡིན་ཏེ། སློབ་དཔོན་ཞི་བའི་ལྷས་སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་སྨིན་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང༌། །འབྲས་བུ་མི་ཟད་རབ་ཏུ་འཕེལ་བར་འགྱུར། །ཞེས་གསུངས་སོ། །དེ་བས་ན་བྱང་ཆུབ་ཀྱི་སེམས་དེ་མི་ཟད་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་ཆོས་ཐམས་ཅད་དང༌། འབྲས་བུ་སངས་རྒྱས་ཀྱི་སའི་ཆོས་ཐམས་ཅད་མི་ཟད་པ་ཡིན་ནོ། །དེ་བས་ན་དུས་དེར་སེམས་དེ་ལྟ་བུ་སྐྱེས་པས་ན། དེ་ལྟར་སྨོས་པའི་སེམས་དག་ནི། །བསྐྱེད་པའི་ཡོན་ཏན་གང་ཡིན་པ། །ཞེས་བྱ་བ་སྨྲས་ཏེ། དེ་ལྟ་བུའི་སེམས་དེའི་ཕན་ཡོན་སྨྲ་བར་འདོད་ནས། དེ་ནི་སྡོང་པོ་བཀོད་པའི་མདོ་ལས་འཕགས་པ་བྱམས་པས་ནོར་བཟངས་ལ་འདི་སྐད་དུ་བཤད་དེ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །འཇིག་རྟེན་པ་ཐམས་ཅད་རྟེན་པས་ས་ལྟ་བུའོ། །དབུལ་བ་ཐམས་ཅད་ཡང་དག་པར་འཇོམས་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་བསྲུང་བས་ཕ་ལྟ་བུའོ།།དོན་ཐམས་ཅད་ཡང་དག་པར་སྒྲུབ་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །ཉོན་མོངས་པའི་དགྲ་ཐམས་ཅད་ཕམ་པར་བྱེད་པས་མདུང་ཐུང་ལྟ་བུའོ། །ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་རབ་ཏུ་འགེབས་པས་གོ་ཆ་ལྟ་བུའོ། །ཉོན་མོངས་པའི་མགོ་ལྟུང་བར་བྱེད་པས་རལ་གྲི་ལྟ་བུའོ། ། ཉོན་མོངས་པའི་ཤིང་གཅོད་པར་བྱེད་པས་སྟ་རེ་ལྟ་བུའོ། །འཚེ་བ་ཐམས་ཅད་ལས་སྐྱོབ་པས་མཚོན་ཆ་ལྟ་བུའོ། །འཁོར་བའི་ཆུ་བོའི་ནང་ནས་སྟེང་དུ་འབྱིན་པས་མཆིལ་པ་ལྟ་བུའོ། །སྒྲིབ་པས་ཁེབས་པ་ཐམས་ཅད་འཐོར་བར་བྱེད་པས་རླུང་གི་དཀྱིལ་འཁོར་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་ཐམས་ཅད་མདོར་བསྡུས་པས་མདོར་བསྟན་པ་ལྟ་བུའོ། །ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ཐམས་ཅད་ལ་མཆོད་རྟེན་ལྟ་བུ་སྟེ། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་ཀྱི་སེམས་ནི་ཡོན་ཏན་དེ་དང་ཡོན་ཏན་གྱི་བྱེ་བྲག་ཚད་མེད་པ་གཞན་དང་ཡང་ལྡན་ནོ་ཞེས་གསུངས་ཏེ། དེ་བཞིན་དུ་རབ་ཏུ་བཤད་དོ། །དེ་བཞིན་དུ་ཁྱིམ་བདག་དཔའ་སྦྱིན་གྱིས་ཞུས་པའི་མདོའི་ཚིག་འོག་ན་བཀོད་པ་ཡང་འདིར་དྲང་བར་བྱའོ། །གཞན་མདོ་དུ་མ་དང༌། འཕགས་པ་ཀླུ་སྒྲུབ་དང༌། སློབ་དཔོན་ཞི་བའི་ལྷ་ལ་སོགས་པས་ཀྱང་ཕན་ཡོན་མང་དུ་གསུངས་པ་ཡོད་ཀྱང་འདིར་ཡི་གེ་མངས་པའི་འཇིགས་པས་མ་བཀོད་དོ། །ཡང་དེ་ཉིད་བསྟན་པའི་ཕྱིར། དེ་ཡིས་མདོ་བཀླག་པའམ་བླ་མ་ལས་མཉན་ཏེ། །རྫོགས་པའི་བྱང་ཆུབ་སེམས་ཀྱི་ཡོན་ཏན་ཚད་མེད་པ། །རྣམ་པར་ཤེས་པར་བྱས་ལ་དེ་གནས་རྒྱུ་མཚན་དུ། །ཡང་དང་ཡང་དུ་སེམས་ནི་བསྐྱེད་པར་བྱ། །ཞེས་བྱ་བ་སྨྲས་ཏེ། མདོ་བཀླག་པ་འམ་ཞེས་བྱ་བ་ནི་བསླབ་པ་ཀུན་ལས་བཏུས་པ་ལས། བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་རྣམས་ནི་ཕལ་ཆེར་མདོ་སྡེ་དག་ལས་སྣང་སྟེ། མདོ་སྡེ་དེ་དང་དེ་དག་ལས་བྱང་ཆུབ་སེམས་དཔའི་ཀུན་དུ་སྤྱོད་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་རྣམས་བཅས་པའོ། ། དེ་ལྟ་བས་ན་དེ་མ་བལྟས་ན་ལྟུང་བ་བྱུང་ན་ཡང་མི་ཤེས་ན་སྤོང་བར་འགྱུར་དུ་འོང་བས་རྟག་ཏུ་མདོ་སྡེ་ལྟ་བ་ལ་གུས་པར་བྱའོ་ཞེས་གསུངས་པ་དང༌། ཡང་དེ་ཉིད་ཀྱི་རྩ་བ་ལས། དགེ་པའི་བཤེས་གཉེན་མི་གཏང་ཞིང༌། །མདོ་སྡེ་དག་ལ་རྟག་བལྟ་བས། །ཞེས་པ་དང༌། སློབ་དཔོན་ཞི་བའི་ལྷས་འདི་སྐད་དུ། མདོ་སྡེ་དག་ནི་བལྟ་བར་བྱ། །ནམ་མཁའི་སྙིང་པོའི་མདོ་སྡེ་ནི། །ཐོག་མ་ཉིད་དུ་བལྟ་བར་བྱ། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི། །མདོ་རྣམས་ཀུན་ལས་བཏུས་པ་ཡང༌། །དེ་ཡི་འོག་ཏུ་བལྟ་བར་བྱ། །ཞིས་གསུངས་པས་ཐོག་མར་མདོ་སྡེ་བལྟ་བ་ལ་གོམས་པར་བྱའོ། །བླ་མ་ལས་མཉན་ཏེ་ཞེས་བྱ་བ་ནི་བླ་མ་ནི་སེམས་སྐྱེད་པར་བྱེད་པ་དེ་ཉིད་དེ། དེ་ཡང་འདི་ལྟར་འཕགས་པ་ཐོགས་མེད་ནས་བརྒྱུད་པ་དང༌། སློབ་དཔོན་ཞི་བའི་ལྷ་ནས་བརྒྱུད་པའི་བླ་མའོ། །དེ་ཡང་བླ་མ་བསྟེན་པ་ལ་དགོས་པ་ཅི་ཡོད་སྙམ་པ་ལ་ཡོད་པར་མཐོང་སྟེ། ཇི་སྐད་དུ། འཕགས་པ་སྡོང་པོ་བཀོད་པ་ལས། དཔལ་འབྱུང་བ་འདི་སྐད་དུ་རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་ངན་འགྲོར་མི་འགྲོའོ། །དགེ་བའི་བཤེས་གཉེན་གྱིས་བསྐྱངས་པའི་བྱང་ཆུབ་སེམས་དཔའ་ནི་བསླབ་པ་འགལ་བར་མི་བྱེད་དོ། །དགེ་བའི་བཤེས་གཉེན་གྱིས་བསམས་པའི་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་པ་ལས་མངོན་པར་འཕགས་སོ། །དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་པའི་བྱང་ཆུབ་སེམས་དཔའ་ནི་སྤྱོད་པ་ཐམས་ཅད་ལ་མ་བརྗེད་པར་གནས་སོ། ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་ནི་ལས་དང་ཉོན་མོངས་པ་ཐམས་ཅད་ཀྱིས་ཐུབ་པར་དཀའོ། །དགེ་བའི་བཤེས་གཉེན་ནི་བྱ་བ་མ་ཡིན་པ་རྣམས་ཁོང་དུ་ཆུད་པར་བྱེད་དོ། །བག་མེད་པའི་གནས་ལས་བཟློག་པའོ། །འཁོར་བའི་གྲོང་ཁྱེར་ནས་འདོན་པའོ། །རིགས་ཀྱི་བུ་དེ་བས་ན་དེ་ལྟར་ཡིན་ལ་རྒྱུན་མ་ཆད་པར་དགེ་བའི་བཤེས་གཉེན་རྣམས་ཀྱི་དྲུང་དུ་འགྲོ་བར་བྱའོ། །ཁུར་ཐམས་ཅད་ཁུར་བས་ཡོངས་སུ་མི་སྐྱོ་བའི་ཕྱིར་ས་ལྟ་བུའི་སེམས་དང༌། མི་ཕྱེད་པའི་ཕྱིར་རྡོ་རྗེ་ལྟ་བུའི་སེམས་དང༌། མི་ཁྲོ་བས་ཁྱི་ལྟ་བུའི་སེམས་དང༌། སྡུག་བསྔལ་ཐམས་ཅད་ཀྱིས་མི་བསྒྲུལ་བའི་ཕྱིར་ཁོར་ཡུག་ལྟ་བུའི་སེམས་དང༌། ལས་ཐམས་ཅད་ལ་མི་སྨོད་པས་བྲན་ལྟ་བུའི་སེམས་དང༌། ང་རྒྱལ་དང་ཆེ་བའི་ང་རྒྱལ་རྣམ་པར་སྤོང་བས་ཕྱག་དར་བ་ལྟ་བུའི་སེམས་དང༌། ཁུར་ལྕི་བ་ཁུར་བས་ཐེག་པ་ལྟ་བུའི་སེམས་དང༌། འགྲོ་ཞིང་འོང་བས་མི་སྐྱོ་བས་གྲུ་ལྟ་བུའི་སེམས་དང༌། དགེ་བའི་བཤེས་གཉེན་གྱི་ངོར་བལྟ་བས་བུ་མཛངས་པ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ་བསྙེན་བསྐུར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་ནང་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པའི་འདུ་ཤེས་དང། རྗེས་སུ་བསྟན་པ་ལ་ནི་སྨན་གྱི་འདུ་ཤེས་དང༌། ནན་ཏན་ཉམས་སུ་ལེན་པ་ལ་ནི་ནད་འཚོ་བའི་འདུ་ཤེས་དག་བསྐྱེད་པར་བྱའོ་ཞེས་གསུངས་པ་དང༌། གཞན་ཡང་འཕགས་པ་ནོར་བཟངས་ཀྱིས་དགེ་སློང་རྒྱ་མཚོའི་སྤྲིན་གྱི་སྐབས་ནས་འབྱུང་བ་དང༌། འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པ་ལས་ཀྱང་ཁྱིམ་བདག་གལ་ཏེ་བྱང་ཆུབ་སེམས་དཔའ་ལུང་ནོད་པའམ། ཁ་ཏོན་བྱ་བའམ། སྦྱིན་པ་དང་ལྡན་པའམ། ཚུལ་ཁྲིམས་དང་ལྡན་པའམ། བཟོད་པ་དང་ལྡན་པའམ། བརྩོན་འགྲུས་དང་ལྡན་པའམ། བསམ་གཏན་དང་ལྡན་པའམ། ཤེས་རབ་དང་ལྡན་པའམ། བྱང་ཆུབ་སེམས་དཔའི་ལམ་གྱི་ཚོགས་སོགས་པ་དང་ལྡན་པའི་ཚིག་བཞི་པའི་ཚིགས་སུ་བཅད་པ་སུ་ལས་མཉན་ཏམ། ལུང་ནོས་སམ་བླངས་པའི་སློབ་དཔོན་དེ་ལ་དེ་ཆོས་ཀྱིས་གུས་པར་བྱའོ། །མིང་དང་ཚིག་དང་ཡི་གེ་ཇི་སྙེད་པ་དེ་སྙེད་ཀྱིས་བསྐལ་པར་གལ་ཏེ་སློབ་དཔོན་ལ་གཡོ་མེད་པར་རྙེད་པ་དང༌། བཀུར་སྟིས་རིམ་གྲོ་དང༌། བཀུར་སྟི་བྱས་ཀྱང་ཁྱིམ་བདག་ད་དུང་དུ་སློབ་དཔོན་དེ་ལ་གུས་པར་བྱ་བ་ཡོངས་སུ་རྫོགས་པ་མ་ཡིན་ན། ཆོས་མ་ཡིན་པ་གུས་པར་བྱ་བ་ལྟ་ཅི་སྨོས་ཞེས་གསུངས་པ་དང༌། དེ་བཞིན་དུ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཕགས་པ་རྟག་ཏུ་ངུའི་ལེའུ་དང༌། འཕགས་པ་ལེགས་པར་སྦྱིན་པས་ཇི་ལྟར་བླ་མ་བསྟེན་པ་རྣམས་ནི་དེ་དང་དེར་བལྟ་བར་བྱའོ། །འཕགས་པ་ཐོགས་མེད་ཀྱིས་ཀྱང་བླ་མ་བསྟེན་པ་གསུངས་ཏེ། ཇི་སྐད་དུ་བྱང་ཆུབ་སེམས་དཔའི་ས་ལས། དེ་ལ་རྣམ་པ་དུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དུ་རིག་པར་བྱ། རྣམ་པ་དུ་ཞིག་གིས་ནི་དགེ་བའི་བཤེས་གཉེན་དོན་ཡོད་པ་ཡིན། རྣམ་པ་དུ་ཞིག་དང་ལྡན་ན་དགེ་བའི་བཤེས་གཉེན་དད་པའི་གཞི་ལ་གནས་པ་ཡིན། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དུ་གྱུར་པའི་འདུལ་བ་རྣམས་དགེ་པའི་བཤེས་གཉེན་གྱི་བྱ་བ་ནི་དུ་ཞིག་ཡོད། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་བསྟེན་པ་ནི་རྣམ་པ་དུ་ཞིག་ཡོད། འདུ་ཤེས་དུས་ནི་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་ཆོས་མཉན་པར་བྱ། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་་བཉེན་ལ་ཆོས་ཉན་པ་ན་གང་ཟག་ཆོས་སྨྲ་བ་དེ་ལ་གནས་དུ་ཞིག་ནི་ཡིད་ལ་མི་བྱེད་པར་བྱ་ཞེ་ན། དེ་ལ་རྣམ་པ་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་རྣམས་རྣམ་པ་ཐམས་ཅད་རྫོགས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་རྣམས་ལ་གནས་ཤིང་མ་ཉམས་པ་དང་སྐྱོན་མེད་པར་བྱེད་པས་ཚུལ་ཁྲིམས་ལ་གནས་པ་ཡིན། བློ་མ་བྱང་བ་མ་ཡིན་པས་མང་དུ་ཐོས་པ་ཡིན། བསྒོམས་པ་ལས་བྱུང་བའི་དགེ་བ་གང་ཡང་རུང་བ་ཐོབ་ཅིང་རྟོགས་པ་དང་ལྡན་པ་ཡིན། སྙིང་རྗེ་ལྡན་པས་སྙིང་བརྩེ་བ་ཅན་ཡིན། དེ་ཚེ་འདི་ལ་རང་གི་བདེ་བ་བོར་ནས་གཞན་གྱི་དོན་ལ་སྦྱོར་བ་ཡིན། དེ་གཞན་ལ་ཆོས་སྟོན་པ་ན་བག་ཚ་བའི་འཇིགས་པས་དྲན་པ་དང་སྤོབས་པ་ཉམས་པ་མེད་པས་འཇིགས་པ་མེད་པ་ཡིན། གཞན་དག་གིས་བརྙས་པ་དང་འཕྱ་བ་དང་བསྟིང་བ་དང་ངན་དུ་བརྗོད་པ་མི་འདོད་པའི་ཚིག་རྣམས་དང་སེམས་ཅན་ལོག་པར་ཞུགས་པ་རྣམ་པ་སྣ་ཚོགས་པ་རྣམས་བཟོད་པ་ཡིན། འཁོར་བཞི་པོ་དག་ཆོས་བསྟན་པ་ལ་སྟོབས་དང་ལྡན་ཞིང་ངལ་བ་མེད་པས་ཡིད་ཡོངས་སུ་མི་སྐྱོ་བ་ཡིན། ཚིག་ཆོས་ཉིད་ལས་མ་ཉམས་ཤིང་གསལ་ལ་ཚིག་བྱ་བ་དང་ལྡན་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དེ་ལྟ་བུའི་ཡོན་ཏན་གྱི་རྣམ་པ་ཐམས་ཅད་ལྡན་པ་ནི་རྣམ་པ་ལྔ་ལྔས་དགེ་བའི་བཤེས་གཉེན་གྱི་བྱ་བ་དོན་ཡོད་པ་ཡིན་ཏེ། དེ་ནི་སྔ་ནས་ཀྱང་གཞན་དག་ལ་ཕན་པ་དང་བདེ་བར་འདོད་པ་ཡིན་ཏེ། ཕན་པ་དང་བདེ་བ་དེ་ཇི་ལྟ་བར་ཤེས་པ་ཡིན། དེ་བློ་ཕྱིན་ཅི་མ་ལོག་པ་ཡིན། ཐབས་གང་དང་ཆོས་བསྟན་པའི་ཚུལ་གང་གིས་སེམས་ཅན་གང་འདུལ་ནུས་པ་དེ་ལ་ནུས་ཤིང་མཐུ་ཡོད་པ་དང༌། ཡིད་ཡོངས་སུ་མི་སྐྱོ་བ་ཡིན། སེམས་ཅན་ཐ་མ་དང་འབྲིང་པོ་དང༌། ཁྱད་པར་དུ་འཕགས་པ་ལ་ཕྱོགས་འཛིན་པ་མེད་པར་སྙིང་རྗེ་སྙོམས་པ་ཡིན་ནོ། །དེ་ལ་དགེ་བའི་བཤེས་གཉེན་དེ་ནི་རྣམ་པ་ལྔས་དད་པའི་གཞི་ལ་གནས་པ་ཡིན་ཏེ། གང་གི་ཕྱིར་གཏམ་ཐོས་པས་ཀྱང་ཤིན་ཏུ་དང་བར་བྱེད་ན་མངོན་སུམ་དུ་མཐོང་ན་ལྟ་ཅི་སྨོས་ཏེ། སྤྱོད་ལམ་རབ་ཏུ་ཞི་བ་དང༌། སྤྱོད་ལམ་དང་ལྡན་པ་དང༌། ཡན་ལག་དང༌། ཉིད་ལག་མི་འགྱུར་བས་སྤྱོད་ལམ་ཕུན་སུམ་ཚོགས་པ་དང༌། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ལ་གོད་པ་མེད་ཅིང་འགྱུར་བ་མེད་པས་བརྟན་པ་ཡིན། གཞན་དག་ལ་ཚུལ་འཆོས་པའི་ཕྱིར་སྤྱོད་ལམ་བརྟན་པ་ལྟར་མི་འཆོས་པས་ཚུལ་འཆོས་པ་མེད་པ་ཡིན། གཞན་གྱི་ཆོས་ཀྱི་གཏམ་མམ། རྙེད་པ་དང་བཀུར་སྟི་ལ་བདག་དགའ་བ་དང༌། རང་གི་རྙེད་པ་དང་བཀུར་སྟི་ཡང་གཞན་ལ་སྟོབས་པར་བྱེད་པས་ཕྲག་དོག་མེད་པ་ཡིན། ཡོ་བྱད་བསྙུངས་ཤིང་ཡོ་བྱད་བསྙུངས་པས་འཚོག་ཆས་རྙེད་དོ་ཅོག་ཐམས་ཅད་ལ་གཏོང་བས་ཡོ་བྱད་བསྙུངས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དུ་གྱུར་པ་དེ་ནི་རྣམ་པ་ལྔས་གདུལ་བ་གཞན་དག་ལ་དགེ་བའི་བཤེས་གཉེན་གྱི་བྱ་བ་བྱེད་དེ། གླེང་བར་བྱེད་པ་ཡིན། དྲན་པར་བྱེད་པ་ཡིན། འདོམས་པར་བྱེད་པ་ཡིན། རྗེས་སུ་སྟོན་པར་བྱེད་པ་ཡིན། ཆོས་སྟོན་པར་བྱེད་པ་ཡིན། ཚིག་འདི་དག་གི་དབྱེ་བ་ནི་ཉན་ཐོས་ཀྱི་སར་རིག་པར་བྱའོ། །གདམས་ངག་དང་རྗེས་སུ་བསྟན་པ་ནི་སྟོབས་ཀྱི་ལེའུ་ལས་རིག་པར་བྱའོ། །

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག