༄༅༅།།དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་རྣམ་པ་བཞིས་ཡོངས་སུ་རྫོགས་ཏེ། དུས་དུས་སུ་ནད་གཡོག་དང༌། ཐ་མལ་པའི་གཡོག་བྱས་པ་དང༌། གུས་པ་དང༌། དགའ་བ་དང༌། དུས་དུས་སུ་གུས་པར་སྨྲ་བ་དང༌། ཕྱག་བྱ་བ་དང༌། མངོན་དུ་ལྡང་བ་དང༌། ཐལ་མོ་སྦྱར་བ་དང༌། འདུད་པར་བྱ་བ་དང༌། མཆོད་པར་བྱ་བ་དང༌། ཆོས་དང་མཐུན་པའི་གོས་དང༌། ཟས་དང༌། མལ་ཆ་དང༌། སྟན་དང༌། ནད་པའི་གསོས་སྨན་དང༌། ཡོ་བྱད་སྦྱིན་པས་མཆོད་པ་དང༌། གནས་བཅས་ནས་གཟུད་པ་དང༌། ཉེས་པ་དག་འཆགས་པ་དང༌། དྲུང་དུ་འགྲོ་བ་དང༌། དྲི་བ་དང་ཉན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལས་ཆོས་ཉན་པར་འདོད་པས་འདུ་ཤེས་རྣམ་པ་ལྔས་ཆོས་མཉན་པར་བྱ་སྟེ། དཀོན་པའི་དོན་གྱིས་རིན་པོ་ཆེའི་འདུ་ཤེས་དང༌། ཤེས་རབ་རྒྱ་ཆེན་པོ་འཐོབ་པའི་རྒྱུའི་དོན་གྱིས་མིག་གི་འདུ་ཤེས་དང༌། ཆོས་ཐམས་ཅད་ཡང་དག་པར་སྟོན་པས་སྣང་བའི་འདུ་ཤེས་དང༌། བླ་ན་མེད་པའི་བྱང་ཆུབ་འཐོབ་པའི་རྒྱུའི་དོན་གྱིས་ཕན་ཡོན་ཆེ་བའི་འདུ་ཤེས་དང༌། ཚེ་འདི་ལ་མྱ་ངན་ལས་འདའ་བ་དང༌། རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པ་ཞི་གནས་དང་ལྷག་མཐོང་གི་དགའ་བ་ཁ་ན་མ་ཐོ་བ་མེད་པའི་རྒྱུའི་དོན་གྱིས་ཁ་ན་མ་ཐོ་བ་མེད་པའི་འདུ་ཤེས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་ཆོས་ཉན་པ་ན། དེ་ལ་གནས་ལྔར་ཡིད་ལ་མི་བྱེད་དེ། དེ་ཚུལ་ཁྲིམས་ཉམས་པ་ཉམས་སོ་སྙམ་དུ་ཡིད་ལ་མི་བྱེད་དེ། འདི་ནི་ཚུལ་ཁྲིམས་ཉམས་ཤིང་སྡོམ་པ་ལ་མི་གནས་པས་བདག་གིས་འདི་ལས་ཆོས་མཉན་པར་མི་བྱའོ་སྙམ་དུ་ཡིད་ལ་མི་བྱའོ།།རིགས་དམའ་བ་ལ་ཡང་འདི་ལ་བདག་གིས་ཆོས་མཉན་པར་མི་བྱའོ་སྙམ་དུ་ཡིད་ལ་མི་བྱའོ།། ཆོས་ལ་རྟོན་པས་བྱའི་གང་ཟག་ལ་རྟོན་པར་མི་བྱའོ། །དོན་ལ་རྟོན་པར་བྱའི་ཚིག་འབྲུ་ལ་རྟོན་པར་མི་བྱའོ། །བྱད་དང་གཟུགས་ངན་པ་དང༌། ཚིག་འབྲུ་ངན་པ་ལ་ཡང་ཡིད་ལ་མི་བྱ་སྟེ། གུས་པ་དང་བཅས་པས་ཆོས་མཉན་པར་བྱའོ། །ཆོས་ནི་ནམས་ཀྱང་གང་ཟག་གི་སྐྱོན་གྱིས་མི་གོས་ཤིང་སྐྱོན་ཅན་དུ་མི་འགྱུར་བའི་ཕྱིར་རོ།།དེ་ལ་བྱང་ཆུབ་སེམས་དཔའ་དབང་པོ་རྟུལ་པོ་གང༌། གང་ཟག་གི་སྐྱོན་རྣམས་ལ་སེམས་མངོན་པར་ལྡང་ཞིང༌། ཆོས་ཉན་པར་མི་འདོད་པ་དེ་ནི་བདག་ཉིད་ཁོ་ན་ལ་གནོད་ཅིང་ཤེས་རབ་ཡོངས་སུ་ཉམས་པར་གྱུར་པར་རིག་པར་བྱའོ་ཞེས་གསུངས་སོ། །དེ་བས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་བླ་མ་ལ་རག་ལས་པས་ན་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་བླ་མ་དགེ་བའི་བཤེས་གཉེན་མཁས་པ་རྟག་ཏུ་བསྟེན་པར་བྱའོ།།ཕན་ཡོན་གཞན་ཡང་བཤད་དེ། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་ནང་ན་གནས་པ་དབང་པོ་རྟུལ་པོ་ཁ་ཅིག་ལ་ནི་སྨོན་པའི་སེམས་འདི་ཉིད་ལ་བརྟེན་ནས་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བར་གསུངས་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་ནི་འདི་ལྟར་བྱ་བ་མང་བ་བྱེད་པ་མང་བ་སྟེ་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པ་ལ་བསླབ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བསླབ་པར་མི་ནུས་ཀྱི། དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང༌། དད་པ་དང༌། དོན་དུ་གཉེར་བ་དང༌། སྨོན་པས་འགྲོ་ཡང་རུང༌། འགྲེང་ཡང་རུང༌། འདུག་ཀྱང་རུང༌། ཉལ་ཡང་རུང༌། སད་ཀྱང་རུང༌། ཟ་ཡང་རུང༌། འཐུང་ཡང་རུང༌། རྟག་པར་རྒྱུན་དུ་དྲན་པར་གྱིས་ལ་ཡིད་ལ་ཟུང་སྟེ་སྒོམས་ཤིག །སངས་རྒྱས་དང་པོ་སོ་སོའི་སྐྱེ་བོ་ཐམས་ཅད་དང༌། བདག་གི་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་བསྡུས་ཤིང་གཞོལ་ཏེ་རྗེས་སུ་ཡི་རང་བར་གྱིས་ཤིག།རྗེས་སུ་ཡི་རང་བ་མཆོག་དང༌།ནམ་མཁའ་དང་འདྲ་བ་དང༌།མྱ་ངན་ལས་འདས་པ་དང་མཚུངས་པས་རྗེས་སུ་ཡི་རང་བར་གྱིས་ཤིག ། རྗེས་སུ་ཡི་རངས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མཆོད་པར་བྱ་བ་ཕུལ་ཅིག།ཕུལ་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག །དེ་ནས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་བར་དུ་ཐོབ་པར་འགྱུར་བ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བར་ཉིན་གཅིག་བཞིན་དུ་དུས་གསུམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོས་ཤིག །རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་ཞུགས་ནས་རྒྱལ་པོ་ཡང་བྱེད་ལ་རྒྱལ་པོའི་བྱ་བ་ཡང་ཉམས་པར་མི་འགྱུར་ཞིང༌། བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་སོ། །སློབ་དཔོན་ཞི་བའི་ལྷའི་ཞལ་ནས་བསླབ་པ་ཀུན་ལས་བཏུས་པ་ལས་དོན་འདི་གསུངས་ཏེ། འདི་སྐད་དུ་སྤྱོད་པ་དང་མི་ལྡན་པ་ཡང་བྱང་ཆུབ་ཀྱི་སེམས་ནི་འཁོར་བའི་བདེ་བ་མཐའ་ཡས་པ་བསྐྱེད་པའི་ཕྱིར་དེ་ལ་བརྙས་པར་མི་བྱའོ་ཞེས་གསུངས་སོ། །དེའི་ནུས་པ་ཡང་མདོ་ལས་གསུངས་ཏེ། བྱམས་པའི་རྣམ་པར་ཐར་པའི་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྡོ་རྗེ་རིན་པོ་ཆེ་ན་ཚིག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ། །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་ཡང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང༌། བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ། འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ་ཞེས་འབྱུང་ངོ། །རྒྱལ་པོ་ལ་གདམས་པའི་མདོ་ལས་ཀྱང་དོན་དེ་ཉིད་གསུངས་ཏེ། རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བའི་ལས་ཀྱི་རྣམ་པར་སྨིན་པ་དེས། ལན་དུ་མར་ལྷའི་ནང་དུ་སྐྱེས་པ་ནས་གང་དེ་ལྟར་མང་དུ་བྱ་བ་བྱེད་པ་ལྟ་ཅི་སྨོས་ཞེས་འབྱུང་སྟེ་མདོ་དེ་ཉིད་དུ་བལྟ་བར་བྱའོ། །རྩ་བ་ཉིད་ལ་འཇུག་པར་བྱ་སྟེ། བྱང་ཆུབ་སྨོན་པའི་སེམས་ནི་བསྐྱེད་ནས་ནི། །འབད་པ་མང་པོས་ཀུན་ཏུ་སྤེལ་བྱ་ཞིང༌། །འདི་ནི་སྐྱེ་བ་གཞན་དུའང་དྲན་དོན་དུ། །ཇི་སྐད་བཤད་པའི་བསླབ་པ་ཡོངས་སུ་བསྲུང༌། །ཞེས་སྨྲས་ཏེ། དེ་ལྟར་སེམས་བསྐྱེད་ཅིང་དེའི་ཕན་ཡོན་ཤེས་པ་དེས་དེ་སྤེལ་བར་བྱ་བའི་ཕྱིར། འབད་པ་མང་པོས་ཀུན་དུ་སྤེལ་བྱ་ཞིང༌། །ཞེས་སྨྲས་ཏེ། འདིའི་དོན་ནི་བདག་གིས་བྱས་པའི་སེམས་བསྐྱེད་པའི་ཆོ་གར་གསལ་བར་བྱས་ཏེ། འདི་སྐད་དུ་དེ་ལྟར་སེམས་བསྐྱེད་པའི་གང་ཟག་གིས་བྱང་ཆུབ་ཀྱི་སེམས་སྤེལ་བར་བྱ་བའི་ཕྱིར། ཐ་ན་ཉིན་ལན་གསུམ་མཚན་ལན་གསུམ་དུ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བྱས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།ཅེས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ་ཞེས་པའོ། །འདི་ནི་སྐྱེ་བ་གཞན་དུའང་དྲན་དོན་དུ། །ཇི་སྐད་བཤད་པའི་བསླབ་པ་ཡོངས་སུ་བསྲུང༌། །ཞེས་པ་འདིའི་དོན་ཡང་བདག་གིས་འོད་སྲུངས་ཀྱིས་ཞུས་པའི་མདོ་ལས་བླངས་ནས་ཆོ་ག་དེ་ཉིད་དུ་བཀོད་དེ་འདི་ལྟར་བྱང་ཆུབ་ཀྱི་སེམས་ཉམས་པར་བྱེད་པའི་ཆོས་བཞི་ལས་ལྡོག་པར་བྱ་སྟེ། བཞི་གང་ཞེ་ན། མཁན་པོ་དང༌། སློབ་དཔོན་དང༌། བླ་མ་དང༌། སྦྱིན་གནས་ལ་བསླུ་བ་དང༌། གཞན་འགྱོད་པ་མེད་པ་ལ་འགྱོད་པ་ཉེ་བར་བསྒྲུབ་པ་དང༌། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་གང་ཟག་ལ་བསྔགས་པ་མ་ཡིན་པ་དང༌། མི་སྙན་པ་དང་བརྗོད་པ་མ་ཡིན་པའི་སྒྲ་ཚིགས་སུ་བཅད་པ་འབྱིན་པ་དང༌། གཡོ་དང་སྒྱུ་གཞན་ལ་ཉེ་བར་སྤྱོད་ཀྱི་ལྷག་པའི་བསམ་པས་མ་ཡིན་པའོ། ། བྱང་ཆུབ་ཀྱི་སེམས་ཉམས་པར་མི་བྱེད་པའི་ཆོས་བཞི་ལ་བསླབ་པར་བྱ་སྟེ། བཞི་གང་ཞེ་ན། སྲོག་གི་ཕྱིར་རམ་ཐ་ན་བཞད་གད་ཀྱི་ཕྱིར་ཡང་བརྫུན་གྱི་ཚིག་མི་སྨྲ་བ་དང༌། གཡོ་དང་སྒྱུ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དྲུང་ན་ལྷག་པའི་བསམ་པས་གནས་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ་ཤེས་བསྐྱེད་ཅིང་དེ་དག་གི་ཡང་དག་པའི་བསྔགས་པ་ཕྱོགས་བཞིར་བརྗོད་པ་དང༌། ཉི་ཚེ་བའི་ཐེག་པ་མི་འདོད་པའི་ཕྱིར་སེམས་ཅན་གང་ཡོངས་སུ་སྨིན་པར་བྱེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པའོ། །ཁྱད་པར་དུ་མངོན་པར་ཤེས་པ་མྱུར་དུ་ཐོབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པའི་ཆོས་བདུན་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལ་བསླབ་པར་བྱའོ། །སྔར་བསྟན་པའི། འབད་པ་མང་པོས་ཀུན་དུ་སྤེལ་བྱ་ཞིང། །ཞེས་བྱ་བའི་ཚིག་གི་དོན་འདི་ཡིན་ཏེ། རྗེ་བཙུན་དག་གི་ཞལ་ནས་སྤེལ་བ་རྣམ་པ་གསུམ་ལས་རྒྱས་པར་སྤེལ་བ་ནི། འཇུག་སེམས་བདག་ཉིད་སྡོམ་པ་མ་གཏོགས་པ། །ཡང་དག་སྨོན་པ་འཕེལ་བར་འགྱུར་མ་ཡིན། །རྫོགས་པའི་བྱང་ཆུབ་སྡོམ་པས་སྤེལ་འདོད་པས། །དེ་ཕྱིར་འབད་པས་འདི་ནི་ངེས་པར་བླང༌། །ཞེས་སྨྲས་ཏེ། འཇུག་སེམས་བདག་ཉིད་ཅེས་བྱ་བ་ནི་ལྷག་པའི་བསམ་པ་རྣམ་པར་དག་པ་ཡིན་ཏེ། དེ་ཡང་འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས་ཇི་སྐད་དུ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་བྱང་ཆུབ་ཀྱི་སེམས་དེ་ཆོས་གང་གིས་བསྡུས། ཇི་ལྟར་ཕྱིར་མི་ལྡོག་པར་ཀུན་དུ་གནས། །ནམ་མཁའ་མཛོད་ཀྱིས་སྨྲས་པ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་ཆོས་རྣམ་པ་གཉིས་ཀྱིས་བསྡུས་པས་ཕྱིར་མི་ལྡོག་པར་གནས་སོ། །གཉིས་གང་ཞེ་ན། བསམ་པ་དང་ལྷག་པའི་བསམ་པའོ། །བསམ་པ་དང་ལྷག་པའི་བསམ་པ་གང་གིས་བསྡུས། བསམ་པ་ནི་གཡོ་མེད་པ་དང་སྒྱུ་མེད་པས་བསྡུས་པའོ། །ལྷག་པའི་བསམ་པ་ནི་དེ་ལ་མ་ཆགས་པ་དང་ཁྱད་པར་དུ་འགྲོ་བས་བསྡུས་སོ། །བཞི་པོ་དེ་དག་གང་གིས་བསྡུས། ཆོས་བརྒྱད་ཀྱིས་བསྡུས་ཏེ། གཡོ་མེད་པ་ནི་དྲང་པོ་དང་གསལ་བས་བསྡུས་པའོ། །སྒྱུ་མེད་པ་ནི་བཅོས་མ་མ་ཡིན་པ་དང་བསམ་པ་དག་བས་བསྡུས་སོ། །དེ་ལ་མ་ཆགས་པ་ནི་སེམས་མ་གོང་བ་དང་བརྩོན་འགྲུས་མ་གོང་བས་བསྡུས་སོ། །ཁྱད་པར་དུ་འགྲོ་བ་ནི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་སོ་ཞེས་བྱ་བ་ལ་སོགས་པ་ཆོས་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱིས་བསྡུས་ཏེ་རྒྱས་པར་མདོ་ཉིད་དུ་བལྟ་བར་བྱའོ། །གཞན་ཡང་འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་འདི་སྐད་དུ། ཡོན་ཏན་ཁྱད་པར་ཅན་འདོད་པ་ནི་ལྷག་པའི་བསམ་པའོ། །ལྷག་པའི་བསམ་པ་ནི་སྲོག་ཆགས་འབྱུང་པོ་རྣམས་ལ་དེས་པའོ། །སེམས་ཅན་ཐམས་ཅད་ལ་བྱམས་པའོ། །འཕགས་པ་ཐམས་ཅད་ལ་གུས་པའོ། །འཇིག་རྟེན་པ་རྣམས་ལ་སྙིང་བརྩེ་བའོ། །བླ་མ་ལ་རིམ་གྲོ་བྱེད་པའོ། །སྐྱབས་དང་དཔུང་གཉེན་དང་གླིང་མེད་པ་དང་མགོན་མེད་པའི་མགོན་དང་སྐྱབས་དང་དཔུང་གཉེན་དང་གླིང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱ་ཆེར་དེ་ཉིད་དུ་བལྟ་བར་བྱའོ། །གཞན་ཡང་མདོ་དེ་ལས་བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ལ་ནི་ནམ་མཁའ་དང་རྩིག་བ་དང་ཤིང་དང་ཆུ་བོ་དང་ནགས་ཚལ་ལ་སོགས་པ་དག་ལས་ཀྱང་ཆོས་འབྱུང་ལ། རང་ཉིད་ཀྱི་སྤྱོད་པ་ཉིད་ལས་ཀྱང་གདམས་དག་དང་རྗེས་སུ་བསྟན་པ་འབྱུང་ངོ་ཞེས་གསུངས་སོ། །གཞན་ཡང་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང༌། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་མི་ཟད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་བའི་རྩ་བ་ཐམས་ཅད་ལྷག་པར་དམིགས་པའི་ཕྱིར་རོ། །ཐ་ན་གང་བྱང་ཆུབ་སེམས་དཔའ་གང་ཅི་སེམས་པ་དེ་ཐམས་ཅད་དགེ་བའི་བསམ་པ་ལས་ལྷག་པའི་བསམ་པས་དམིགས་པར་འགྱུར་ཏེ། ས་ནས་སར་བཞག་པའི་ཕྱིར་འཕོ་བ་ནི་ལྷག་པའི་བསམ་པའོ་ཞེས་བྱ་བ་ལ་སོགས་པ་དང༌། ཡང་བཙུན་བ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པ་མི་ཟད་པའོ་ཞེས་གསུངས་སོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། འདི་ལྟར་ས་གཞི་བཟང་པོ་ལས་ནགས་ཚལ་དང་ལོ་ཏོག་ཕུན་སུམ་ཚོགས་པ་སྐྱེ་བ་བཞིན་དུ། ཚུལ་ཁྲིམས་བཟང་པོའི་ས་གཞི་ལས་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེ་ཞིང་འཕེལ་བར་འགྱུར་རོ་ཞེས་ཤེས་པར་འགྱུར་རོ། །འདིར་འདི་དཔྱད་དོ། །

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག