ལོ་ཏོག་དང་ལྡུམ་བུའི་མཚན་ཉིད་པ་ཞིག་གིས་ཁོང་གི་སློབ་ཕྲུག་རྣམས་ཁྲིད་དེ་འཛམ་གླིང་ལྗོངས་རྒྱུར་བསྐྱོད། རྒྱལ་ཁབ་མང་པོའི་མིང་དུ་གྲགས་པའི་སློབ་གླིང་མང་པོར་མཇལ་རྗེས།ནུས་རྩལ་གཉིས་འཛོམས་ཀྱི་ཁོ་ཚོ་ཕྱིར་རང་སར་ལོག་ཅིང་། མཁར་གྲོང་དུ་མ་སླེབ་པའི་སྔོན་ལ། མཚན་ཉིད་པ་དང་ཁོང་གི་སློབ་ཕྲུག་རྣམས་གྲོང་ཁྱེར་མཐའ་ཁུལ་གྱི་རྩྭ་ས་ཞིག་ཏུ་ཙོག་ཅིང་། མཚན་ཉིད་པས“ཁྱོད་ཚོའི་སློབ་གཉེར་མཇུག་རྫོགས་པའི་བར་སྐབས་འདིར། དེ་རིང་ང་ཚོས་ཆེས་མཇུག་མཐའི་སློབ་ཁྲིད་ཅིག་གནང་། ཁྱོད་ཚོས་ལྟོས་དང་། ང་ཚོའི་མཐའ་འཁོར་གྱི་ཐང་ཡངས་པོ་འདིར་རྩྭ་ལྡུམ་གྱིས་ཁེངས་འདུག ད་ལྟ་ངས་ཤེས་འདོད་པ་ནི་རྩྭ་ལྡུམ་དེ་དག་ཇི་ལྟར་མེད་པར་གཏོང་རྒྱུ་དེ་ཡིན”ཞེས་དྲིས་པ་ན། སློབ་ཕྲུག་ཚོ་ཧ་ལས་པར་གྱུར། ཁོ་ཚོའི་ཡིད་ལའང་འཁོར་མ་མྱོང་བ་ནི། དུས་ནམ་ཡང་མི་ཚེའི་ངོ་མཚར་བའི་གསང་བ་དཔྱད་བསྡུར་བྱེད་པའི་མཚན་ཉིད་པས་ཆེས་མཇུག་མཐའི་སློབ་ཐུན་དུ་འདི་ལྟ་བུའི་འདྲི་ཚིག་སླ་མོ་ཞིག་འདྲི་དོན་ཅི་ཡིན་ནམ་སྙམ་བྱུང་།

    སློབ་ཕྲུག་ཅིག་གིས་སྔོན་ལ་ཁ་གྲག་བྱུང་བ་སྟེ། “དགེ་རྒན། ལྕགས་ཁེམ་ཞིག་ཡོད་པས་ཆོག”ཅེས་ལན་བཏབ་པ་ན། མཚན་ཉིད་པས་མགོ་བོ་ལྡེམ་ལྡེམ་བྱས།

    “མེར་བསྲེག་རྒྱུ་ཡང་ཐབས་ལམ་བཟང་པོ་ཞིག་རེད།”

    “རྡོ་ཐལ་གཅོལ་ཚེ། ལྡུམ་རྩྭ་ཚང་མ་རྩ་མེད་དུ་གཏོང་ཐུབ།”

    “རྩ་བ་ནས་འབལ་དགོས།”……

    སློབ་ཕྲུག་ཚང་མས་བཤད་ཚར་རྗེས། མཚན་ཉིད་པ་ཡར་ལངས་ཏེ།

    “སློབ་ཁྲིད་མཚམས་འདི་ནས་འཇོག ཁྱོད་ཚོ་ཕྱིར་སོང་རྗེས། རང་ཉིད་ཀྱི་ཐབས་བཀོད་ལྟར་རྩྭ་ལྡུམ་མེད་པར་ཐོངས་ཤིག མེད་པར་མ་བཏང་མཁན་རྣམས་ལོ་གཅིག་གི་རྗེས་ཀྱི་དེ་རིང་ཡང་བསྐྱར་གནས་འདི་ནས་འཛོམས་རྒྱུ་བྱ”ཞེས་བཤད་བྱུང་།

    ལོ་གཅིག་འགོར་རྗེས། ཁོ་ཚོ་ཚང་མ་སླེབས་འདུག ཡིན་ཡང་ཁོ་ཚོ་སྔར་ལྷན་དུ་འདུས་སའི་གནས་དེ་རུ་ད་ལྟ་རྩྭ་ལྡུམ་ཉག་མ་གཅིག་ཀྱང་མཐོང་རྒྱུ་མེད་པར། ཐང་ཡངས་པོར་མ་རྨོས་ལོ་ཏོག་གིས་ཁེངས་འདུག ཁོ་ཚོ་ན་ནིང་བསྡད་པའི་ས་དེ་གར་མཚན་ཉིད་པ་མཐོང་རྒྱུ་མ་བྱུང་མོད། འོན་ཀྱང་ཤོག་བྱང་ཞིག་བཞག་ཡོད་པའི་སྟེང་དུ། “ཐང་ཡངས་པོའི་རྩྭ་ལྡུམ་མེད་པར་གཏོང་འདོད་ན། ཆེས་བཟང་བའི་ཐབས་ལམ་ནི་ལོ་ཏོག་ཡག་པོ་སྐྱེ་རུ་འཇུག་རྒྱུ་དེ་ཡིན། དེ་བཞིན་དུ། གཅེས་པའི་བླ་སྲོག་ལ་སུན་པོ་བཟོ་མི་འདོད་ན། ཐབས་ལམ་ཉག་གཅིག་ཡོད་པ་ནི་ཀུན་སྤྱོད་བཟང་པོས་དེ་རང་བདག་ཏུ་འཛིན་རྒྱུ་དེའོ”ཞེས་བྲིས་འདུག།

    《མཚོ་སྔོན་ན་གཞོན་ལོ་ཆུང་བོད་ཡིག་ཚགས་པར》ལས་བཏུས།    

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག

རྟ་ནག་སྒྲོག་འགྲོས། སྨད་ཆ།