གོ་ཐོས་སུ་ལོ་འདི་འགར། མི་ལ་ལ་ཞིག་ལ་གློ་བུར་ཁ་པར་བཏང་ཡོང་སྟེ། སྒོར་ས་ཡའི་བྱ་དགའ་ཆེན་པོ་ཐོབ་འདུག་ཅེས་བཤད་པ་རེད། སྒོར་ས་ཡ་ནི་བློ་ཡིད་ལ་ཤོང་བའི་གྲངས་ཀ་ཞིག་ག་ལ་ཡིན་ཏེ། མི་སེམས་རབ་ཏུ་འགུལ་བ་ཞིག་རེད་ཨང་། ཚོད་ལྟ་ཞིག་བྱེད་འདོད་ཀྱི་སེམས་ཤུགས་སུ་ལའང་སྐྱེ་ངེས། དེ་ནས་ཡང་ཁ་པར་བཏང་ཡོང་སྟེ། སྔོན་ལ་སྒོར་སྟོང་ཚོ་འགའི་འགྲོ་ལུགས་བསྒྲུབ་པའི་གྲོན་དངུལ་སྤྲད་རྗེས་ད་གཟོད་སྒོར་ས་ཡའི་བྱ་དགའ་བླངས་ཆོག་ཟེར། སྒོར་སྟོང་ཚོ་འགའ་དང་སྒོར་ས་ཡ་ནི་ཡེ་ནས་བསྡུར་ཐབས་མེད་པས། སྒོར་སྟོང་ཚོ་འགའ་བསྐུར་དུ་སོང་མོད། འོན་ཀྱང་ཡང་ཁ་པར་བཏང་ཡོང་སྟེ། བྱ་དགའ་ལ་སྒོར་ཁྲི་འགའ་ཡི་ཁྲལ་སྤྲད་དགོས་ཟེར། དངོས་གནས་ཁྲིམས་སྐྱོང་སྤྱི་ཚོགས་རང་རེད་ཨང་། ཡོད་ཚད་ལ་ཁྲལ་སྤྲོད་དགོས་འདུག དེ་བས་ཡང་སྒོར་ཁྲི་འགའ་བསྐུར་དུ་སོང་ཞིང་། མཐའ་འབྲས་ནི་ད་ལྟའི་བར་བྱ་དགའ་ཆེན་པོ་དེར་བསྒུགས་ནས་བསྡད་ཡོད་པ་དེ་རེད།

    གོ་ཐོས་སུ་ལོ་འདི་འགར། བསམ་ངན་ཁ་ཤས་ཀྱིས་རང་ཁྱིམ་ནས་འབྱར་སྤྱིན་དང་ཞིམ་ཐལ། སྲན་མ་སོགས་གང་བྱུང་མང་བྱུང་གི་དངོས་རྫས་འགའ་མཉམ་དུ་བསྲེས་ཏེ། མི་ཚང་མར་འདི་ནི་ཚེ་ཐག་རིང་བའི་སྨན་མཆོག་ཡིན་ཞེས་བཤད། མང་མང་གིས་མཉན་རྗེས་དགའ་སྤྲོ་ཚད་མེད་སྐྱེས་ཏེ་མང་ནས་མང་དུ་ཉོས་ཤིང་།འཐུང་ཅི་ཐུབ་བྱས། མཇུག་མཐར་མི་དེ་དག་གི་ཁོག་པ་བཤལ་ཞིང་། ལ་ལའི་ངོ་མདོག་ཀྱང་ལྗང་ཁུ་རུ་གྱུར། ཡིན་ཡང་བསམ་ངན་དེ་དག་གིས་དེ་ནི་སྨན་མཆོག་ལས་བྱུང་བའི་ཚོར་འབྱུང་ཡིན་ལ། ཁོག་གི་དུག་ཕྱིར་ཕུད་པའི་མཚོན་རྟགས་རེད་ཟེར། དེ་བས་མི་རྣམས་ཀྱིས་མུ་མཐུད་དུ་མང་ཉོ་མང་འཐུང་བྱེད་མགོ་བརྩམས……

    གོ་ཐོས་སུ་ཉིན་འགའི་ཡར་སྔོན་དུ། གཡོ་སྒྱུ་ཅན་ཞིག་གིས་ཁང་པ་གྱན་འགའ་གླས་རྗེས། དངུལ་རྩ་ཀུང་ཟི་བཙུགས་ཡོད་པའི་སྒོ་རྟགས་བརྒྱབ་སྟེ། མ་དངུལ་བཅོལ་བར25%ཡི་སྐྱེད་ཀ་སྟེར་བར་མ་ཟད། བཅོལ་བའི་ཉིན་མོར་ཡུལ་དངོས་ནས་སྟེར་གྱིན་ཡོད་པ་བསྒྲགས། མང་མང་གིས་ཐོས་རྗེས་དགའ་འབོད་གནམ་ལྡིང་བྱེད་བཞིན་མ་དངུལ་བཅོལ་བའི་གྲལ་རིང་བསྒྲིགས། གནས་ཚུལ་དེ་སྤྱི་བདེ་སྡེ་ཁག་གིས་ཚོར་ཏེ་ལྟ་རྟོག་བྱས་པ་ན། མ་གཞི་གཡོ་སྒྱུ་ཁྲམ་པ་མཁན་དེ་ཚོས་གྲོང་ཁྱེར་གཞན་པ་ནས་ཀྱང་མི་རྣམས་ལ་མགོ་སྐོར་མང་པོ་བཏང་སྟེ། མ་དངུལ་མང་པོ་བསྡུ་རུབ་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་ཏེ། གྲོང་ཁྱེར་གཞན་ལ་གནས་སྤོ་བྱེད་བཞིན་འདུག དེ་བས་སྤྱི་བདེ་སྡེ་ཁག་གིས་དེ་མ་ཉིད་དུ་བྱེད་ཐབས་བཏོན་ནས་དེ་དག་རྩ་མེད་དུ་གཏོང་བར་བྲེལ།ཡིན་ཡང་བསམ་ཡིད་ལས་འདས་པ་ཞིག་ལ། སྤྱི་བདེ་སྡེ་ཁག་གིས་གཡོ་སྒྱུ་མཁན་གྱི་ཚོགས་པ་དེ་མེད་པར་བཟོས་ཏེ་ལག་པས་ཐལ་མོ་བརྡེབས་ནས་རྟེན་འབྲེལ་ཞུ་བའི་སྐབས་སུ། སྒོའི་ཕྱི་ཕྱོགས་སུ་འཛིང་རེས་རྒྱག་པའི་སྐད་སྒྲ་མཆེད་ཡོང་ཞིང་། མི་མང་པོའི་ཁྲོད་ཀྱི་ཁ་ཤས་ཤིག་གིས་ཞེ་སྡང་དང་བཅས་རྒྱུ་མཚན་ཅི་ཡིན་ཞེས་འདྲི་རྨེད་བྱེད་ཅིང་། སྤྱི་བདེ་སྡེ་ཁག་གིས་བཙན་ཐབས་ཀྱིས་ཁྲིམས་བསྟར་རྩུབ་པོ་བྱས་པས། ཁོ་ཚོའི་ཕྱུག་སྒྱུར་གྱི་ལམ་བུ་བཀག་སོང་ཞེས་བཤད། སྤྱི་བདེ་མི་སྣ་ཁ་ཤས་ཀྱིས་འགྲེལ་བཤད་བྱེད་མགོ་བརྩམས་ཏེ། གཡོ་སྒྱུ་ཁྲམ་པ་མཁན་དེ་ཚོའི་མགོ་སྐོར་གཏོང་ཐབས་ནི་ཧ་ཅང་སླ་མོ་ཞིག་ཡིན་ཏེ། ཁྱོད་ཀྱིས་སྒོར་ཁྲི་གཅིག་བཅོལ་བ་ལས་སྒོར་སྟོང་གཉིས་དང་ལྔ་བརྒྱ་བླངས་ནས་སྐྱེད་ཀའི་ཚུལ་དུ་ཁྱོད་ལ་སྟེར་བ་དང་། ཕྱི་ཚུལ་ནས་བལྟས་ནས་ཁྱོད་ལ25%ཡི་སྐྱེད་ཀ་སྔོན་ལ་བྱིན་པ་འདྲ་མོད། འོན་ཀྱང་སྐྱེད་ཀའི་སྒོར་མོ་དེ་དག་ནི་ཁྱོད་ཀྱི་མ་རྩའི་ནང་ནས་བླངས་པ་རེད། ད་ལྟ་ཁོ་ཚོས་སྒོར་བྱེ་བ་གཅིག་ལྷག་གི་བཅོལ་དངུལ་གཡོ་ལེན་བྱས་པ་དང་། དེའི་ནང་སྔོན་ལ་སྐྱེད་ཀ་བྱིན་པ་ཕུད། ཁོ་ཚོས་སྒོར་ས་ཡ་བདུན་ལྷག་གཡོ་ལེན་བྱས་ཚར་ལ། དེ་ལྟར་སྒོར་མང་པོ་གཡོ་ལེན་བྱས་རྗེས། གར་སོང་ཆ་མེད་དུ་འགྱུར་ངེས་རེད་ཅེས་འགྲེལ་བཤད་ཡང་ཡང་བྱས་ནའང་། མང་ཚོགས་ཀྱིས་དེར་གཏན་ནས་ཁ་ཡ་མི་བྱེད་པར་མུ་མཐུད་དུ་ཞེ་སྡང་གི་ཁོང་ཁྲོ་མེ་ལྟར་འབར་བཞིན་འདུག

    འོན་ཀྱང་ངས་འདི་རུ་འགྲེལ་བཤད་གསལ་བོ་ཞིག་བྱེད་རྒྱུ་ནི། ཆེས་མཇུག་མཐའི་དོན་དག་དེ་ནི་གོ་ཐོས་སུ་བྱུང་བ་གཏན་ནས་མིན་ཏེ། རྒྱུ་མཚན་ནི་ང་རང་ད་སོ་མ་དོན་རྐྱེན་བྱུང་ཡུལ་གྱི་ཡུལ་དངོས་ནས་ཕྱིར་ལོག་པས་ཡིན་ནོ།།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག

རྟ་ནག་སྒྲོག་འགྲོས། སྨད་ཆ།