ངས་ནམ་ཡང་བརྗེད་ཐབས་མེད་པ་ནི་ང་སློབ་གྲྭར་བསྐྱལ་ནས་ཕྱིར་འགྲོ་ཁ་མའི་རྒྱབ་གཟུགས་དེ་རེད།

    སྡོད་ཁང་བཙལ་ནས་མལ་ཆས་ལེགས་པོ་ཞིག་བཏིངས་རྗེས། ཕལ་ཆེར་ཉིན་གུང་ལ་སླེབས་འདུག སྡོད་ཁང་ལས་སྒོར་བུད་པ་ན། ཨ་ཕས་ཟ་མ་ཟ་རུ་འགྲོ་ཟེར། ཟི་ལིང་ནས་ལན་གྲུའི་རླངས་འཁོར་ལ་འགོར་འགྱངས་བྱས་ཨེ་འགྲོ་བསམས་ནས་ཞོགས་པ་དེར་ནངས་ཇ་ཡང་མ་འཐུང་བར་ངེད་གཉིས་ལམ་ལ་ཆས། ངའི་ཕོ་བའང་སྔ་མོ་ནས་ལྟོགས་དྲགས་པས་ཨ་ཕའི་སྐད་ཆ་ཐོས་པ་ན་ལམ་སང་མགོ་བོ་ལྡེམ་ལྡེམ་བྱས་ནས་ངེད་གཉིས་སློབ་གྲྭའི་སྒོ་ཆེན་གྱི་ཕྱོགས་སུ་སོང་།

    ཉིན་དེ་ནི་སློབ་མགོ་བརྩམས་པའི་ཉིན་མོ་ཡིན་པས་སློབ་གྲྭའི་ཁོར་ཡུག་ཀུན་ཏུ་ཟང་ཟིང་ལང་ལོང་གིས་ཁེངས་འདུག་ལ། ཐ་ན་སློབ་གྲྭའི་ཉེ་འགྲམ་གྱི་ཟ་ཁང་དག་ནའང་སློབ་མ་དང་ཁྱིམ་བདག་གིས་ཁེངས་འདུག ཨ་ཕ་དང་ངེད་གཉིས་ཅུང་དབེན་འཇགས་ཀྱི་ཟ་ཁང་ཆུང་ཆུང་ཞིག་ཏུ་བསྡད་ནས་འཐེན་ཐུག་དཀར་ཡོལ་གང་རེ་དང་ལུག་ཤ་རྒྱ་མ་གང་བླངས་ནས་ཟོས་པ་ཡིན། ཟ་མ་ཟོས་ཚར་རྗེས་ཨ་ཕ་ཡང་འགྲོ་རན་ལ་སླེབས་འདུག དེ་ནས་ངེད་གཉིས་དལ་གྱིས་སློབ་གྲྭའི་རླངས་འཁོར་འབབ་ཚིགས་ཀྱི་ཕྱོགས་སུ་སོང་། ལམ་བར་དུ་ངས་ཡ་མཚན་པའི་མིག་ཟུང་གིས་སློབ་གྲྭའི་ཁོར་ཡུག་ལ་ཡར་ལྟ་མར་ལྟ་བྱས་ལ། ཨ་ཕས་ང་ལ་སློབ་སྦྱོང་ལ་འབད་པ་བྱེད་དགོས་ཚུལ་དང་། དགེ་རྒན་ལ་བཀུར་ཞིང་སློབ་གྲོགས་ལ་འགྲིག་མཐུན་བྱེད་དགོས་ཚུལ། ཆང་འཐུང་མི་ཉན་ཚུལ། གྲོགས་ངན་པ་དང་འགྲོགས་མི་ཉན་ཚུལ་སོགས་བསླབ་བྱ་མང་པོ་བཏང་། ཨ་ཕས་བཤད་བཤད་ཚང་མར་ངས་ཀྱང་མཚམས་མེད་པར་ཡ་ལན་བཏབ་པས་ཨ་ཕ་ད་གཟོད་སེམས་བདེ་ལ་བབས་ཏེ་ཅི་ཡང་མི་སྨྲ། སློབ་མགོ་བརྩམས་པའི་ཉིན་མོ་ཡིན་པས་རླངས་འཁོར་འབབ་ཚིགས་སུ་ཡང་མི་མང་པོ་འདུས་འདུག ཨ་ཕ་དང་འདྲ་བར་བུ་ཕྲུག་སློབ་གྲྭར་བསྐྱལ་དུ་འོངས་པའི་ཁྱིམ་བདག་གཞན་ཚང་མའང་ཕྱིར་ལོག་གྲབས་བྱེད་ཅིང་། བུ་ཕྲུག་དང་ཕ་མ་གཉིས་ཁ་འབྲལ་མ་ཕོད་པར་ད་དུང་མཚམས་མེད་པར་ཅི་ཞིག་བཤད་བཞིན་པའི་སྣང་ཚུལ་དེ་མཐོང་བ་ན་ངའི་ཡིད་ལ་གློག་བརྙན་ཟློས་གར་གྱི་འཁྲབ་ཚན་དག་དྲན་བྱུང་། འོན་ཀྱང་སྐབས་དེར་ངས་ཨ་ཕ་ལ་ལྟ་དུས་ཨ་ཕས་ཅི་ཞིག་ལ་འདང་རྒྱག་བཞིན་པ་མི་ཤེས་མོད་གདོང་ལ་གཟབ་ནན་གྱིས་ཁེངས་ཏེ་ཅི་ཡང་མི་སྨྲ་བར་ཁ་རོག་གེར་འདུག དུང་སྒྲ་དང་བཅས་འགྲུལ་སྐྱོད་རླངས་འཁོར་ཆེན་པོ་ཞིག་ང་ཚོའི་ཕྱོགས་སུ་བསྐྱོད་ཡོང་། ཨ་ཕ་ང་ལ་འཐམས་ནས་བདེ་མོ་ཟེར་བཞིན་ཁ་ཕྱིར་འཁོར་ནས་རླངས་འཁོར་གྱི་ཕྱོགས་སུ་སོང་། ཨ་ཕ་ནི་ནམ་རྒྱུན་གཟབ་ནན་ཅན་ཞིག་ཡིན་ལ་གདོང་ནས་འཛུམ་ཞིག་མཐོང་བ་ཡང་ཉིན་མོའི་སྐར་མ་ལྟར་དཀོན། ནར་སོན་ནས་ད་བར་དུ་ཐ་ན་བརྩེ་བའི་གཏམ་ཞིག་ཀྱང་ང་ལ་བཤད་མ་མྱོང་བས་གློ་བུར་དུ་དོགས་མི་བདེ་བའི་ཚོར་བ་ཞིག་ངའི་ལུས་སྟེང་ཡོངས་སུ་ཁྱབ། ངས་སེམས་སུ་དེ་རིང་ཨ་ཕ་ལ་ཅི་ཞིག་བྱུང་སོང་སྙམ། མི་ཚོགས་ཀྱི་ཁྲོད་དུ་ཨ་ཕའི་ལྗིད་ཏིག་ཏིག་གི་གོམ་འགྲོས་དང་རྒྱགས་ལྷུག་ལྷུག་གི་རྒྱབ་གཟུགས་དེ་ནི་གང་ནས་བལྟས་ཀྱང་མིག་ལམ་ནས་ཡལ་མི་ཐུབ་པ་ཞིག་རེད། འཚང་ཁ་ཤིག་ཤིག་གི་འོག་ཏུ་ཨ་ཕ་བདེ་བླག་ངང་རླངས་འཁོར་ལ་བུད། རླངས་འཁོར་ཡང་དེ་མ་ཐག་དལ་གྱིས་རྒྱང་ལ་བསྐྱོད་སོང་། རླངས་འཁོར་གྱི་རྗེས་སུ་སློབ་མ་ཚོས་ལག་པ་གཡུགས་ནས་བདེ་མོ་འཇོག་བཞིན་ཡོད། དངོས་གནས་རང་གི་ཕ་མའི་དྲོད་ཁོལ་ལྡན་པའི་ཚང་མལ་དང་བྲལ་ནས་ཁོར་ཡུག་གསར་བ་ཞིག་ནས་རང་རྐྱ་འཕེར་བའི་འཚོ་བར་རོལ་བ་ནི་སླ་མོ་ཞིག་མིན་པ་ངས་ཀྱང་རྗེས་ནས་མ་གཏོགས་མ་ཤེས། གློ་བུར་དུ་རླངས་འཁོར་བསྐྱོད་མཚམས་བཞག་ཅིང་། རླངས་འཁོར་ལས་མི་ཞིག་ས་ལ་བབས་ཤིང་ཧ་ཅང་ཆ་ཡོད་ཀྱི་ལུས་གཟུགས་དེ་ངའི་ཕྱོགས་ལ་བརྒྱུགས་ནས་ཡོང་། ཕར་བལྟས་མ་ཐག་ཏུ་ཨ་ཕ་ཡིན་པ་ཤེས་སོང་། ཁོ་བརྒྱུགས་ནས་ཡོང་སྐབས་ཇི་ལྟར་བལྟས་ཀྱང་ལོ་བཞི་བཅུ་རྟེན་མ་བྱས་ཤིང་ལོ་ལྔ་བཅུ་སྔས་མགོ་བྱས་ཡོད་པའི་མི་ཞིག་དང་གཏན་ནས་མི་འདྲ། འོན་ཀྱང་ཉེ་རུ་སླེབས་སྐབས་ཁོ་ནི་མ་ལཱ་སུང་རྒྱུག་པ་ལྟར་དབུགས་ཤེད་ཀྱིས་འབྱིན་རྔུབ་བྱེད་ལ་སྐད་ཆའང་བཤད་ཐུབ་རྒྱུ་མེད་པ་ལ་བལྟས་ན་ཀློག་མཁན་རྣམས་ཀྱིས་ཀྱང་ངའི་ཨ་ཕའི་ལུས་པོ་ཅི་འདྲ་རྒྱགས་པོ་ཞིག་ཡིན་པ་སེམས་ལ་འཆར་ཐུབ་ངེས་ཡིན། ཁོས་དབུགས་རྔུབ་བཞིན་སྟོད་གོས་ཀྱི་ཁུག་མ་ལས་ཕོ་བའི་སྨན་དེ་བླངས་ནས་ང་ལ་བྱིན་པ་དང་ངའི་གདོང་ལ་ལྟ་ཙམ་བྱས་རྗེས་ཅི་ཡང་མི་སྨྲ་བར་ཁ་ཕྱིར་འཁོར་ནས་བུད་སོང་། ཨ་ཕའི་རྒྱུག་བཞིན་པའི་རྒྱབ་གཟུགས་མཐོང་བ་ན་སེམས་ལ་ན་ཟུག་ཅིག་བཅོས་མིན་དུ་སྐྱེས་འོངས། མིག་ཟུང་རབ་རིབ་ཀྱི་ཁྲོད་ནས་རླངས་འཁོར་ཡང་རྒྱང་དུ་བཞུད་ནས་སྐད་ཅིག་ལ་མིག་ལམ་ནས་ཡལ་སོང་། དེར་ཡོད་པའི་སློབ་མ་རྣམས་ཀྱང་རང་རང་ས་ནས་དགའ་སྤྲོ་དང་བཅས་ཏེ་ཐོར་སོང་། ང་ད་དུང་གནས་དེ་རུ་འགྲེང་ནས་བསྡད། སྟོན་དུས་ཀྱི་རླུང་ནི་ཧ་ཅང་བསིལ་འཇམ་ལྡན་པས་མི་ལ་གྲང་ངར་གྱི་ཟུག་གཟེར་ཅི་ཡང་མི་སྟེར། དྭངས་གསལ་གྱི་མཆི་མའི་ཐིགས་པ་ཞིག་ངའི་ལག་མགོ་རུ་ལྷུང་བས། ངས་ད་གཟོད་རང་གི་མིག་ཟུང་སྔ་མོ་ནས་མཆི་མས་བརླན་འདུག་པ་ཤེས།འདས་ཟིན་པ་ནི་ཁ་སང་གི་ལོ་རྒྱུས་ཡིན་ལ་བསྐྲུན་དགོས་པ་ནི་མདང་དགོང་གི་དམ་བཅའ་ཡིན་བསམ་ནས། ངས་ལག་པས་མིག་ཆུ་ཕྱིས་ནས་རང་གི་སྡོད་ཁང་གི་ཕྱོགས་སུ་སོང་། ངའི་སློབ་ཆེན་གྱི་འཚོ་བའང་སྐབས་འདི་ནས་མགོ་བརྩམས་པ་ཡིན།།

    མཚོ་སྔོན་བོད་ཡིག་གསར་འགྱུར།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག

རྟ་ནག་སྒྲོག་འགྲོས། སྨད་ཆ།