ཉི་འོད་དང་ཟླ་འོད་ཀྱིས་ཁ་ཡ་མི་བྱེད་པའི་ང་ཡི་དབུགས་རིང་གི་འབྱིན་རྔུབ་རྩུབ་མོ་ནི།སྟོད་ནས་སྨད་ལ་བསྐུར་བའི་སྐད་ཆ་ཞིག་གི་སྙིགས་རོ་མིན་ན།དྭངས་གཙང་གི་ཤོག་བུ་དཀར་པོ་ཞིག་བརླག་དགོས་དོན་མེད་ལ།རང་སེམས་རང་ལ་གསལ་བའི་སྙིང་ཁམས་ཤིག་གི་མགོ་རྟིང་སློག་དགོས་དོན་ཡང་ཡེ་ནས་མེད།ང་ནི་ཕ་ཡུལ་དང་ཡུལ་མི་བོར་བའི་འཁྱམ་པོ་མཐུར་མེད་ཅིག་ཡིན།ཡང་ན།རྟ་རྒོད་མཐུར་མེད་ཅིག་ཡིན་པས།སྐྱོ་གདུང་གི་ན་བུན་བྲང་གིས་བསུས་ཤིང་།མནར་གཅོད་ཀྱི་ལྷགས་རླུང་གོམ་པས་བརྫིས་མྱོང་།དེ་ནི་ལས་དབང་གི་མེ་ཁ་གསོ་བའི་ལམ་གྱི་སྒྲུང་ཞིག་ཡིན་ལ།མི་ཚེ་ཡི་རྡོ་རིང་ལ་ཚོན་རྩི་བྱུགས་པའི་ཡིད་ཡུལ་གྱི་ཁ་དོག་ཅིག་ཅི་ལ་མིན་ཨང་།

    རྡོ་བ་ཞིག་གི་འཁྱགས་ཚུལ་ལ་རྒྱུ་རྐྱེན་མི་འདྲ་མོད།རང་གི་སྐྲ་ལོ་ཐག་པར་བརྒྱུས་ནས་ལྕེབ་ཐག་བྱས་པའི་ལས་སྦྱོར་དེ་ནི།འཚོ་བ་ཞིག་གི་སྔ་རྗེས་ལྡེབ་འཁྲིགས་པ་ཡིན་མི་སྲིད་ནའང་།ནང་དོན་གྱི་རྒྱབ་ལྗོངས་ཟུར་གསུམ་མ་དེ་གོ་མཁན་མི་འདུག རྒྱུ་མ་ཐང་ལ་དྲུད་དེ་འདུར་བའི་འབྲོང་གི་བརྩེ་དུང་རྟོག་གིན་མི་འདུག འདི་ནི་ན་ཟུག་གི་རི་མོ་རང་གི་ལག་མཐིལ་ལ་བྲིས་ནས་གསུབ་སོང་བ་དང་འདྲ་ལ།འདི་ནི་ངག་ལྐུགས་པའི་སྐྱེ་བོ་ཞིག་ལ་སྐྱུར་ཁུ་བླུད་པ་དང་འདྲའོ།།

    རང་གི་སྐྱེས་པ་གཡུལ་ས་ནས་ཕྱིར་ཡོང་མ་བྱུང་བའི་བུ་མོ་ཞིག་གི་རེ་སྒུག་ལ་མཐའ་མེད་པ་ལྟར།སྐྱོ་བ་དང་གདོན་གྱིས་བཟུང་བའི་སེམས་པ་འདིར་སྨུག་པ་མེད།མིག་ཆུ་དང་མེ་ཏོག་གི་ཞིང་ས་མེད།བྱ་རྒོད་དང་གངས་སྤྱང་གི་གནས་མལ་མེད།ཚེར་མ་དང་གཡའ་མ་མང་བའི་ན་གཞུང་སྐྱ་བོ་དེ་ལས།ང་ལ་དྲོད་ཁོལ་གྱི་ལེགས་སྐྱེས་གནང་མཁན་དང་།སྟོང་བསམ་གྱི་སྦྲིད་སྨན་སྦྱིན་མཁན་ཡང་གཅིག་ཀྱང་མེད་དོ།།

    ཁྱོད་ནི་སུ་ཞིག་ཡིན།མུ་ཏིག་གི་སྙེ་མ་ཁུར་བའི་བུ་མོ་ཁྱོད།ང་རང་དུག་གི་ཁྲོན་པ་དེ་ལས་སྐྱོབ་མཁན་དེ་ཁྱོད་ཡིན་ནམ།ང་རང་ལྕགས་ཀྱི་ལྕེབ་ཐག་ལས་བཀྲོལ་མཁན་དེ་ཁྱོད་ཡིན་ནམ།ཁྱོད་ནི་སྔོན་ཆད་ངའི་རྨི་ལམ་ནང་གི་ཕྱེ་མ་ལེབ་དཀར་པོ་དེ་ཡིན་ནམ།ཁྱོད་ནི་སྔོན་ཆད་ངའི་སྙིང་གི་འཇའ་ཚོན་དུ་ཡལ་བའི་ཁ་བའི་འདབ་མ་དེ་ཡིན་ནམ།འཛུམ་མདངས་རྐྱང་རྐྱང་ལས་ཁ་མི་གྲག་པའི་མི་ལགས།དོན་ངོ་མར།ཁྱོད་ནི་ལྷ་ཞིག་ཡིན་ནམ་མི་ཞིག་ཡིན།

    2013/6/17མཚན་མོར།

    མཚོ་སྔོན་བོད་ཡིག་གསར་འགྱུར།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག

རྟ་ནག་སྒྲོག་འགྲོས། སྨད་ཆ།