མི་ཞིག་འདས་གྲོངས་སུ་འགྱུར་རག་བར་རང་གི་རྒྱུ་ནོར་ལ་ཞིབ་རྩིས་ཐེངས་ཤིག་བླངས་ཏེ་རྗེས་རབས་པ་དག་ལ་ཤུལ་བཞག་རྒྱུ་རྫས་ཤིག་བསྐྱུར་ངེས་པ་དེ་བཞིན། དུས་རབས་ཤིག་མཇུག་རྫོགས་པར་ཡང་རང་གི་ཤུལ་རྗེས་སུ་བསྐྱུར་བའི་བྱ་དངོས་དག་ལ་རྩིས་ཐོ་ཞིག་བཀོད་པ་ཡིན་ན།དུས་རབས་ཕྱི་མའི་མི་རྣམས་ཀྱི་སེམས་ལ་དུས་རབས་དེའི་མཚན་པའི་ལག་རྗེས་སོགས་གསལ་བོར་དྲན་ཐུབ་པར་འདུག

    དུས་རབས་ཉི་ཤུ་པའི་ས་སྲོས་ཀྱི་མུན་པའི་ཞལ་ཁེབས་རེ་ཞིག་མགོ་ཐོག་ཏུ་ཐོན་ལ་ཉེ་བའི་དུས་འདིར། དུས་རབས་འདིས་ང་ཚོ་མིའི་རིགས་ལ་ཡང་སྙིང་ཅི་ཞིག་བསྐྱུར་འདུག་པར་གཙང་གཤེར་ཐེངས་ཤིག་རྒྱག་དགོས་པའི་དུས་ལ་སླེབས་སོང་བ་འདྲ་སྟེ།

    མི་བྱེ་བ་བརྒྱད་ལྷག་དམག་འཁྲུག་གི་ཁྲོད་དུ་ཤི་བའི་བེམ་རོ་དག་དུས་རབས་ཉི་ཤུ་པས་མིའི་རིགས་ལ་བསྐྱུར་བའི་ཆེས་འབོར་ཆེ་བའི་རྒྱུ་དངོས་རྩ་ཆེན་དེ་ཡིན་པ་ནི། འཛམ་གླིང་དམག་འཁྲུག་ཆེན་པོ་གཉིས་དང་རྒྱལ་སྤྱི་དང་རྒྱལ་ཁབ་ནང་ཁུལ་གྱི་དམག་འཁྲུག་ཐེངས་སུམ་ཅུ་ལྷག་གིས་འཛམ་གླིང་ཧྲིལ་བོའི་འཐབ་མོ་བ་དང་མི་སེར་བྱེ་བ་བརྒྱད་ལྷག་ལྔ་ལམ་དུ་དེད་ཡོད་པ་དང་། འདས་གྲོངས་སུ་གྱུར་པའི་མི་འདི་དག་ད་ལྟ་བའི་ངོ་བོར་རུས་གོག་ཏུ་གྱུར་པ་ནས་ས་རིམ་པ་དགུའི་གཏིང་འོག་ཏུ་བཅུག་ནས་ཡོད་པ་རེད། རུས་གོག་འདི་དག་གིས་ཞི་ལྷོད་ངང་གསོན་ངོགས་ཀྱི་མི་འདི་དག་ལ་ལྟ་གིན་ཡོད་ལ། ཁོ་ཚོས་དམག་འཁྲུག་གི་སེམས་ངོ་མཚོན་པའི་གདངས་དབྱངས་སྙན་པོ་དེས་དུས་རབས་ཕྱི་མའི་འགྲོ་བ་རྣམས་ཀྱི་ཁེར་རྐྱང་དང་སུན་སྣང་གི་སྐྱོ་བ་ཡང་སད་ནས་ཡོད།

    དེ་བཞིན་བགྲང་ལས་འདས་པའི་ཉིང་རྡུལ་མཚོན་ཆའི་འབར་མདེལ་ནི་དུས་རབས་ཉེར་གཅིག་གིས་མི་རྣམས་ལ་བཞག་པའི་ཁྱད་ནོར་གཞན་ཞིག་སྟེ། འཇིག་རྟེན་སྟེང་ཉིང་རྡུལ་མཚོན་ཆ་སྒྲིག་བཟོ་བྱེད་ཀྱིན་པའི་རྒྱལ་ཁབ་དག་གི་འབར་མདེལ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པ་ཡིན་ན་དེ་ལ་གྲངས་གནས་ཁྲི་ཡིས་གཞལ་དགོས་པར་འདུག ཉིང་རྡུལ་མཚོན་ཆའི་འབར་མདེལ་འདི་དག་གིས་སའི་གོ་ལ་ཐེངས་དུ་མར་རྨག་མེད་དུ་བཟོ་ཐུབ་པས། མིའི་རིགས་ཀྱིས་རང་གིས་རང་ལ་སེམས་ཅན་ཐམས་ཅད་འཆི་འཕོས་སུ་འཇུག་ཐུབ་པའི་ལག་ཆ་ཞིག་ཡོངས་སུ་གསར་བཟོ་ཐུབ་པ་འདི་ཡང་ངའོ་སྙམ་དང་ཆོག་པའི་དོན་བྱ་ཞིག་ཅི་ལ་མིན།

    ཡང་ན། དུས་རབས་ཕྱི་མའི་ཉིན་ཞིག་ལ། ང་ཚོ་མིའི་རིགས་ཀྱིས་ཉིང་རྡུལ་མཚོན་ཆའི་འབར་མདེལ་གས་གཏོར་འབྱུང་དུས་ཀྱི་མིག་ལ་འཚེར་ཞིང་ལྟ་ན་སྡུག་པའི་འོད་ཀྱི་རླབས་གཉེར་དེ་མཐོང་ཡང་སྲིད། དེ་དུས། མི་རྣམས་ཀྱིས་བསྐལ་བ་དུ་མར་འཕྲད་དཀའ་བའི་མིག་བསོད་ཀྱི་དབང་གིས་ངེས་པར་དགའ་འབོད་ལྷང་ལྷང་བྱ་ངེས་སོ། །

    ཡང་སྤྱི་ཆིང་དུང་ཕྱིར་བཅུ་ལྷག་གི་ནགས་ཚལ་དག་བདེ་ཐང་དང་བྱེ་མའི་ཐང་ཆེན་དུ་གྱུར་པ་དེ་དུས་རབས་ཉི་ཤུ་པའི་བླ་ན་མ་མཐོ་བའི་ལག་རྗེས་ཤིག་དང་། དུས་རབས་ཕྱི་མའི་མི་རྣམས་ལ་ཤུལ་བཞག་གི་ནོར་རྫས་གྱ་ནོམ་པ་ཞིག་ཡིན་པ་ནི། ནགས་ཚལ་འདི་དག་མེད་པར་གྱུར་པ་ཡིས། མིའི་རིགས་ཀྱི་དཀའ་ལས་མང་པོ་ཇེ་ཉུང་དུ་སོང་ཡོད་པར་མ་ཟད། སྤྲིན་དང་སྨུག་པ་འཁྲིགས་ཤིང་། སྦྲང་ཆར་ཟམ་ཟིམ་འབབ་པ་སོགས་ཀྱི་གནམ་གཤིས་དག་ལ་རྒྱང་ཐག་གིས་བཅད་དེ། ཉི་མའི་འོད་དུག་ཐད་ཀར་ས་གཞིར་འཕྲོས་པ་ནས་ས་ངོས་སུ་མཛེས་སྡུག་གི་སེར་ཁ་མང་པོ་འབྱུང་ངེས་ལ། བྱེ་ཐང་གི་རྒྱ་ཁྱོན་ཇེ་ཆེར་གྱུར་པ་དེས་མི་རྣམས་ལ་བྱེ་མའི་ཐང་ཆེན་གྱི་སྨིག་རྒྱུའི་གྲོང་ཚོ་ཉམས་སུ་མྱོང་བར་སྟབས་བདེ་བསྐྲུན་ནས་ཡོད་པ་དང་། རྔ་མོང་གི་སྐེ་དྲིལ་ལས་འཐོར་བའི་ཏིང་ཏིང་གི་སྙན་དབྱངས་རྣ་བས་ཟས་སུ་མྱངས་ཆོག བདེ་ཐང་གི་ས་ཁྱོན་ཇེ་ཆེར་གྱུར་པ་དེས་མི་རྣམས་ཀྱི་མཐོང་ལམ་ཇེ་ཡངས་སུ་བསྒྱུར་པ་ནས་ས་གཞི་ཆེན་པོའི་ཕ་མཐའི་ཞིང་བཀོད་ཀྱི་མཛེས་པའང་ཉམས་སུ་མྱོང་ཐུབ་པར་བྱས་ཡོད།

    ནག་ནོག་གི་དྲི་མས་སྦགས་པའི་གཙང་བོ་སྟོང་ཕྲག་འགའ་དང་མཚེའུ་བརྒྱ་ཕྲག་འགའ་ཡོད་པ་དེ་རྣམས་ཀྱང་དུས་རབས་ཉི་ཤུ་པས་བསྐྱུར་བའི་ཤུལ་རྫས་གཞན་ཞིག་སྟེ། ཤུལ་རྫས་འདི་དག་ཡོད་པས་ན་དུས་རབས་ཕྱི་མའི་མི་རྣམས་མཚེའུ་ཡི་འགྲམ་ངོགས་སུ་བཅར་ཏེ་ཉ་འཛིན་རྒྱུའི་ངལ་བ་སྐྱུང་ནས་ཡོད་ཅིང་། རྒྱུ་རྐྱེན་དེ་ཡིས་ཕྱེ་སྟེ་མཉན་པར་གྲུ་བོ་དང་ཉ་རྒྱ་སོགས་བཟོ་རྒྱུའི་ངལ་བའང་བསལ་ནས་ཡོད་པར་མ་ཟད། ཤུལ་རྫས་འདི་དག་ཡོད་པ་ཡིས་མི་མང་པོ་ཞིག་གིས་ཆུ་ལ་རྐྱལ་བའི་རྩལ་ནུས་སྦྱང་མ་དགོས་པར། ཆུར་བྱིངས་ནས་རྐྱེན་ལམ་དུ་འགྱུར་བའི་ཉེན་ཁའང་ཇེ་ཉུང་དུ་སོང་བ་དང་། ཐ་ན་ཤུལ་རྫས་འདི་ཡོད་པའི་རྐྱེན་གྱིས་མི་མང་པོ་ཞིག་ལ་ག་བྱུང་འདི་བྱུང་མི་ཤེས་པའི་ནད་ཆུང་ངུའི་རིགས་བྱུང་སྟེ་ལྟ་བས་མི་མངོན་པའི་སྨན་ཁང་དུ་འདུག་གིན་ཡོད་ལ། སྐབས་དེ་ནས་བརྩིས་ཏེ་འ་ཆད་འུ་ཐུག་གི་ལས་ཀ་ལྗིད་མོ་དག་ཀྱང་རྒྱབ་ཏུ་གཡུག་ཐུབ་ནས་ཡོད།

    སྟོང་ཁམས་ཆེན་མོའི་ཀློང་གི་གད་སྙིགས་དུམ་བུ་ས་ཡ་གསུམ་དང་འབུམ་ལྔ་བོ་དེ་ཡང་དུས་རབས་ཉི་ཤུ་པས་བསྐྱུར་བའི་ངོ་མཚར་གྱི་ཤུལ་རྫས་ཕུན་སུམ་ཚོགས་པ་ཞིག་ཡིན་པ་ནི། མིག་སྔའི་ཆར་དངོས་པོ་འདི་དག་གིས་སའི་གོ་ལ་བསྐོར་ནས་འཁོར་གྱིན་ཡོད་ལ། སའི་གོ་ལའི་དམར་ཐིག་དང་ཉེ་བའི་སྟོང་ཁམས་གད་སྙིགས་ཕྲན་བུའི་རིགས་ལས་ལི་མུས་བཅུའི་ཡན་རྩིས་ཐོ་བཀོད་པའང་དུམ་བུ19000ཙམ་ཡོད་ལ། དེའི་ཁྲོད་ཀྱི་དུམ་བུ7000ཙམ་ལ་རྗེས་འདེད་ཀྱང་བྱས་ཆོག་པར་འདུག ཤུལ་རྫས་འདི་དག་ཡོད་པས་ན། ང་ཚོས་ཕྱིས་དུས་སུ་མིས་བཟོས་སྲུང་སྐར་བར་སྣང་དུ་བསྐྱལ་བ་ཉུང་ངུར་བཏང་ཆོག་པའམ་ཡང་ན་རྩ་བ་ནས་མ་བསྐྱལ་བར། གཡའ་དག་པའི་མཚན་མོའི་མཁའ་དབྱིངས་སུ་སྐར་མའི་དུ་སྤྲིན་མཐོང་ཐུབ་པ་ནས། སྐར་མའི་གོ་ལ་གཞན་ལ་ཞིབ་འཇུག་བྱེད་པའི་ལས་ཀ་དག་ཀྱང་མཚམས་བཞག་ཆོག་གོ །

    ཅི་འདྲའི་གཏོང་ཕོད་ཀྱི་ཕག་ཟུང་ཡངས་པའི་དུས་རབས་ཤིག་ཨང་། རགས་རྩིས་ཤིག་བྱས་པ་ཙམ་གྱིས་ཀྱང་ཁོས་མིའི་རིགས་ལ་འདི་ལྟ་བུའི་ཤུལ་རྫས་གྱ་ནོམ་པ་ཞིག་བཞག་ནས་ཡོད་པས། དུས་རབས་ཕྱི་མའི་མི་རྣམས་ཀྱིས་ཁོ་ལ་དང་བ་ཆེན་པོས་ཐུགས་རྗེ་ཚད་མེད་ཞུ་དགོས་པ་འོས་ཤིང་འཚམས་པ་ཞིག་ཡིན་པ་ལྟ་ཅི་སྨོས།

    དེས་ན་དཀོན་མཆོག་གིས་ཇི་ལྟར་དགོངས་ཡོང་ངམ། དཀོན་མཆོག་གིས་ཀྱང་འདི་དག་གི་ཆེད་དུ་ཞལ་འཛུམ་པ་མཛད་ངེས་སམ། །

    མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས22པ།2015·08·14།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག