པར་ངོས20པར་མཐུད་པ།)ད་ཆ་ཁོ་གཉིས་ནི་ཅི་འདྲའི་ཉམ་ཆུང་ཞིག་དང་སྙིང་རྗེའི་ཡུལ་དུ་གྱུར་པ་ཞིག་རེད་ཨང་།

    ང་རྒྱལ་ཆེ་བའི་ཐང་དཀར་རྒོད་པོས་ཀྱང་ཉམ་ཆུང་ལ་ཐུབ་ཚོད་བྱེད་པར་མི་འདོད་པས། མིག་གཉིས་བཙུམ་བཞིན་མགོ་བོ་ཕྱིར་འཁོར་ནས “ཁྱོད་གཉིས་སོང་།ངའི་མིག་གི་རིག་ས་ནས་མ་འདུག”ཅེས་བཤད།

    དེ་བས། བྱ་ཁྱུང་ཆུང་ཆུང་དེ་གཉིས་ནི་མདའ་འཕངས་པ་ལྟར་རྒྱང་རིང་དུ་འཕུར་སོང་།

    བྱ་རྒོད་དེས་ཁ་ཕྱིར་འཁོར་ནས། “ངའི་གཅེས་ཕྲུག་ཚོ། ཁྱོད་ཚོས་ཡིད་ལ་དམ་པོར་འཛིན་དགོས་པ་ཞིག་ནི། ང་ཚོ་སྐྱེས་པ་ནས་སྲོག་ཆགས་ཆེ་བ་འཛིན་པ་ལས། སྲོག་ཆགས་ཆུང་བའི་རིགས་ཅི་ནས་ཀྱང་འཛིན་གྱིན་མེད་པས། ཁྱོད་ཚོས་ཀྱང་ཤི་དགོས་རུང་བྱིའུ་ཕྲུག་ལྟ་བུ་ཉམ་ཆུང་གི་སྲོག་ཆགས་འཛིན་མི་རུང”ཞེས་རང་གི་ཕྲུ་གུ་ཚོར་དེ་ལྟར་གདམས་སོ།།

    གྲོག་མ་དང་གྲོ།

    གྲོ་རིལ་གཅིག་ཨ་ཁུ་ཞིང་པས་ཞིང་ནང་དུ་ལུས་པས། ཁོ་ནི་ཉིན་ལྟར་གནམ་ནས་ཆར་པ་ཞིག་འབབ་རྒྱུར་རེ་བཞིན་མཆིས། དེ་ལྟར་བྱུང་ཚེ་ཁོའི་རྩ་བ་དེ་དགུན་དུས་ལ་མ་སླེབས་སྔོན་ནས་བཞའ་ཚན་དང་ལྡན་པའི་ས་འོག་ཏུ་འཛུལ་ཐུབ།

    ཉིན་ཞིག གྲོག་མ་ཞིག་བྲེལ་བྲེལ་འཚུབ་འཚུབ་ངང་མདུན་དུ་སྐྱོད་བཞིན་པའི་སྐབས་དེར། ཏག་ཏག་ཞིང་ནང་གི་གྲོ་རིལ་དེ་མཐོང་བས། ཁོ་ནི་དགའ་སྤྲོས་རབ་ཏུ་མྱོས་ཏེ། དེ་མ་ཐག་ཏུ་ལྗིད་ཏིག་ཏིག་གི་གྲོ་རིལ་དེ་རང་ཉིད་ཀྱི་སྒལ་བར་ཁུར་ནས་དཀའ་ལས་ཆེན་པོ་མྱངས་ཏེ་ཁྱིམ་དུ་ལོག

    གྲོག་མའི་ཁྱིམ་རྒྱུད་ཀྱི་འཚོ་བའི་གོམས་གཤིས་ནི། ཆུ་མ་ཡོང་གོང་ལ་ཆུ་རགས་རྒྱག་དགོས་པའི་དཔེ་ལྟར། ས་མ་རུབ་གོང་ནས་རྒྱལ་སྒོ་དམ་པོར་གཏན་དགོས། དེར་བརྟེན་ཁོ་ནི་ས་མ་རུབ་གོང་ནས་ཁྱིམ་དུ་སླེབ་དགོས་པས། ངལ་གསོ་ཙམ་ཡང་མ་བྱས་པར་སོང་བ་དང་།རྒྱབ་ཀྱི་གྲོ་རིལ་དེ་ཇེ་ལྗིད་ནས་ཇེ་ལྗིད་དུ་སོང་བས། སྒལ་བ་ཡང་དྲང་བོ་བྱེད་ཐུབ་ཀྱིན་མེད་པ་རེད།

    སྐབས་དེར་གྲོ་རིལ་གྱིས“གྲོག་མ་ལགས། ཁྱེད་ཀྱིས་དཀའ་ལས་ཆེན་པོ་མྱངས་ནས་ང་ཁུར་དོན་ཅི་ཡིན། ང་ཐང་ལ་ཞོག་དང་། ང་ཐང་ལ་བཞག་ན་ཁྱེད་ཀྱིས་དཀའ་ལས་མྱོང་དགོས་པ་མ་རེད”ཅེས་ཞུ་བ་བྱས།

    གྲོག་མས་དབུགས་ལྷེམ་ལྷེམ་བྱེད་བཞིན“ཨ་ཙི། དངོས་གནས་དགོངས་པ་མ་ཚོམས། གལ་སྲིད་ངས་ཁྱེད་རང་ཐང་ལ་བཞག་ན་ང་ཚོས་དགུན་ཟླ་རིང་མོ་ཇི་ལྟར་བསྐྱལ་དགོས། ང་ཚོས་རླུང་འགམ་ནས་འདུག་དགོས་པ་ཨེ་རེད། གྲོག་མའི་ཁྱིམ་རྒྱུད་ཀྱི་གྲངས་འབོར་ཁྱེད་ཀྱིས་ཤེས་གསལ་རེད། དེར་བརྟེན་ང་ཚོ་གྲོག་མ་ཚང་མས་ནུས་ཤུགས་ཡོད་རྒུས་འབྲུ་རིགས་གསོག་འཇོག་མི་བྱེད་ཀ་མེད་ཡིན”ཞེས་བཤད།

    གྲོ་རིལ་གྱིས་བསམ་བློ་ཞིག་བཏང་ནས། “ཨོ་འདི་འདྲ་ཡིན་ན། ཁྱེད་རང་ངོ་མ་ལས་ལ་བརྩོན་པའི་གྲོག་མ་ཞིག་རེད། ངས་བསམ་ཤེས་ཐུབ་ཀྱི་འདུག ཡིན་ནའང་། ལས་ལ་བརྩོན་ཞིང་སྤྱང་གྲུང་ལྡན་པའི་གྲོག་མ་ཁྱེད་ཀྱིས་ཀྱང་གུས་པར་བསམ་ཤེས་གནང་རོགས། ངའི་གཏམ་ལ་ནན་ཏན་གྱིས་གསན་རོགས་གནོངས”ཟེར།

    གྲོག་མས་ཀྱང་ངལ་གསོ་དགོས་བསམས་ནས། མགོ་བོ་ལྕོག་ལྕོག་བྱས་ཏེ་ཡིད་འཐད་བྱུང་། ཁོས་རྒྱབ་ཀྱི་ཁུར་བོ་ལྗིད་མོ་དེ་དལ་གྱིས་མར་ཕོག་པ་དང་། དབུགས་རིང་ཞིག་ལེན་བཞིན་ངལ་གསོ་བྱས།

    “གྲོགས་པོ་ལགས། ཁྱེད་ཀྱིས་ཤེས་སམ། ངའི་ལུས་སྟེང་དུ་རླབས་ཆེ་བའི་ནུས་ཤུགས་ཤིག་ལྡན་ཡོད། ང་ཚོ་ས་བོན་སྐྱེས་པ་ནས་ལུས་ཐོག་ཏུ་འགན་འཁྲི་ཞིག་ཡོད་དེ། ཡངས་པའི་ས་གཞི་དེར་ཚེ་སྲོག་གསར་བ་མང་པོ་ཞིག་གཏོད་རྒྱུ་དེ་རེད། ངས་དེ་ལྟར་བཤད་ན་ཁྱེད་ཀྱིས་གོ་བ་ལོན་ཐུབ་ངེས་རེད། ངའི་བསམ་ཚུལ་ནི། འུ་གཉིས་ཀས་ཁ་ཆད་ཅིག་བཞག་ན་གང་འདྲ་འདུག”ཅེས་གྲོ་རིལ་གྱིས་དེ་ལྟར་བཤད་པར།

    གྲོག་མས“ཅི་ཞིག་གི་ཁ་ཆད”ཅེས་དྲིས།

    “འདི་འདྲ་རེད། གལ་སྲིད་ཁྱེད་ཀྱིས་ང་གྲོག་མའི་ཚང་དུ་མ་ཁུར་བར། དེ་གར་ཞིང་ནང་དུ་བཞག་ན། ངས་དེ་རིང་འདིར་མནའ་བསྐྱལ་དམ་བཅའ་བཞག་ཆོག སང་ལོའི་དུས་ཚོད་འདིར་ངས་ཁྱོད་ལ་ཆེ་ཆུང་ང་དང་མཉམ་པའི་གྲོ་རིལ100སྟེར ”ཟེར།

    ཁས་ལེན་དེར་གྲོག་མ་ཡིད་ཆེས་པར་དཀའ་སྟེ་མགོ་བོ་གཡུག་གཡུག་བྱས།

    གྲོ་རིལ་དེས་སླར་ཡང་བཤད་རྒྱུར།

    “གྲོགས་པོ་ལགས། མཛའ་བརྩེ་ལྡན་པའི་གྲོགས་པོ་ཁྱེད་ཀྱིས་ང་ལ་ཡིད་ཆེས་གནང་རོགས། ངས་བཤད་ཚད་བདེན་པ་ཡིན། ང་རང་འདིར་བསྐྱུར་ནས་ངང་རྒྱུད་རིང་པོས་དུས་ཡུན་ཏོག་ཙམ་ལ་སྒུགས་དང་། ངས་ཁྱོད་ལ་དྲིན་ལན་འཇལ་ངེས་ཡིན་པས། ཁྱེད་ཚོ་གྲོག་མའི་ཁྱིམ་རྒྱུད་ལ་གྱོང་གུན་ཅུང་ཙམ་ཡང་རེག་མི་སྲིད་པར་མ་ཟད།དེ་ལས་ལྡོག་སྟེ་ཁེ་ཕན་རྒྱ་ཆེན་པོ་ཡོད”ཟེར།

    གྲོག་མའི་སེམས་སུ། “དེ་རིང་གྲོ་རིལ་རྐང་གཅིག་བློས་བཏང་བས། སང་ལོར་གྲོ་རིལ100ལེན་རྒྱུ་ཡོད་ན། བྱ་བ་བཟང་པོ་འདི་འདྲ། ངས་བྱིས་སྒྲུང་ནང་ནས་མ་གཏོགས་ཐོས་མ་མྱོང”བསམས།

    ཁོ་རང་སོམ་ཉིའི་རྒྱ་རུ་ཚུད་དེ་ཁེར་ལབ་བྱེད་བཞིན་ཡོད།

    “འོ་ན། ཁྱོད་ཀྱིས་གང་འདྲ་བྱེད་རྩིས་ཡོད།” གྲོག་མ་ནི་ཡ་མཚན་གྱིས་མ་བཟོད་པར་དེ་ལྟར་དྲིས་སོ།།

    གྲོ་རིལ་གྱིས“ཁྱེད་ཀྱིས་ང་ལ་ཡིད་ཆེས་གནང་རོགས། འདི་ནི་ང་ཚོའི་ཚེ་སྲོག་གི་གསང་བ་རེད། ད་ལྟ་ཁྱེད་ཀྱིས་ཞིང་དེ་གར་དོང་ཞིག་དྲུས་ནས་ང་སྦས་རོགས། སང་ལོའི་དབྱར་ཁའི་དུས་ཚོད་འདིར། ངའི་སར་བལྟ་བར་ཤོག་དང”ཞེས་ལན་བཏབ།

    གྲོག་མས་ཀྱང་གྲོ་རིལ་གྱིས་བཤད་པ་ཇི་བཞིན་བྱས། ལོ་གཅིག་གི་རྗེས་སུ། ཁ་ཆད་ཀྱི་དུས་ཚོད་ལ་སོན་པ་དང་། གྲོག་མ་ཡང་ཞིང་ནང་དུ་སླེབས། ངོ་མ། གྲོ་རིལ་གྱིས་ཁ་ཆད་བཞིན་གྲུབ་ཡོད། གྲོག་མའི་མིག་མདུན་དུ་མངོན་པ་ནི་གྲོ་རྡོག100ལས་མི་ཚད་པ་ཞིག་ཡོད།།

    སྒྱུར་པ་པོ་ནི་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི2012ལོའི་ལོ་ཙཱ་འཛིན་གྲྭའི་ཡིན།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག