དང་པོ།

    མུན་པ་ནག་པོ་སྒེའུ་ཁུང་ནང་ནས་འཚང་ཡོང་དུས། ཚེ་རིང་གིས་ད་རུང་མལ་ཁང་ནང་གསར་དུ་བསྒྲིགས་པའི་མཛའ་མོ་ལྷ་མཚོའི་ཁ་པར་ལ་བསྒུགས་ཡོད།

    སྔོན་ཏག་ཏག་ལ་ཁོས་དཔེ་སྒྲོམ་སྟེང་གི་དེབ་ཅིག་ལས་བྱང་བུ་ཞིག་བླངས་ཤིང་། མལ་ཁང་ནང་གི་ཁྱིམ་སྤྱོད་ཁ་པར་སྟེང་བྱང་བུའི་ངོས་ཀྱི་ཨང་གྲངས་རེ་རེ་བཞིན་མ་ནོར་བར་མནན་ནས། ལྷ་མཚོའི་མལ་ཁང་ནང་ལ་ཁ་པར་གཏོང་དུས། མོས“ད་རུང་ཅུང་ཙམ་སྒུགས་དང་། ང་ཁྲུས་ཤིག་བྱ་རུ་འགྲོ་དགོས། ཕྱིར་ཕྱིན་ན་ཁྱོད་ལ་ཁ་པར་གཏོང་ངེས”ཟེར།

    “འོ་ཡ། དེས་ན་ངས་ཁྱོད་ཀྱི་ཁ་པར་ལ་བསྒུགས་ནས་འདུག སོང་ནས་གཙང་མ་ཞིག་ཁྲུས་དང་། དོ་དགོང……”

    “སྟོང་བསམ་མ་འཆང་། ང་བུ་མོ་དེ་འདྲ་ཞིག་མིན།”

    ཕལ་ཆེར་དུས་ཚོད་གཅིག་ཙམ་འགོར་རྗེས། ལྷ་མཚོས་ཁ་པར་བཏང་བྱུང་།

    “ཁྱོད་ཀྱིས་བསྒུགས་ནས་ཡུན་རིང་འགོར་སོང་ཨང་།”

    “སྐྱོན་མེད་ཀི”

    “འུ་གཉིས་གང་ནས་ཐུག་རྒྱུ་ཡིན།”

    “ཁྱོད་ཀྱིས་གཙང་མ་ཞིག་བཀྲུས་དང་ངམ། མི་རིག་ས་ན་ཚི་དྲེག་འདྲ་ལུས་མེད་དམ།”

    “ཁྱོད་ཀྱིས་དེ་ལྟར་ཤོད་དང་། ང་ཁྱོད་ལ་ཐུག་རྒྱུ་མིན།”

    “ཀུ་རེ་ཡིན། རྒྱུན་དུ་ཐུག་ས་ནས་ཐུག”

    ཁོ་གཉིས་རྩལ་སྦྱོང་ར་བའི་གཡས་ཟུར་གྱི་སྡོང་རྒན་དེའི་འོག་ནས་ངོ་ཐུག་དུས། ས་ཡོངས་སུ་རུབ་འདུག བར་སྐབས་དེ་ནི་སློབ་གྲྭའི་ར་སྐོར་ནང་ཆེས་ཟང་ཟིང་གི་དུས་ཡིན་ལ། སློབ་གྲོགས་རྣམས་ཆེས་སྐྱིད་པའི་སྐབས་ཀྱང་ཡིན།

    རྩལ་སྦྱོང་ར་བའི་རྒྱུག་ལམ་དུ་སློབ་གྲོགས་རེ་འགས་ཆ་དང་ཆ་བྱས་ནས་འཆམ་འཆམ་བྱེད་ཀྱིན་འདུག ཁོ་གཉིས་ཀྱང་མ་གྲོས་རང་མཐུན་གྱིས་སློབ་གྲོགས་དེ་དག་གི་བར་ལ་བཙངས་ནས་སྐོར་བ་ཐེངས་གཉིས་བརྒྱབ་པ་ན། ལྷ་མཚོས་མོའི་རྐང་བ་ན་བས་ངལ་གསོ་ན་འདོད་ཚུལ་བཤད་བྱུང་། དེ་ལ་ཚེ་རིང་ཡང་ཡིད་འཐད་བྱུང་ནས་ཁོ་གཉིས་ལོབས་ཕྱོགས་ལྟར་སྡོང་བོའི་འོག་གི་རྡོ་ཐེམ་གྱི་ཕྱོགས་སུ་སོང་བ་ན། ནམ་རྒྱུན་ཁོ་གཉིས་སྡོད་སའི་གྲུ་ག་དེ་རུ་སློབ་གྲོགས་གཉིས་ཕན་ཚུན་ལ་འཐམ་ཞིང་འཁྱུད་ཀྱིན་འདུག

    “འུ་གཉིས་སྒོར་འགྲོ་རྒྱུ་ན”ཚེ་རིང་གིས་གློ་བུར་དེ་ལྟར་བཤད།

    ལྷ་མཚོས་ཁོའི་གདོང་ལ་བལྟས་ནས་སྡོད་པ་ལས་ཚིག་གཅིག་ཀྱང་མ་བཤད།

    ལྷ་མཚོར་མཚོན་ན་སྐད་ཆ་དེ་ནི་གློ་བུར་བ་ཞིག་ཡིན་སྲིད་ཀྱང་། ཚེ་རིང་ལ་མཚོན་ན་དེ་ནི་འཆར་སྒོ་གློ་བུར་བ་ཞིག་གཏན་ནས་མིན་ཏེ། ཁོའི་སེམས་སུ་འཆར་གཞི་དེ་འདྲ་ཞིག་སྔོན་ནས་ཉར་ཡོད་ཅིང་། ཁོ་མཚན་མོ་དེར་ལྷ་མཚོར་ངོ་འཕྲད་པའི་དམིགས་ཡུལ་ཡང་དེ་ཡིན།

    “གང་ལ།”ཡུད་ཙམ་འགོར་རྗེས་ལྷ་མཚོ་ཁ་གྲགས་བྱུང་།

    “ཁྱོད་ཀྱིས་ལྟོས། དྲ་ཁང་དུ་འགྲོ་རྒྱུ་ཡིན་ནམ། ཡང་ན་མགྲོན་ཁང་དུ……”

    “ཁྱོད་ཀྱིས་སྐད་ཆ་ཡག་པ་ཞིག་བཤད་ན་མི་ཆོག་གམ།”

    “ངས་དྲང་མོར་བཤད་ཀྱིན་ཡོད།”

    “ཚེ་རིང་། ངས་ཁྱོད་ལ་དྲང་མོར་བཤད། ང་ཁྱོད་ལ་མ་དགའ་ནི་མིན། ཡིན་ཡང་འུ་གཉིས་ད་རུང་འགྲོགས་ནས་ཅང་འགོར་མེད། སྔ་དྲགས་སོང་། རྗེས་མར་ང་ཁྱོད་ཀྱི་འགྲོ་རོགས་བྱ”ལྷ་མཚོས་དེ་ལྟར་བཤད་ཅིང་ཚེ་རིང་གི་འགྲམ་པར་འོ་ཞིག་བྱས་རྗེས“དོ་དགོང་འདི་ཙམ་གྱིས་ཆོག་ནི་བྱོས། ང་ཕྱིར་མལ་ཁང་དུ་སོང་ནས་ཨ་མར་ཁ་པར་ཅིག་གཏང་དགོས”ཟེར།

    མཚན་མོ་དེར། ཚེ་རིང་གི་འདོད་ཐོག་ལ་རྟ་རྒྱུག་མ་ཐུབ། ཁོས་ལྷ་མཚོ་ཕྱིར་མལ་ཁང་དུ་བསྐྱལ་རྗེས། གཅིག་པུར་སློབ་གྲྭའི་ར་སྐོར་ནང་ནས་དུས་ཚོད་ཕྱེད་ཙམ་ལ་འཆམ་འཆམ་བྱས་ཤིང་། དེ་ནས་མི་འདོད་ཐབས་ཟད་ངང་ཕྱིར་མལ་ཁང་དུ་ལོག ཁོ་མལ་ཁང་གི་རྡོ་སྐས་ཐོག་ནས་ཡར་ཡོང་དུས་སྙིང་ཆུང་ལུ་གུ་ལྡིང་ལྡིང་བྱས་ཤིང་། བརླ་ཤ་དང་སྒྱིད་པ་གཉིས་ཀྱང་གྱི་ལེར་ལྗིད་ཏིག་གེར་ཕྱིན་ནས་རང་ལྕོགས་ཀྱང་མི་ཐུབ་པ་འདྲ་ཞིག་ཏུ་གྱུར།བར་ཁྱམས་སུ་ཕྱིན་དུས། གློ་བུར་ཁོག་སྨད་ནས་གཟེར་ཅིག་ལངས་ནས་གཅིན་པ་གཏང་དགོས་བྱུང་བས། ཁོ་མྱུར་དུ་སྤྱོད་ཁང་དུ་ཕྱིན་པ་ན། དེ་གར་ཁོས་ཆེས་མཐོང་མི་འདོད་པའི་སློབ་གྲོགས་དེས་གཅིན་པ་གཏོང་གིན་འདུག

    སློབ་གྲོགས་ཚང་མས་ཁོར་རྒྱལ་པོ་ཆེན་མོ་ཞེས་འབོད་ཀྱིན་འདུག་པ་མ་གཏོགས་ཚེ་རིང་གིས་ཁོའི་མིང་དངོས་ལ་ཅི་ཟེར་བ་མི་ཤེས། ཁོས་ཤེས་པ་ནི་རྒྱལ་པོ་ཆེན་མོ་ནི་ལོ་རིམ་གསུམ་པའི་སློབ་མ་ཞིག་ཡིན་པ་དེ་ཙམ་རེད། ཡིན་ན་ཡང་། སློབ་གྲོགས་དེ་ནི་སློབ་ཆེན་ལོ་རིམ་གསུམ་པའི་སློབ་མ་ཞིག་དང་གཏན་ནས་མི་འདྲ། ཁོའི་འགྲམ་པ་གཡས་གཡོན་ལ་ཚང་ཚིང་དུ་སྐྱེས་པའི་ཁ་སྤུ་དང་། སྤྱི་ཐེད་དུ་འགྱུར་བཞིན་པའི་མགོ་སྐྲ་རིང་མོ། རིང་ཞིང་ཆེ་ལ་ཕྲག་ཞེང་ཡངས་པའི་གཟུགས་གཞི། ད་དུང་། མདུན་དུ་འབུར་ཞིང་ཐུར་དུ་དཔྱངས་པའི་ཕོ་བ་སོགས་ཀྱིས་ཁོ་ནི་སློབ་ཆེན་ལོ་རིམ་གསུམ་པའི་སློབ་མ་ཞིག་རེད་ཟེར་ན་སུས་ཀྱང་རྣར་འགྲོ་དཀའ་བ་ཞིག་ཏུ་སྣང་། དེ་བས། ཁོ་ཚོས་སློབ་གྲོགས་དེ་ལ་གསང་བའི་སྒོ་ནས་མི་དྲེད་རྒྱལ་པོ་ཞེས་པའི་མཚང་མིང་ཞིག་ཀྱང་བཏགས་ཡོད།

    མི་དྲེད་རྒྱལ་པོ་མཐོང་བ་ན་ཚེ་རིང་གི་སྙིང་གི་འཕར་ལྡིང་སྔར་ལས་ཀྱང་ཇེ་མགྱོགས་སུ་གྱུར། དྲང་མོར་བཤད་ན། མི་དྲེད་རྒྱལ་པོ་མཐོང་ན་སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་མཁན་ཚེ་རིང་གཅིག་པུ་ག་ལ་ཡིན།

    བཤད་ཚུལ་ལ། ལོ་འགའི་སྔོན་ལ་ཁོས་དཔའ་ལ་འགྲན་ཟླ་མེད་པའི་སློབ་གྲོགས་རྒན་གྲས་ཤིག་ལ་ཁེར་ཐུག་བྱས་ནས་བཏུལ་བས། ཚང་མས་ཁོར་རྒྱལ་པོ་ཆེན་པོ་ཞེས་འབོད་མགོ་བརྩམས་ཤིང་། སུས་ཀྱང་ཁོའི་ཁ་སློང་ཐུབ་ཀྱིན་མེད་ཟེར། དེའི་རྗེས་ནས། ཁོ་སུ་ཞིག་ལ་ཁེར་ཐུག་བྱས་པའི་ལོ་རྒྱུས་མེད་ཀྱང་། སློབ་མ་གསར་བ་རྣམས་ཕར་ཞོག སློབ་མ་རྙིང་བ་རྣམས་ཀྱིས་ཀྱང་ཁོ་རིག་ན་མགོ་སྒུར་སྒུར་བྱས་ནས་འགྲོ་བས། ཚང་མའི་སེམས་སུ་ཁོ་ནི་དགྲ་རུ་ལངས་མི་རུང་བའི་གླང་ཆེན་སྨྱོན་པ་ཞིག་ཏུ་བསམས་ཡོད། ཞོགས་པར་སློབ་གྲོགས་མང་པོ་ཁྲུས་ཁང་ནང་གི་མེ་ལོང་མདུན་དུ་བསྟུད་མར་ལངས་ནས་གླུ་དབྱངས་ལེན་ཞོར་དུ་ཁ་ལག་བཀྲུ་དུས། མི་དྲེད་རྒྱལ་པོ་ནང་དུ་སླེབས་ཙ་ན། ནང་མ་ཁང་ཞིག་དང་འདྲ་བའི་ཁྲུས་ཁང་ནི་དེ་མ་ཐག་དབུགས་རྨེག་གེར་བུད་འགྲོ་བར་མ་ཟད། སློབ་གྲོགས་ཚང་མ་རང་རང་ས་ནས་ཕྱིར་འཐེན་བྱས་འགྲོ། ཉིན་གུང་ཟ་ཁང་ནང་ནས་གྲལ་བསྒྲིགས་ཏེ་ཟ་མ་ཉོ་དུས། མི་དྲེད་རྒྱལ་པོ་སླེབས་ཙ་ན། ཚང་མས་ལམ་ཕྱེས་ནས་ཁོ་སྔུན་ལ་བཙང་དུ་བཅུག་འགྲོ། ལྷག་པར། མཚན་མོར་མལ་ཁང་སོ་སོ་ནས་ཁ་བརྡ་བྱེད་པ་དང་། གླུ་དབྱངས་ལེན་པ། པི་ཝང་དཀྲོལ་བ་ལ་སོགས་པའི་འཛེར་སྒྲ་སྣ་ཚོགས་བཟོ་དུས། མི་དྲེད་རྒྱལ་པོས་བར་ཁྱམས་ནས“ཁ་རོག་གེར་སྡོད”ཅེས་སྐད་བརྒྱབ་ཙ་ན། སློབ་གྲོགས་ཚང་མ་རང་རང་ས་ནས་མལ་དུ་ཞུགས་ཏེ་དབུགས་རྨེག་གེར་བུད་འགྲོ། དེར་མ་ཟད། རྩལ་སྦྱོང་ར་བའི་ནང་ནས་གཟེབ་གྲུག་དང་རྐང་གྲུག་རྩེད་དུས། མི་དྲེད་རྒྱལ་པོ་སླེབས་ཙ་ན་ཚང་མ་རང་རང་ས་ནས་བྲོས་འགྲོ།དེ་བས། མི་དྲེད་རྒྱལ་པོར་ཁོའི་གྲོགས་པོ་དེ་དག་མ་གཏོགས། མཉམ་དུ་སྡོད་མཁན་གཅིག་ཀྱང་མེད་ལ། ཉེ་སར་བཅར་ཕོད་མཁན་ཡང་མེད།

    ཚེ་རིང་གིས་འོག་མིག་གིས་མི་དྲེད་རྒྱལ་པོའི་རྐང་བར་བལྟས་ནས་ཁོ་སོང་ཡོད་མེད་ལ་ལྟ་བཞིན། དོར་མའི་སྒྲོག་གུ་གྲོལ་ཏེ་གཅིན་པ་གཏང་རྩིས་བྱེད་དུས། མི་དྲེད་རྒྱལ་པོས་གམ་ནས་གློ་ལུ་ཞིག་བརྒྱབ་པས། ཚེ་རིང་གི་གཅིན་པ་གློ་བུར་ག་ཤེད་ཅིག་ནས་འགག་སོང་བ་ལྟར།ཁོ་ཡུན་རིང་ཞིག་ལ་དེ་གར་འགྲེང་ནས་བསྡད་ཀྱང་། མི་དྲེད་རྒྱལ་པོ་འགྲོ་རག་བར་དུ་གཅིན་པ་ཐིགས་པ་གཅིག་ཀྱང་དབབ་རྒྱུ་མ་བྱུང་།

    ཚེ་རིང་མལ་ཁང་དུ་ཕྱིན་དུས། དེ་གར་རིན་ཁོ་དང་ཚེ་འབུམ་གཉིས་ཀྱིས་ཁོར་བསྒུགས་ནས་འདུག (འཕྲོ་མ་པར་ངོས15པར་གཟིགས།)

    མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས14པ།2015·08·14།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག

རྟ་ནག་སྒྲོག་འགྲོས། སྨད་ཆ།