ཧྭ་ཝོར་ཏི་སློབ་ཆེན་གྱི་དངོས་གཞིའི་སློབ་སྦྱོང་གི་འཚོ་བ་ལས་ང་ལ་ཐོབ་པ་ནི་རིག་གཞུང་གི་ཤེས་སྟོབས་དང་སྤྱི་ཚོགས་ཀྱི་གོ་གནས་མ་ཡིན་ལ། བསླབ་གནས་འཛིན་ཡིག་ཙམ་ཡང་མ་ཡིན་པར། བློ་རིག་སྐྱེན་ལ་ཕུགས་བསམ་ཅན་གྱི་གཞོན་སྐྱེས་འདྲ་མིན་སྣ་ཚོགས་དང་མཉམ་དུ་སློབ་སྦྱོང་དང་རྩེད་མོ་རྩེ་བ་སོགས་ཀྱི་གོ་རིམ་དེ་ཡིན། ཧྭ་ཝོར་ཏི་སློབ་ཆེན་གྱི་མལ་ཁང་གི་འཚོ་བས་ང་ལ་དགའ་སྤྲོ་མི་ཉུང་བ་ཞིག་སྦྱིན་མྱོང་ལ། ང་རང་ནར་སོན་པ་ལ་ཡང་ཕན་པ་ཆེན་པོ་བྱུང་།

    ཧྭ་ཝོར་ཏི་སློབ་ཆེན་གྱིས་སེམས་ཤུགས་ཆེན་པོ་བསྐྱེད་ནས་སྐབས་རེ་རེའི་སློབ་མ་རྣམས་གཅིག་ཏུ་བསྡུས་ནས། གོ་རིམ་ལྡན་ལ་དམིགས་ཡུལ་གསལ་བའི་སྒོ་ནས་སློབ་གྲྭའི་མལ་ཁང་གི་ཁྱད་ཆོས་ལྡན་པའི་མ་ལག་དེའི་ནང་དུ་བཀོད་སྒྲིག་བྱེད། གལ་ཏེ་ཁྱེད་ཀྱིས་མ་ལག་འདིས་སློབ་མའི་ནམ་རྒྱུན་གྱི་འཚོ་བ་ལ་བག་ཆགས་ཟབ་མོ་ཐེབས་པ་རྟོགས་ཚེ། ཧྭ་ཝོར་ཏི་སློབ་ཆེན་གྱི་སློབ་གསོའི་རིན་ཐང་ངོ་མ་དེ་ཡང་རྟོགས་སྲིད།

    སློབ་མ་གསར་བ་རྣམས་སློབ་གླིང་དུ་མ་འབྱོར་གོང་ནས། ཧྭ་ཝོར་ཏི་སློབ་ཆེན་གྱི་མལ་ཁང་གི་མ་ལག་དེ་སྒོ་འབྱེད་མགོ་བརྩམས་ཟིན། སློབ་གྲྭར་མ་ཞུགས་གོང་གི་དབྱར་གནང་དུ། སློབ་མ་གསར་བ་རྣམས་ཀྱིས་མལ་ཁང་གི་རེ་ཞུ་རེའུ་མིག་ཅིག་བསྐང་དགོས་ལ། དེའི་ནང་དོན་ནི་མལ་གྲོགས་དུ་དགོས་པ་དང་། རང་ཉིད་ཀྱི་སློབ་སྦྱོང་གི་ཁྱད་ཆོས་དང་འབྲེལ་འགྲོགས་ཀྱི་གོམས་གཤིས་སོགས་ཡིན་ལ། དེ་མིན་རང་ཉིད་མི་སྒེར་གྱི་གནད་དོན་གཞན་དག་བཅས་ཡིན། གནས་ཚུལ་དེ་དག་ལ་གཞིགས་ནས་སློབ་མ་གསར་བའི་འགན་ཁུར་པས་མལ་ཁང་འོས་འཚམ་ཞིག་བཀོད་སྒྲིག་བྱེད་པར་རེ་བ་ཡིན། སློབ་མ་གསར་བའི་འགན་ཁུར་པས་དབྱར་གནང་གི་དུས་ཚོད་རིང་མོ་དེ་སྤྱད་ནས་རེ་ཞུ་རེའུ་མིག་དེ་དག་ལ་བལྟ་བ་དང་། དགའ་ཕྱོགས་དང་ཆ་རྐྱེན་མི་འདྲ་བའི་སློབ་མ་རྣམས་སྡེབ་སྒྲིག་ལེགས་པར་བྱས་པ་ལས། ཆ་རྐྱེན་མཐུན་པའི་སློབ་མ་རྣམས་མཉམ་གཅིག་ཏུ་སྡེབ་པར་མི་བྱེད།

    མལ་ཁང་གི་མ་ལག་དེའི་འགུག་ཤུགས་ནི་དེས་སློབ་མ་རྣམས་ལ་རང་ཉིད་ཀྱི་མལ་ཁང་ཧྲིལ་བོར་དང་ལེན་གྱི་སྣང་བ་དྲག་པོ་ཞིག་སྐྱེ་རུ་འཇུག་པ་དེ་ཡིན། མལ་ཁང་གི་དོ་དམ་པ་དང་འཚོ་བའི་ཕྱོགས་ཀྱི་བློ་འདྲི་ས་ལས་གཞན། མལ་ཁང་གི་ཐོག་ཁང་རེ་རེ་ལ“ཁྱིམ་བདག”གཉིས་རེ་ཡོད་དེ། དེ་ནི་ཧྭ་ཝོར་ཏི་སློབ་ཆེན་གྱི་ཚེ་གང་གི་སློབ་དཔོན་ཞིག་དང་ཁོང་གི་བཟའ་ཟླ་གཉིས་ཡིན། ངའི“ཁྱིམ་བདག”ནི་རའེ་ནའོ་ཕིར་ཐེ་ལེ་དང་ཁོང་གི་ལྕམ་མོ་ཨན་ན་པན་ཟི་ཐི་ཏི་གཉིས་རེད། རའེ་ནའོ་ནི་དབྱི་ཐ་ལིའི་མི་ཞིག་དང་དབྱི་ཐ་ལིའི་རྩོམ་རིག་གི་དགེ་རྒན་ཆེན་མོ་ཞིག་རེད། ཨན་ན་ནི་དབྱིན་ཇིའི་མི་ཡིན་ལ་ཕའོ་ཟི་ཐིན་གྱི་རྒྱང་སྒྲོག་བརྙན་འཕྲིན་ཁང་ཞིག་ཏུ་བྱ་བ་སྒྲུབ་བཞིན་འདུག དབྱར་གནང་གི་སྐབས་སུ་རའེ་ནའོ་ཡིས་སློབ་མའི་རེ་ཞུ་རེའུ་མིག་ལ་བལྟས་ནས་སློབ་མ་གསར་བ100ཙམ་གྱི་མིང་དང་བཞིན་རས་ཡིད་ལ་ཟིན་པར་བྱས། དེ་བས་ང་ཚོས་ཁུག་མ་དྲུད་ནས་སློབ་མ་གསར་བའི་མལ་ཁང་དུ་འཛུལ་བའི་ཉིན་དེར། ཁོང་གིས་ད་གཟོད་སྒོ་ཁ་ནས་ང་ཚོ་རེ་རེའི་མིང་ནས་འབོད་བཞིན་བསུ་བ་བྱས་པ་རེད།

    སློབ་མ་རྣམས་ལ་ད་དུང་མལ་ཁང་གཙང་སྦྲ་ཚན་ཆུང་དུ་ཞུགས་པའི་གོ་སྐབས་ཀྱང་ཡོད་དེ། མལ་ཁང་ལ་གཙང་སྦྲ་བྱས་ནས་སྒོར་མོ་ཉུང་ཤས་ཀྱང་གསོག་ཐུབ། ང་ཡང་ཚན་ཆུང་དེ་ལ་ཞུགས་མྱོང་སྟེ། ངས་སྐྱག་དོང་དང་པང་གཅལ་ཕྱིས་པའི་སྐབས་སུ་ཚན་ཁག་གི་ཚོགས་མི་གཞན་དག་ངོ་ཤེས་ཤིང་། ཁོ་ཚོ་དང་མཛའ་འབྲེལ་ཟབ་མོ་ཡང་ཚུགས། དོན་གྱིས་ལོ་རིམ་དང་པོའི་ལོ་ནི་སློབ་མ་གསར་བ་བསུ་བའི་བྱ་འགུལ་སྣ་ཚོགས་སྤེལ་ནས་འདས་སོང་བ་འདྲ། རྒྱུ་མཚན་ནི་འབྲེལ་འདྲིས་ཀྱི་བྱ་འགུལ་རབས་དང་རིམ་པ་སྤེལ་ནས་ཚང་མར་ཕན་ཚུན་རྒྱུས་ལོན་བྱེད་པའི་གོ་སྐབས་སྤྲོད་བཞིན་ཡོད། མལ་ཁང་གི་སྡེ་ཚན་རེ་རེས་གཟའ་འཁོར་འགའ་རེར་མཉམ་འཛོམས་ཐེངས་རེ་བྱས་ནས་མལ་ཁང་ཐུན་མོང་གི་མཛའ་འབྲེལ་ཇེ་ཟབ་ཏུ་གཏོང་བར་བྱེད།

    ལོ་རིམ་དང་པོ་མཇུག་རྫོགས་ལ་ཉེ་སྐབས། ཡང་བསྐྱར་མལ་ཁང་བགོ་བའི་དུས་ལ་སླེབས་ཡོད། སློབ་མ་ཚོས་རང་མོས་ལྟར་མི་བདུན་ཚན་ཁག་རེ་བསྒྲིགས་ཏེ་མལ་ཁང་གསར་བ་བགོ་བའི་རྒྱན་ལེན་ཁྲོད་དུ་ཞུགས་ཤིང་། རྒྱན་བླངས་པ་ལ་བརྟེན་ནས་ཚན་ཁག་རེ་རེ་ལོ་རིམ་མཐོན་པའི་མལ་ཁང་བཅུ་གཅིག་ཏུ་སོ་སོར་བགོ་བ་དང་། རྗེས་ཕྱོགས་ཀྱི་ལོ་གསུམ་གྱི་སློབ་ཆེན་གྱི་འཚོ་བ་ཡང་དེ་ནས་བསྐྱལ་དགོས།

    ནངས་མོར་ང་ཚོའི་མ་འོངས་པའི་མལ་ཁང་ཐག་གཅོད་པའི་གསང་ཡིག་ཅིག་སོ་སོའི་སྒོ་བར་དུ་བཞག་ཡོད་པ་རེད། མལ་ཁང་བགོས་པའི་མཇུག་འབྲས་གསལ་བསྒྲགས་ཀྱི་བརྡ་སྦྱོར་འབྱོར་བའི་ཉིན་མོ་དེ་ནི་དངོས་ནས་སྟོན་མོ་ཞིག་དང་འདྲ་བར། ལོ་རིམ་དང་པོའི་སློབ་མ་རྣམས་ཀྱིས་གསོལ་ཁང་དུ་དགའ་སྟོན་ལ་རོལ་བཞིན་ཡོད། མལ་ཁང་གི་སྡེ་ཚན་སོ་སོས་ལོ་རིམ་དང་པོ་རྣམས་ལ་སྡེ་ཚན་དེའི་གྱོན་པ་རེ་བྱིན་ནས་ཚོགས་མི་གསར་བར་བསུ་བ་བྱེད།

    ཉིན་དེར་ང་ཚོའི་ཚན་ཆུང་གིས་རང་གི་སྡེ་ཚན་གྱི་དར་ཆ་དང་གྱོན་པ། ཞྭ་མོ་སོགས་གྱོན་ནས་གནམ་ལྡིང་ས་ལྡིང་བྱས། “ཧྭ་ཝོར་ཏིའི་ཆེས་བཟང་བའི་མལ་ཁང་ཨེ་ལི་ཨའོ་ཐི་ཐོག་ཁང་དུ་ཞུགས་པར་དགའ་བསུ་ཞུ།” ལོ་རིམ་མཐོན་པོའི་སློབ་མ་བུ་མོ་ཞིག་གིས་ང་ལ་གྱོན་ཆས་སྟེར་བཞིན་དེ་ལྟར་བཤད། དེ་ནས་ང་ཧྭ་ཝོར་ཏིའི་སློབ་མ་ཙམ་མ་ཡིན་པར་ཨེ་ལི་ཨའོ་ཐི་ཐོག་ཁང་གི་ཚོགས་མི་ཞིག་ཀྱང་ཡིན་སོང་བ་རེད།

    ཧྭ་ཝོར་ཏི་སློབ་ཆེན་དུ། མལ་ཁང་དུ་སྡོད་པའི་སློབ་མ97%ལས་ལྷག་པ་ཡོད། ང་སྡོད་སའི་མལ་ཁང་སྟེ་ཨེ་ལི་ཨའོ་ཐི་ཐོག་ཁང་ནི་སྒེའུ་ཁུང་ཕྱི་རོལ་གྱི་མཛེས་ཤིང་ལྟ་ན་སྡུག་པའི་ཆཱལ་སི་མཚེའུ་འགྲམ་གྱི་ཡུལ་ལྗོངས་དང་དཔྱིད་དུས་ཀྱི་བྲོ་ཚོགས་ཆེན་མོ་བཅས་ཀྱི་དབང་གིས་སྙན་གྲགས་ཤིན་ཏུ་ཆེ། ཐོག་ཁང་རེ་རེ་ལ་རང་རང་གི་ཁྱད་ཆོས་རེ་ཡོད་པས། སློབ་མ་རེ་རེར་རང་ཉིད་སྡོད་སའི་མལ་ཁང་ནི་ཆེས་ལེགས་པོ་དེ་ཡིན་པའི་ང་རྒྱལ་དང་ཡིད་ཆེས་ཡོད་པ་རེད༎

    མཚོ་སྔོན་བོད་ཡིག་གསར་འགྱུར།པར་ངོས 17པ།2015·08·14།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག