༄༅༅།།སྨོན་པ་བྱང་ཆུབ་ཀྱི་སེམས་དང་འཇུག་པ་བྱང་ཆུབ་ཀྱི་སེམས་དེ་གཉིས་ཀྱི་དོན་ལ། སྔོན་གྱི་མཁས་པ་ཆེན་པོ་རྣམས་དང༌། ད་ལྟར་གྱི་མཁས་པ་ཆེན་པོ་དག་རྣམ་པ་དུ་མར་འཆད་དེ།དེ་དག་གི་འདོད་པ་དེ་དག་ལ་བདག་གི་བློ་འཕྲོ་བར་ནུས་མོད་ཀྱི་ཡི་གེ་མངས་པར་འགྱུར་བས་གཞག་གོ། །འདི་གཉིས་ཀྱི་དོན་མདོ་ཉིད་ན་གསལ་བར་གསུངས་ཏེ། སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་སེམས་ཅན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ཀྱང་དཀོན་ནོ། །དེ་བས་ཀྱང་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཆས་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་དཀོན་ནོ་ཞེས་གསུངས་སོ། །སློབ་དཔོན་ཞི་བ་ལྷའི་ཞལ་ནས་ཀྱང༌། བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པ་གཉིས་ཏེ། བྱང་ཆུབ་ཏུ་སྨོན་པའི་སེམས་དང༌། བྱང་ཆུབ་ཏུ་འཇུག་པའི་སེམས་སོ་ཞེས་བསླབ་པ་ཀུན་ལས་བཏུས་པ་ལས་གསུངས་པ་དང༌། སྤྱོད་འཇུག་ལས་ཀྱང༌། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་ཉིད་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་སོ། ཡང་སློབ་དཔོན་གྱི་ཞལ་ནས། དེ་ལ་སྨོན་པའི་སེམས་ནི་ངས་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་སྨོན་པ་ལས་སྐྱེས་པའོ་ཞེས་བསླབ་པ་ཀུན་ལས་བཏུས་པ་ལས་གསུངས་སོ། །དེ་བས་ན་འབྲས་བུ་རྫོགས་པའི་བྱང་ཆུབ་ཡུལ་དུ་བྱེད་ཅིང་དམིགས་པ་ནི་སྨོན་པའི་སེམས་ཡིན་ཏེ། ཇི་སྐད་དུ་མགོན་པོ་བྱམས་པས་ཀྱང༌། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་མངོན་པར་རྟོགས་པའི་རྒྱན་ལས་གསུངས་སོ། །ལམ་གྱི་ཆོས་ཡུལ་དུ་བྱེད་ཅིང་དམིགས་པ་ནི་འཇུག་པའི་སེམས་ཡིན་ཏེ། མགོན་པོ་བྱམས་པའི་ཞལ་ནས། རང་གཞན་དོན་དང་དེ་ཉིད་དོན། །མཐུ་དང་རང་གི་སངས་རྒྱས་ཀྱི། །ཞིང་དང་སེམས་ཅན་ཡོངས་སྨིན་དང༌། །བདུན་པ་བྱང་ཆུབ་མཆོག་ཡིན་ནོ། །ཞེས་མེད་སྡེ་རྒྱན་ལས་གསུངས་སོ། །དེ་བས་ན་བྱང་ཆུབ་ཀྱི་སེམས་དེ་ཉིད་རྒྱུའི་དུས་དང༌། འབྲས་བུའི་དུས་ཐམས་ཅད་དུ་དེ་ཉིད་ཡིན་ཏེ། གནས་སྐབས་ཀྱི་བྱེ་བྲག་གིས་དེ་ལྟར་འགྱུར་རོ། །དེ་ཡང་མགོན་པོ་བྱམས་པའི་ཞལ་ནས་རྒྱས་པར་བཤད་དེ། ཇི་སྐད་དུ། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཆོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་ཀླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་གསུངས་སོ། །དེ་ལ་གཉིས་ནི་རྒྱུའི་བྱང་ཆུབ་ཀྱི་སེམས་སོ། །བཅུ་བདུན་ནི་ལམ་གྱི་བྱང་ཆུབ་ཀྱི་སེམས་སོ། །གསུམ་ནི་འབྲས་བུའི་བྱང་ཆུབ་ཀྱི་སེམས་སོ། ། གཉིས་ནི་སྨོན་པའི་སེམས་སོ། །ཉི་ཤུ་ནི་འཇུག་པའི་སེམས་སོ། །རྣམ་གྲངས་གཞན་ཡང་གསུམ་ནི་རྒྱུའི་དུས་ཀྱི་སེམས་སོ། །བཅུ་དྲུག་ནི་ལམ་གྱི་དུས་ཀྱི་སེམས་སོ། །ཐ་མ་གསུམ་ནི་འབྲས་བུའི་དུས་ཀྱི་སེམས་སོ། །དེ་དག་གི་དོན་རྒྱས་པ་ནི་མངོན་པར་རྟོགས་པའི་རྒྱན་དེ་ཉིད་དུ་བལྟ་བར་བྱའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཁྱད་པར་དུ་སྤེལ་བར་བྱ་བའི་ཕྱིར། ཚུལ་ཁྲིམས་ཀྱི་སྡོམ་པ་ངེས་པར་བླང་པར་བྱའོ་ཞེས་བསྟན་ནས། ད་ནི་ཚུལ་ཁྲིམས་ཀྱི་སྡོམ་པའི་རྟེན་ཁྱད་པར་ཅན་བསྟན་པར་འདོད་ནས། སོ་སོར་ཐར་བ་རིས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་དག །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་སྨྲས་ཏེ། འདིར་སྨྲས་པ། ཁྱོད་ཀྱིས་དང་པོར། དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །སེམས་ཅན་དམ་པ་བྱང་ཆུབ་མཆོག །འདོད་པར་གྱུར་པ་དེ་དག་ལ། །ཞེས་མ་སྨྲས་སམ། ཡང་འདིར་འདི་སྐད་དུ་བརྗོད་པ་དེ་ཇི་ལྟ་བུ་སྨྲས་པ་བདེན་ཏེ། སྔ་མ་ནི་མ་དག་པའི་རྟེན་དུ་བཞག་ལ་འདི་ནི་དག་པའི་རྟེན་དུ་འདོད་པ་ཡིན་ནོ། །འདིའི་དོན་བླ་མ་རྗེ་བཙུན་དཔལ་བྱང་ཆུབ་བཟང་པོས་སྡོམ་པ་ཉི་ཤུ་པའི་འགྲེལ་པར་གསུངས་ཏེ། འདི་སྐད་དུ་སོ་སོར་ཐར་པའི་སྡོམ་པ་ནི་བྱང་ཆུབ་སེམས་དཔའ་སྡོམ་པའི་ཡན་ལག་ཏུ་གྱུར་པ་ཡིན་ཏེ། ཕྱོགས་གཅིག་ཉིད་དུ་ཤེས་པར་བྱའོ། །དེའི་ཕྱིར་སོ་སོར་ཐར་པའི་སྡོམ་པ་གཞན་དང་ལྡན་པ་འདིས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པའི་སྣོད་དུ་གྱུར་བ་ལ། བསླབ་པའི་ཚིག་འདི་ཡང་སྦྱིན་པར་བྱ་ཞེས་པའི་དོན་ཏོ། །འདི་ལ་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའི་ཆོ་ག་གཞན་པ་ཉིད་མ་ཡིན་ཞིང་དེ་རྣམས་ལས་ཀྱང་ལྡོག་པ་ཡིན་པ་ལ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པའི་སྣོད་དུ་གྱུར་བ་ཡང་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །རེ་ཞིག་ཐེག་པ་ཆེན་པོའི་བག་ཆགས་མེད་པ་དེའི་རིགས་མེད་པ་སོ་སོར་ཐར་པའི་གཏན་གྱི་བར་ཆད་ཅན་ནམ། བྱང་ཆུབ་སེམས་དཔའི་སྡོམ་པ་མེད་པའི་གོང་དུ་དེ་ལ་ཕམ་པ་བྱུང་བའམ་བསླབ་པ་ཕུལ་བའམ་དགེ་བའི་རྩ་བ་ཆད་པའམ། སྡོམ་པ་དེ་མ་བླངས་པ་ནི་སོ་སོར་ཐར་པའི་སྡོམ་པ་ཡང་མེད་ན། ཅིག་ཤོས་ལྟ་ག་ལ་ཡོད་དུ་རུང༌། འདིར་སྨྲས་པ། སྲོག་གཅོད་པ་ལ་སོགས་པ་ལས་མ་ལོག་པའི་བྱང་ཆུབ་སེམས་དཔའ་ཡོད་པར་འགྱུར་རམ། སྨྲས་པ་དེ་ནི་མེད་དེ་དེ་དག་ནི་བྱང་ཆུབ་སེམས་དཔའ་ལ་རྩ་བའི་ལྟུང་བ་ཡིན་པར་མདོ་ལས་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་སོ་སོར་ཐར་པའི་སྡོམ་པ་དེ་དང་པོར་དགོས་ཤིང་སྔོན་དུ་འགྲོ་བ་ཉིད་དོ། །ཡང་ན་རིགས་ལ་གནས་པ་དར་སྐྱེ་བ་གཞན་དུ་ཐེག་པ་ཆེན་པོ་ལ་གོམས་པར་བྱས་པ་ནི་དོ་རང་བཞིན་གྱིས་སྡིག་པ་མི་སྤྱོད་པས་བྱང་ཆུབ་སེམས་དཔའི་སྡོམ་པ་དེ་ཉིད་དང་པོ་ཉིད་དུ་བླངས་ཀྱང་ཉེས་པ་མེད་དོ། །ཡང་ན་ཐེག་པ་ཆེན་པོ་དབུ་མ་ཆེན་པོའི་གྲུབ་མཐའ་བརྩན་པར་བྱས་ན་ནི། འདི་ལྟར་ཐེག་པ་ཆེན་པའི་སྣོད་དུ་མ་གྱུར་པ་འགའ་ཡང་མེད་དོ། །སེམས་ཅན་ཐམས་ཅད་རིགས་གཅིག་ཉིད་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་བྱ་བ་དང༌། ས་སྟེངས་སྐལ་མེད་ཡོད་མིན་ཏེ། །ཐམས་ཅད་སངས་རྒྱས་འགྱུར་བ་ཡིན། །དེའི་ཕྱིར་རྫོགས་སངས་སྒྲུབ་པ་ལ། །སྒྱིད་ལུག་པར་ནི་མི་བྱའོ། །ཞེས་གསུངས་པའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ཆེན་པོ་ལས་ཀྱང༌། ཀྱེ་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་འཇུག་པ་ལ་སྣོད་དང་སྣོད་མ་ཡིན་པ་བརྟག་མི་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སློབ་དཔོན་འཕགས་པ་ལྷའི་ཞལ་ནས། དང་པོར་གང་དང་གང་འདོད་པ། །དེ་ལ་དེ་དང་དེ་ཉིད་སྦྱིན། །དམ་པའི་ཆོས་ལ་སྣོད་མིན་པ། །འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །དེ་བས་སེམས་ཅན་ཐམས་ཅད་རིགས་གཅིག་ཉིད་ཡིན་པས། མགོན་པོ་མི་ཕམ་པའི་ཞལ་ནས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་གསུངས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང༌། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོ་ཐེག་དབྱེར་མ་མཆིས་ན། །ཁྱོད་ཀྱིས་ཐེག་པ་གསུམ་བསྟན་པ། །སེམས་ཅན་འཇུག་པར་བྱ་ཕྱིར་ཡིན། །ཞེས་གསུངས་སོ། །འོ་ན་མདོ་ལས་ཀྱང་སེམས་ཅན་གྱི་ཚོགས་གསུམ་དུ་གསུངས་ཤིང༌། རྡོའི་རིགས་ལ་དཔེར་མཛད་པ་དེ་ཇི་ལྟ་བུ། སེམས་ཅན་གྱི་རིགས་ཀྱང་རྣམ་པ་ལྔར་བཤད་པ་དེ་ཇི་ལྟ་བུ། སྨྲས་པ་དེ་ནི་རེ་ཞིག་པ་ལ་དགོངས་པ་ཡིན་ཏེ། རྗེ་བཙུན་གསེར་གླིང་པའི་ཞལ་སྔ་ནས། རིགས་ནི་རྣམ་པ་གཉིས་ཏེ། ཆོས་ཉིད་ཀྱི་རིགས་ཅན་དང༌། སྒྲུབ་པའི་རིགས་ཅན་ནོ་ཞེས་གསུངས་པས་སྒྲུབ་པའི་རིགས་ཅན་ལ་ནི་རེ་ཞིག་དེ་ལྟར་གནས་སོ། །ཆོས་ཉིད་ཀྱི་རིགས་ཅན་གྱི་དབང་དུ་བྱས་ན་ནི་དབྱེ་བ་གང་ཡང་མེད་དོ། །འདི་ལྟར་མཁས་པ་དག་གིས་ནི་སོ་སོ་ཐར་པའི་སྡོམ་པ་དེ་ངེས་པར་གཙོ་བོར་བྱ་དགོས་པ་ཡིན་ཏེ། དེ་ཡང་འདི་ལྟར་ཆོས་ཀྱི་སྐུ་ནི་དུས་ཐམས་ཅད་དང༌། དངོས་པོ་ཐམས་ཅད་ལ་ཁྱབ་པ་ཡིན་པ་དང༌། ཡང་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཡང་འཁོར་ལོར་བཞུགས་ལ། དེ་ཡང་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་ཁོ་ནའི་སྤྱོད་ཡུལ་ཡིན་ཞིང་དེ་ཡང་ཐེག་པ་ཆེན་པོའི་ཆོས་ཟབ་པ་དང༌། རྒྱ་ཆེ་བ་འབའ་ཞིག་གསུངས་པ་ཡིན་ནོ། །

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག