༄༅༅། །སྤྲུལ་པའི་སྐུ་ནི་འདི་ལྟར་ཨུ་དུམ་བཱ་རའི་མེ་ཏོག་དང་འདྲ་བས་དུས་རེས་འགའ་བ་ཡིན་ཏེ། མདོ་ལས་བསྐལ་པ་དེའི་རྗེས་ལ་སངས་རྒྱས་མི་འབྱུང་བའི་བསྐལ་པ་དྲུག་ཅུ་འབྱུང་བར་འགྱུར་རོ་ཞེས་གསུངས་སོ། །དེ་བས་ན་དེས་གསུངས་པའི་སོ་སོར་ཐར་པའི་སྡོམ་པ་འདི་ཡང་དུས་རེས་འགའ་བ་ཡིན་པས་དཀོན་པའི་ཕྱིར་དང༌།བདེ་འགྲོར་བགྲོད་པའི་རྒྱུའི་གཙོ་བོ་ཡིན་པ་དང༌། སངས་རྒྱས་ཀྱི་བསྟན་པ་ནི་སྲོག་གཅོད་པ་ལ་སོགས་པ་སྡིག་པ་ལས་ལོག་པ་ཡིན་པ་དང༌།སངས་རྒྱས་ཀྱི་བསྟན་པ་ནི་ཇི་སྲིད་སོ་སོར་ཐར་པའི་སྡོམ་པ་གནས་པ་དེ་སྲིད་དུ་གནས་ཤིང་དེ་ལ་རག་ལས་པ་ཡིན་པས་སོ་སོར་ཐར་པའི་སྡོམ་པ་དེ་དང་པོ་ཁོ་ནར་བསྟན་ཏོ། །འདི་ལྟར་འཇུག་པའི་གོ་རིམས་སུ་བྱས་ན་ཡང༌། སྔོན་ཆད་ཐེག་པ་ཆེན་པོའི་བག་ཆགས་མེད་པ་དག་ལ་ནི་སོ་སོར་ཐར་པ་རིས་བདུན་གང་ཡང་རུང་བའི་སྡོམ་པ་དེ་སྔོན་དུ་འགྲོ་བ་ཡིན་ནོ། །སྔོན་ཆད་ཐེག པ་ཆེན་པོའི་བག་ཆགས་མེད་པའི་གང་ཟག་དག་ལ་ནི་སྡོམ་པ་དེ་མི་སྐྱེ་བ་ཉིད་ཀྱང་ཡིན་ནོ། །དེ་བས་རྩ་བ་ལས་སྐལ་བ་ཡོད་ཀྱི་གཞན་དུ་མིན་ཞེས་པ་ཡང་ལེགས་པར་སྨྲས་པར་འགྱུར་རོ། །དཀྱུས་ཉིད་ལ་འཇུག་པར་བྱ་སྟེ། སོ་སོར་ཐར་པའི་རིས་བདུན་དུ། །དེ་བཞིན་གཤེགས་པས་གསུངས་པ་ལ། །ཚངས་སྤྱོད་དཔལ་ནི་མཆོག་ཡིན་ཏེ། །དགེ་སློང་སྡོམ་པ་དག་ཏུ་བཞེད། །ཅེས་སྨྲས་ཏེ་རིས་བདུན་ལས་དགེ་སློང་གི་སྡོམ་པ་ནི་ཐུན་མོང་མ་ཡིན་ནོ་ཞེས་བདག་གིས་བསམས་སོ།།སྨྲས་པ་འདུལ་བའི་གཞུང་ཐམས་ཅད་དང་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་མཛད་པ་ཡེ་ཤེས་ལ་འཇུག་པ་ལ་སོགས་པ་དང༌། གཞན་དེ་དག་གིས་མཛད་པའི་བྱེ་བྲག་ཏུ་བཤད་མཛོད་ཆེན་པོ་དང༌། དེའི་དོན་གཅེས་སྤྲས་སུ་བྱ་བ་མདོར་བསྡུས་པ་མངོན་པ་མཛོད་དག་ཏུ་རིས་བརྒྱད་དུ་བཀོད་ལ་འདིར་བདུན་དུ་བཤད་པ་དེ་ཇི་ལྟ་བུ་སྨྲས་པ་བདེན་ཏེ། གཞུང་དེར་དེ་ལྟར་བཤད་མོད་ཀྱི་འོན་ཀྱང་འཕགས་པ་ཐོགས་མེད་ཀྱིས་རྣལ་འབྱོར་སྤྱོད་པའི་སའི་གཞུང་ཐམས་ཅད་དང༌། ཚུལ་ཁྲིམས་ཀྱི་ལེའུ་ལས་རིས་བདུན་དུ་བཀོད་དེ། འཕགས་པ་ཐོགས་མེད་ནི་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་ཅིང་ས་གསུམ་པའི་བྱང་ཆུབ་སེམས་དཔའ་ཡིན་པ་དང༌། འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད་ཆེན་པོ་ལས་ལུང་བསྟན་པས་ཇི་སྐད་དུ། ཐོགས་མེད་སྐྱེས་བུ་དམ་པ་དེས། །བསྟན་བཅོས་ཀྱི་ནི་དེ་ཉིད་རིག །ཅེས་པ་དང༌། ཡང་མགོན་པོ་མི་ཕམ་པ་ལ་མངོན་སུམ་དུ་སྡེ་སྣོད་མ་ལུས་པ་གསན་པ་ཡིན་པ་འདི་ལ་སུ་ཞིག་ཐེ་ཚོམ་ཟ། དེ་ལྟ་བུའི་སེམས་ཅན་ཆེན་པོ་དེ་ལ་ཡིད་སྡང་ཞིང་ཐེ་ཚོམ་ཟ་ན་རང་ཉིད་ཕུང་བར་ཟད་དོ། །རྗེ་བཙུན་བླ་མ་དཔལ་བྱང་ཆུབ་བཟང་པོས་ཀྱང་སྡོམ་པ་ཉི་ཤུ་པའི་འགྲེལ་པ་ལས། ཇི་སྐད་དུ། དེ་ལ་སྡོམ་པའི་ཚུལ་ཁྲིམས་ནི་སོ་སོར་ཐར་པའི་རིས་བདུན་གྱི་སྡོམ་པ་བླངས་པའོ། །དེ་ལ་དགེ་སློང་དང་དགེ་ཚུལ་དང༌། དགེ་སློང་མའི་རབ་ཏུ་དབྱེ་བས་རབ་ཏུ་བྱུང་བའི་ཕྱོགས་ནི་རྣམ་པ་ལྔའོ། །ཁྱིམ་པའི་ཕྱོགས་གཉིས་ཏེ། དགེ་བསྙེན་དང༌། དགེ་བསྙེན་མའི་དབྱེ་བས་སོ། །ཉིན་ཞག་གི་བསླབ་པ་ནི་དཀའ་བ་སྤྱོད་པ་མ་ཡིན་པ་དང༌། འདོད་པ་ལས་གཡེམ་པ་མ་ཡིན་པའི་ཕྱིར་དང༌། ཡུན་རིང་པོར་རྗེས་སུ་འབྲེལ་པའི་ཕྱིར་འདི་ནི་སོ་སོར་ཐར་པའི་རིས་སུ་མི་འོས་པས་མ་བསྟན་ཏོ་ཞེས་གསུངས་ཏེ། བླ་མ་དེ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་འདུལ་བ་འཛིན་པ་ཆེན་པོ་ཡིན་པ་དང༌། འཕགས་པ་ཀླུ་སྒྲུབ་དང་སློབ་དཔོན་ཤཱན་ཏ་དེ་བའི་གཅིག་ནས་གཅིག་ཏུ་བརྒྱུད་པའི་བཀའི་གདམས་པ་ཡོད་པའི་ཕྱིར་མཁས་པ་ཆེན་པོ་དེའི་རྗེས་སུ་འབྲང་བར་བྱའོ། །སོ་སོར་ཐར་པ་རིས་བདུན་པོ་དེ་དག་འདིར་ཅུང་ཞིག་བརྗོད་པར་བྱ་སྟེ། དགེ་བསྙེན་ནི་རྣམ་པ་གཉིས་ཏེ་འདོད་པས་ལོག་པར་གཡེམ་པ་སྤངས་པ་དང༌། རང་གི་ཆུང་མ་ཡང་སྤངས་པའོ། །དེ་གཉིས་ཀའི་ཐུན་མོང་གི་བསླབ་པ་ནི་འདི་ལྟ་སྟེ། རྩ་བའི་ལྟུང་བར་གྱུར་པ་བཞི་དང་ཆང་སྤངས་པའོ། །ཁ་ཅིག་ན་རེ་ལོག་པར་ལྟ་བ་སྤངས་པའོ་ཞེས་ཟེར་རོ། །དེ་ལ་ཆང་ནི་འདུལ་བ་འཛིན་པ་དག་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ནོ་ཞེས་འདོད་ལ། མངོན་པ་བདག་ནི་བཅས་པའི་ཁ་ན་མ་ཐོ་བ་ཞེས་ཟེར་རོ། །དེ་དག་གི་གཞུང་རྒྱས་པ་ནི་འདིར་གཞག་གོ། །དེ་ལྟ་བུའི་བསླབ་པའི་གཞི་ལྔ་དང༌། དེ་དག་གི་ཕྱོགས་སུ་གཏོགས་པའི་བསླབ་པའི་གཞི་བཞི་བཅུ་རྩ་ལྔ་སྟེ། བསླབ་པ་ལྔ་བཅུ་དང་ལྡན་པའི་དགེ་བསྙེན་སྐྱོན་མེད་པ་དང༌། དེ་བཞིན་དུ་དགེ་ཚུལ་སྡོམ་པར་གྱུར་པ་འདི་ལྟ་སྟེ། བཤགས་བར་བྱ་བ་དང་བསྡམ་པར་བྱ་བ་དང་ཉེས་པ་མེད་པའོ། །དགེ་སློང་གི་བསླབ་པ་ནི་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལས། ཉི་ཤུ་རྩ་བདུན་ནི་བཤགས་པར་བྱ་བར་འགྱུར་རོ། །ཉིས་བརྒྱ་བཅུ་གསུམ་ནི་བསྡམ་པར་བྱ་བར་འགྱུར་རོ། །བཅུ་གསུམ་ནི་ཉེས་པ་མེད་པར་འགྱུར་རོ། །བཅུ་གསུམ་མ་གཏོགས་པ་ལྷག་པ་ཉིས་བརྒྱ་བཞི་བཅུ་བསྲུང་བའི་ཁ་ན་མ་ཐོ་བ་མེད་པའི་དགེ་ཚུལ་ཚུལ་དང་ལྡན་ཞིང་རྣམ་པར་དག་པ་དང༌། དགེ་སློང་མ་ནི་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལེགས་པར་བསྲུང་བ་སྟེ་དགེ་སློང་མ་རྣམ་པར་དག་པ་དང༌། དེ་བཞིན་དུ་དགེ་སློང་ཡང་ཇི་ལྟར་དམ་པའི་ཆོས་འདུལ་པའི་གཞུང་ལས་ཇི་སྐད་བཤད་པའི་བསླབ་པ་ཤིན་ཏུ་རྫོགས་པར་བྱ་པ་དང་དགེ་སློང་རྣམ་པར་དག་པ་དང༌། དེ་བཞིན་དུ་དགེ་སློང་མ་ཡང་བསླབ་པའི་གཞི་ལྔ་བརྒྱ་དང་ལྡན་ཞིང་རྣམ་པར་དག་པའོ། །དེ་དག་ཀྱང་སྡེ་པ་ཐ་དད་དེ། འདི་ལྟར་ཕལ་ཆེན་པའི་སྡེ་པ་དང༌། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་དང༌། གནས་བརྟན་པའི་སྡེ་པ་དང༌། མང་པོས་བཀུར་བའི་སྡེ་པའོ། །དེ་དག་ཀྱང་བཅོ་བརྒྱད་དུ་གནས་ཏེ། འདི་ལྟར། ཤར་དང་ནུབ་དང་གངས་རི་དང༌། །འཇིག་རྟེན་འདས་པར་སྨྲ་བའི་སྡེ། །བཏགས་པར་ཡོད་པར་སྨྲ་བའི་སྡེ། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །བཞི་པ་དག་ནི་འོད་སྲུངས་པ། །ཆོས་སྲུང་སྡེ་དང་ས་སྟོན་སྡེ། །རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། །མང་ཐོས་དགེ་འདུན་གོས་དམར་པོ། །གཙུག་ལག་ཁང་ཆེན་ལ་གནས་དང༌། །རྒྱལ་བེད་ཚལ་ན་གནས་པ་དང༌། །འཇིགས་མེད་རི་ལ་གནས་པ་ཡི། །གནས་བརྟན་པ་ཡི་སྡེ་པ་གསུམ། །སར་སྒྲོགས་རིས་པའི་སྡེ་པ་དང༌། །སྲུང་བ་པ་ཡི་སྡེ་པ་དང༌། །གནས་མའི་བུ་ཡི་སྡེ་པ་སྟེ། །མང་པོས་བཀུར་བའི་སྡེ་པ་གསུམ། །ཡང་གཞུང་ཁ་ཅིག་ལས་ནི་ཚུལ་དེ་ཉིད་ལས་བཏགས་པ་ཡོད་པར་སྨྲ་བའི་སྡེ་པ་དེ་ཐམས་ཅད་ཡོད་པར་སྦྱར་ལ། མང་པོས་བཀུར་བའི་སྡེ་པ་ལ་ནི་གནས་མའི་བུའི་སྡེ་པ་དང༌། ཀུ་རུ་ཀུ་ལའི་སྡེ་པ་དང། ས་སྒྲོགས་པའི་སྡེ་པ་ཡིན་ནོ་ཞེས་ཟེར་རོ། །ཡང་གཞུང་ཁ་ཅིག་ལས། འོད་སྲུངས་ཞེས་བྱ་ཆོས་སྲུང་བ། །ས་སྲུང་བ་དང་གཞི་ཀུན་ཡོད། །ཤར་ནུབ་གངས་རི་བཏགས་པར་སྨྲ། །རྣམ་པར་ཕྱེ་སྨྲ་འཇིག་རྟེན་འདས། །གོས་དམར་ཐོས་མང་སྲུང་བ་པ། །ཀུ་རུ་ཀུ་ལ་གནས་མའི་བུ། །རྒྱལ་བྱེད་པ་དང་འཇིགས་མེད་པ། །གཙུག་ལག་ཁང་པ་ཆེན་པོ་པའོ། །བཞི་དང་དྲུག་དང་ལྔ་དང་གསུམ། །ཐ་དད་རྣམ་པ་བཅོ་བརྒྱད་འདོད། །དེ་ལྟར་སྡེ་པ་བཅོ་བརྒྱད་དོ། །ཤཱཀྱ་སེང་གེའི་བསྟན་པ་ནི། །གནས་སོ་འགྲོ་བའི་བླ་མ་དེའི། །སྔོན་གྱི་ཕྲིན་ལས་དབང་གིས་ཡིན། །ཡུལ་དོན་སློབ་དཔོན་བྱེ་བྲག་དང༌། །ལྟ་བའི་བྱེ་བྲག་ཐ་དད་ཀྱི། །རྒྱུ་ཡིས་དེ་དག་ཐ་དད་བྱས། །སྟོན་པ་ཐ་དད་ཡོད་པ་མིན། །འདི་དག་གི་ལྟ་བ་དང༌། ཚུལ་ཁྲིམས་ཀྱི་རྣམ་པར་གཞག་པ་ནི་གཞུང་ཆེན་པོ་དེ་དང་དེར་བལྟ་བར་བྱའོ། །རྩ་བ་ཉིད་བཤད་པར་བྱ་སྟེ། ཚངས་སྤྱོད་ཅེས་བྱ་བ་ནི་ཆང་དང་བུད་མེད་ཀྱི་ཡུལ་སྤངས་པའོ། །འདི་ལྟར་ཆང་གི་ཉེས་དམིགས་ཀྱང་ལུང་དེ་དང་དེ་དག་དང༌། མདོ་སྡེ་དེ་དང་དེར་བལྟ་བར་བྱའོ། །བུད་མེད་ཀྱི་ཉེས་དམིགས་ཀྱང་ཐེག་པ་ཆེན་པོ་དང་ཐེག་པ་ཆུང་བའི་མདོ་དང་ལུང་རྣམས་སུ་བལྟ་བར་བྱ་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་འཁྲིག་པ་བདུན་བསྟན་པ་ཞེས་བྱ་བ་ཐེག་པ་ཆུང་བའི་མདོ་ལས། བྲམ་ཟེ་འདི་ན་ཁ་ཅིག་བདག་ཚངས་པར་སྤྱོད་པར་ཁས་འཆེ་ཞིང༌། བུད་མེད་དང་གཉིས་ཀྱིས་གཉིས་སྤྲོད་པ་མེད་ཀྱང་བུད་མེད་ཀྱི་ལུས་ལ་མིག་གིས་བལྟས་ཏེ་དེའི་ཆ་བྱད་ལ་ཞེན་པ་དང༌། བུད་མེད་དང་ལྷན་ཅིག་རྩ་བ་དང༌། ཅ་ཅོ་འདོན་པ་ཉམས་སུ་ལེན་པ་དང༌། བུད་མེད་ཀྱི་བསྙེན་བཀུར་བྱེད་པ་ཉམས་སུ་ལེན་པ་དང༌། རྩིག་པས་ཆོད་པ་དང༌། ཡོལ་བས་ཆོད་པའི་བུད་མེད་ཀྱི་རྒྱན་དང༌། གླུ་དང་གར་དང་རོལ་མོའི་སྒྲ་ཉམས་སུ་ལེན་པ་དང༌། ཕ་རོལ་པོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ལ་བལྟས་ནས་ཉམས་སུ་ལེན་པ་དང༌། ལྷ་ལ་སོགས་པའི་གནས་སུ་ཚངས་པར་སྤྱོད་པ་ཡོངས་སུ་བསྔོ་བ་ཡང་དེ་བཞིན་ཏེ། ཚངས་པར་སྤྱོད་པ་ཡོངས་སུ་མ་དག་པའོ་ཞེས་གསུངས་པ་དང༌། ཐེག་པ་ཆེན་པོའི་མདོ་ཆོས་བདུན་པ་ལས་ཀྱང༌། རྣམ་པར་རྟོག་པས་ཀྱང་འདོད་པ་ལ་བརྟེན་པར་མི་བྱ་ན། གང་དབང་པོ་གཉིས་ཀྱིས་སྦྱོར་བ་ལྟ་ཅི་སྨོས་ཞེས་གསུངས་སོ། །སྤྱིར་འདོད་པའི་ཉེས་དམིགས་ནི་རྒྱལ་པོ་ཤར་བའི་བུས་ཞུས་པ་དང༌། འདོད་པ་ལ་གདམས་པའི་མདོ་ལས་ཤེས་པར་བྱའོ། །དེ་བས་ན་ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པ་ལྟ་བུར་སྟོན་པ། དགེ་སྦྱོང་གི་རྟགས་དང་མཚན་མས་ང་རྒྱལ་དུ་བྱེད་པས་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པ་ཆོས་དང་མཐུན་པའི་སྒྲུབ་པ་དག་ལ་རབ་ཏུ་བྱུང་བའོ་སྙམ་དུ་བརྙས་པར་བྱེད་པ། ཚུལ་འཆོས་པ་ཆོམ་རྐུན་ལྟ་བུ་སྟེ། མདོ་ལས་ཆོམ་རྐུན་ཟའོ། །ཆོམ་རྐུན་འཐུང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟ་བུའི་སྡིག་པ་ཅན་དགེ་སློང་དང༌། དགེ་ཚུལ་གྱིས་ལྷ་དང་མིའི་མཆོད་རྟེན་དུ་གྱུར་པའི་ངུར་སྨྲིག་གི་གོས་དེ་གཟུང་བར་མི་བྱ་སྟེ། ཆོས་གོས་འབར་བ་དང་ལྷུང་བཟེད་འབར་བ་ཞེས་བཤད་དོ། །ཇི་སྐད་དུ་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པའི་མདོ་ལས། ཚུལ་ཁྲིམས་འཆལ་པའི་དགེ་སློང་གིས་སྟོན་པའི་ངུར་སྨྲིག་གི་རྒྱལ་མཚན་སེ་གོལ་གཏོགས་བ་ཙམ་དུ་ཡང་བཅད་བར་མི་བྱའོ་ཞེས་གསུངས་པ་དང༌། འདིའི་ཉེས་དམིགས་ནི་འཕགས་པ་འོད་སྲུངས་ཀྱིས་ཞུས་པའི་མདོ་ལ་སོགས་པ་དེ་དང་དེར་བལྟ་བར་བྱའོ། །དེ་འདྲ་བའི་སྡིག་པ་ཅན་གྱི་དགེ་སྦྱོང་ལ་ཐེག་པ་ཆེན་པོའི་བསྟན་པ་དང༌། ལམ་ཆེན་པོ་དེ་ལ་གཞུག་པར་མི་བྱའོ་སྙམ་མོ། །དེ་ལྟ་བུའི་ཉེས་པས་མ་ཕོག་ཅིང་རྣམ་པར་དག་པ་ནི་ཚངས་སྤྱོད་ཅེས་བྱའོ། །དགེ་བསྙེན་དང་དགེ་ཚུལ་དང་དགེ་སློབ་མ་ལས་ཀྱང་ཕུལ་དུ་བྱུང་བས་ན་དགེ་སློང་སྡོམ་པ་དག་ཏུ་བཞེད་ཅེས་སྨྲས་ཏེ། དགེ་སློང་གི་སྡོམ་པ་རྣམ་པར་དག་པ་ནི་ཐེག་པ་ཆེན་པོའི་གཞི་ཕུལ་དུ་བྱུང་ཞིང་ཁྱད་པར་འཕགས་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་དེ་ལྟར་བཞེད་དོ། །དགེ་སློང་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའོ། །དེ་ཡང་འདི་ལྟར་ལས་ནི་བཞི་སྟེ། གསོལ་བའི་ལས་དང༌། གསོལ་པ་དང༌། གཉིས་ཀྱི་ལས་དང༌། གསོལ་བ་དང༌། བཞིའི་ལས་དང༌། ལས་གསུམ་བརྗོད་པའི་ལས་སོ། །ལས་བཞི་པོ་དེ་དག་ཀྱང་གཞི་གཉིས་ལ་བརྟེན་ཏེ་སེམས་ཅན་དུ་བགྲང་བ་དང༌། སེམས་ཅན་མ་ཡིན་པར་བགྲང་བའོ། །དེལ་སེམས་ཅན་དུ་བགྲང་བའི་ལས་ནི་རབ་ཏུ་དབྱུང་བ་དང༌། བསྙན་པར་རྫོགས་པ་དང༌། གང་ཟག་ཡིད་མཐུན་པར་བྱ་བ་དང༌། ལྟུང་བ་ལས་བསླང་བ་དང༌། དགར་བ་དང༌། བསྐྲད་པ་དང༌། དབྱར་གནས་པར་ཁས་བླངས་པ་དང༌། ཞག་བདུན་དང༌། ཉི་ཤུ་དང༌། བཞི་བཅུར་བྱིན་གྱིས་བརླབ་པ་དང༌། སེམས་ཅན་ལ་ཕན་གདགས་པ་དང༌། ཆད་པས་གཅད་པའི་ལས་གང་ཡིན་པ་དེ་ནི་སེམས་ཅན་དུ་བགྲང་བ་གཞིའི་ལས་ཞེས་བྱའོ། །སེམས་ཅན་དུ་བགྲང་བ་མ་ཡིན་པའི་ལས་ནི་ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་བརླབ་པ་དང༌། སྲ་བརྐྱང་བྱིན་གྱིས་བརླབ་པ་དང༌། ཆོས་གོས་རྣམས་ཀྱང་མི་དབུལ་བར་གཟུང་བ་དང༌། མཚམས་གཅད་པ་དང༌། ཁྱིམ་རུང་བར་ཡིད་མཐུན་པར་བྱ་བ་དང༌། དེ་ལྟ་བུ་དང་གཞིའི་ལས་གང་ཡིན་པ་དེ་ནི་སེམས་ཅན་བགྲང་བ་མ་ཡིན་པའི་ལས་སོ། །

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག