ཀྲུང་གོ་བོད་ཀྱི་དྲ་བ།

《བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ》པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

9bc13589137da9bdff35b0cfe22dc1b1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ》པར་སྐྲུན་འགྲེམ་སྤེལ་བྱས།

བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ(1935〜2018)མཆོག་ནི་མཚོ་སྔོན་རེབ་གོང་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་དགོན་བདག་བླ་མ་ཡིན་ལ། རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཐུན་རིན་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་སོགས་ཀྱི་འགན་བཞེས་མྱོང་། ཨ་ལགས་བོན་བརྒྱ་ཚང་ནི་བོད་ཀྱི་མཁས་པ་གྲགས་ཅན་ཞིག་སྟེ། ཐུགས་རྒྱུད་ལ་ཡོན་ཏན་གྱིས་ཕྱུག་ཅིང་རིག་པའི་གནས་ལྔ་ལ་མཁྱེན་རྩལ་རྫོགས་པ། དཔྱོད་ལྡན་རྣམས་ཀྱི་འདོད་བློ་ཚིམ་པའི་གསུང་གི་བདུད་རྩི་མང་དུ་འཇོ་བས་སྙན་པའི་གྲགས་པ་ཀུན་ལ་ཁྱབ་ཅིང་། ཐེངས་མང་པོར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྟེང་གདན་འདྲེན་ཞུས་ཏེ་དཔྱད་རྩོམ་སྒྲོག་གླེང་གནང་།

《བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ》པོད་བཅུའི་བདག་ཉིད་ཅན་འདིའི་ནང་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གཙོར་བྱས་ཏེ། བོད་ཀྱི་སྐད་དང་ཡི་གེ་དང་། ཆོས་ལུགས་ལོ་རྒྱུས། སྒྲ་དག་སྙན་ངག ཆབ་ཤོག་རྣམ་ཐར། བསྟན་རྩིས་དཔྱད་རྩོམ། ཡིག་གཟུགས་ལྷ་རིས་སོགས་འདུས་པར་མ་ཟད། གཞུང་ལུགས་གནད་ཆེའི་རིགས་ཀྱི་ཞལ་ཁྲིད་རྣམས་སྒྲ་བཤུས་ཏེ་ཡི་གེར་ཕབ་ཡོད། ཁོང་གི་གསུང་འབུམ་ལ་བརྗོད་བྱ་ཕུན་སུམ་ཚོགས་ཤིང་རྗོད་བྱེད་ཚིག་ཉམས་མཛེས་པ་སོགས་གཞན་དང་མི་མཚུངས་པའི་ཁྱད་ཆོས་མངོན་པར་ལྡན། རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་གསུང་འབུམ་འདིའི་འགོ་བརྗོད་ནང་ཨ་ལགས་བོན་བརྒྱ་ཚང་གི་གསུང་འབུམ་འདིས་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་གཡུང་དྲུང་བོན་གྱི་བསྟན་པར་ཟབ་ཅིང་རྒྱ་ཆེ་བའི་དཔྱད་གཞི་བསྐྲུན་ཐུབ་ཡོད་པས། ཕྱི་རབས་མཁས་གཞོན་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་རིག་གནས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་ཕྱོགས་སྟོན་འཁོར་ལོ་ལྟ་བུ་རེད་ཅེས་གདེང་འཇོག་ཚད་མཐོན་པོ་གནང་འདུག

 གསུང་འབུམ་འདི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཇུས་འགོད་བྱས་པའི《མཚོ་སྔོན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ནོར་བུའི་བང་མཛོད》ཅེས་པའི་ནང་བདམས་ནས་པར་སྐྲུན་བྱས་པ་ཡིན་ནོ། །

རྩོམ་སྒྲིག་པ། : འབུམ་པ་རྒྱལ།