ས་གནས་མི་རིགས་སྐད་ཡིག་གི་རྒྱང་སྒྲོག་གསར་འགྱུར་ལེ་ཚན་ལེགས་སྒྲུབ་གནང་དགོས་པའི་སྐོར་རགས་ཙམ་གླེང་བ།

     རང་རྒྱལ་གྱི་མངའ་ཁོངས་རྒྱ་ཆེ་ཞིང་མི་རིགས་ཀྱི་རིག་གནས་གཏིང་ཟབ་ལ། ས་གནས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་སོགས་ཀྱིས། རྒྱང་སྒྲོག་གི་ལས་དོན་དང་གསར་འགྱུར་གྱི་ནང་དོན་སོགས་ཀྱང་། མི་རིགས་ཀྱི་ཁྱད་ཆོས་ལ་གཏན་ནས་ཁ་འབྲལ་ཐབས་མེད་པས། ས་གནས་མི་རིགས་ཀྱི་གསར་འགྱུར་དང་། ས་གནས་མི་རིགས་ཁག་གི་སྐད་ཡིག ས་གནས་རྒྱང་སྒྲོག་ལས་ཁུངས་གསུམ་གྱི་བར་དུ་འབྲེལ་བ་ངེས་ཅན་ཞིག་ཡོད། འདི་ནི་ས་གནས་གསར་འགྱུར་གྱི་ཁྱད་ཆོས་དང་མི་རིགས་ཁག་གི་རེ་འདོད་ཡིན་པར་མ་ཟད། ཏང་དང་རྒྱལ་ཁབ་ཀྱིས་རྒྱང་སྒྲོག་ལས་རིགས་ལ་གནང་བའི་འོས་འགན་གལ་ཆེན་ཞིག་ཀྱང་ཡིན། མི་ས་ས་ཁུལ་གྱི་རྒྱང་སྒྲོག་ལས་ཁུངས་ཀྱིས། ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་། མི་དམངས་བཅས་ཀྱི་བར་དུ་མགྲིན་ཚབ་པའི་འགན་བཞེས་ཏེ།སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་ཡང་དག་པའི་སྒོ་ནས་ཁྲིད་སྟོན་གནང་བཞིན་ཡོད་པས། བོད་སྐད་གསར་འགྱུར་པས་ལེ་ཚན་ཇི་ལྟར་ལེགས་སྒྲུབ་བྱེད་དགོས་པའི་སྐོར་གླེང་བར་བྱ་སྟེ། 
    གཅིག གསར་འགྱུར་གྱི་མི་རིགས་ཁྱད་ཆོས་འབུར་དུ་ཐོན་པར་བྱ་དགོས།
     གསར་འགྱུར་གྱི་མི་རིགས་ཁྱད་ཆོས་འབུར་དུ་ཐོན་པར་བྱ་དགོས་པ་སྟེ།མི་རིགས་ས་གནས་ཀྱི་རྒྱང་སྒྲོག་ལས་ཁུངས་ཀྱིས་དེང་དུས་ཀྱི་བརྡ་འཕྲིན་ལག་རྩལ་འགྲན་རྩོད་ཁྲོད། རང་ཉིད་སྲིད་དོན་དྲིལ་བསྒྲགས་ཀྱི་གཡུལ་ས་ལས་ཕམ་དུ་འཇུག་མི་འདོད་ན། ཐོག་མར་གསར་འགྱུར་གྱི་མི་རིགས་ཁྱད་ཆོས་འབུར་དུ་ཐོན་པར་བྱ་དགོས་པར་མ་ཟད། ད་དུང་ཁྱད་ཆོས་དེ་ཉིད་འབུར་དུ་ཐོན་པ་རྒྱུན་འཁྱོངས་བྱ་དགོས། མི་རིགས་ས་གནས་ཀྱི་རྒྱང་སྒྲོག་ལས་ཁུངས་ཞིག་ལ་མཚོན་ན། བརྡ་འཕྲིན་གྱི་བསྡུ་ལེན་དང་རྒྱང་སྒྲོག་གི་ཁྱབ་ཚད་ཀུན་ནས་ཇེ་ཆེར་བཏང་སྟེ། རྒྱལ་ཡོངས་དང་ཡང་ན་འཛམ་གླིང་གི་ཆ་འཕྲིན་དང་གནས་ཚུལ་གསར་བ་གང་མང་ཞིག་དུས་ཐུང་ངང་སྒྲོག་སྤེལ་གནང་ནས་ཐོས་ཐུབ་པར་བྱ་དགོས། གྲངས་ཉུང་མི་རིགས་སྤྱི་དང་སྒོས་སུ་བོད་རིགས་ཉན་པ་པོ་རྣམས་ལ་ཆ་བཞག་ནས་བཤད་ན། རྒྱུད་ལམ་མང་པོ་ཞིག་ནས་ཐོན་པའི་གསར་འགྱུར་དེ་དག་ཉན་འདོད་ཀྱང་སྐད་རིགས་ཀྱི་དབང་གིས་ཉན་མི་ཐུབ་པ་དང་། ལྷག་པར་རང་གི་ས་གནས་དང་རང་རེའི་མི་རིགས་ནང་བྱུང་བའི་གསར་འཕྲིན་ཐོས་མི་ཐུབ་པ་དང་། དེ་ནི་ས་གནས་གསར་འགྱུར་གྱིས་ས་གནས་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་མི་བྱེད་པའམ། ཡང་ན་བེད་སྤྱོད་བྱས་པའི་ཆུ་ཚད་མི་འདང་བ་སོགས་ཀྱིས་བཟོས་པའི་གནད་དོན་ཞིག་རེད། 
    རྒྱང་སྒྲོག་གི་ཁྱད་ཆོས་ལ་མཚོན་ན་སྟབས་བདེ་ཞིང་འགྲོས་མགྱོགས་པ་དང་། མ་རྩ་ཉུང་ཞིང་རིན་གོང་དམའ་བ། བྱེད་ཐབས་སླ་ཞིང་མཁོ་བསྟུན་རང་བཞིན་ཆེ་བ་སོགས་ཀྱི་ལེགས་ཆ་འཛོམས་ཡོད་པར་མ་ཟད། ཁྱད་པར་དུ་དུས་བཅད་གསར་འགྱུར་སྒྲོག་པའི་ཕྱོགས་ལ་བརྡ་འཕྲིན་གྱི་ཐབས་ལམ་གང་གིས་ཀྱང་འགྲན་མི་ནུས་པ་རེད། གལ་སྲིད་མི་རིགས་ས་ཁུལ་གྱི་རྒྱང་སྒྲོག་གིས་རང་གི་ལེགས་ཆ་དང་ཁྱད་ཆོས་རྣམས་གང་ལེགས་སྒོས་དུས་ཐོག་ཏུ་འདོན་ཐུབ་ན། དེང་སང་བརྡ་འཕྲིན་དུས་རབས་ཀྱི་འགྲན་རྩོད་དྲག་པོའི་ཁྲོད་དུ་རྐང་བ་བརྟན་པོར་བཙུགས་ནས་འཕེལ་རྒྱས་འབྱུང་ངེས་པར་མ་ཟད། ལས་ཀའི་རྒྱལ་ཕམ་གྱི་སོ་ཁ་བརྡར་བའི་ནང་བརྟན་པོར་གནས་ཐུབ་པ་རེད། དེས་ན་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གསར་འགྱུར་ལེ་ཚན་ནི། རྒྱང་སྒྲོག་ལས་ཀའི་སྲོག་རྩ་བྱས་ནས་དེང་ཕྱིན་གྱི་ལས་དོན་ནང་དར་སྤེལ་དང་རྒྱུན་འཁྱོངས་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་མཐོང་། 
    གཉིས་པ། གླེང་ཕྱོགས་ཀྱི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱ་དགོས། 
    སྤྱི་ཚོགས་གླེང་སློང་གི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱ་དགོས་པ་སྟེ། ཏང་དང་སྲིད་གཞུང་གི་གླེང་ཕྱོགས་དྲིལ་བསྒྲགས་བྱེད་པའི་ཡོ་བྱད་གལ་ཆེན་དུ་གྱུར་པའི་རྒྱང་སྒྲོག་ལས་ཁུངས་ཀྱིས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་སོགས་དགོས་དབང་གིས་དྲིལ་བསྒྲགས་བྱ་དགོས་པར་མ་ཟད། ད་དུང་དཔལ་ཡོན་གཉིས་ཀྱི་འཛུགས་སྐྲུན་ལས་དོན་དང་དེའི་གོ་རིམ་ཁྲོད་ཐོབ་པའི་གྲུབ་འབྲས་སོགས་ཀྱང་དྲིལ་བསྒྲགས་བྱ་དགོས།ལྷག་པར་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ་བསམ་བློ་གཅིག་སྒྲིལ་གནང་བའི་ཐོག་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་།ཆབ་སྲིད་ཀྱི་གནས་བབ་བརྟན་པོ་གསར་གཏོད་བྱེད་པའི་ལས་འགན་སོགས་ཀྱང་རྒྱང་སྒྲོག་ལས་ཁུངས་ཀྱིས་འཁུར་ཡོད་པས། ངེས་པར་ས་གནས་ཏང་ཨུ་དང་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་ཏང་གཤིས་ཀྱི་རྩ་དོན་རྒྱུན་འཁྱོངས།མཐུན་སྒྲིལ་དང་།བརྟན་འཇགས། ཡར་སྐུལ་བཅས་གཙོ་བོར་བཟུང་ནས་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་ཕྱོགས་རྒྱུན་འཁྱོངས་བྱ་དགོས་པ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་གནང་བ་བཅས་ཀྱི་སྒོ་ནས་ཏང་གི་དྲིལ་བསྒྲགས་ཀྱི་སྒྲིལ་ལམ་བརྩི་སྲུང་ནན་ཏན་བྱེད་པ་དང་། གོང་རིམ་གྱིས་གནང་བའི་ལས་འགན་གལ་ཆེན་འགྲུབ་པར་བྱ་དགོས། ཁྱད་པར་དུ་མི་རིགས་ས་གནས་ཀྱི་མི་རིགས་སྐད་ཡིག་གི་རྒྱང་སྒྲོག་ལས་ཁུངས་ཤིག་ཡིན་ཕྱིན། སྤྱི་ཚོགས་སྟེང་དུ་དྲིལ་བསྒྲགས་ཀྱི་གཡུལ་ས་ཕྲན་བུ་ལས་མེད་ནའང་ཅིས་ཀྱང་རང་ཉིད་ཀྱི་གསར་འགྱུར་ལེ་ཚན་ལེགས་པར་བསྒྲུབས་ནས་རྒྱ་ཆེའི་ཉན་པ་པོ་རྣམས་ལ་ཞབས་འདེགས་ཞུ་གང་ཐུབ་བྱ་དགོས། དེ་ལྟར་བྱས་ན་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དོ་སྣང་འདྲེན་ཐུབ་ལ་བསམ་ཚུལ་ཡང་རྟོགས་ཐུབ་པས་ཚང་མའི་ཁས་ལེན་ལ་ཡིད་ཆེས་ཀྱང་འཐོབ་ཐུབ་པ་རེད། ད་སྐབས་ས་གནས་ཀྱི་མི་རིགས་སྐད་ཡིག་གི་གསར་འགྱུར་ལེ་ཚན་ལ་མཚོན་ན། རྗོད་བྱེད་ཚིག་གི་ཆ་ནས་སྐབས་དོན་ཆབ་སྲིད་ཕྱོགས་ཀྱི་རྩོམ་ཡིག་གི་ནང་དོན་གོ་དཀའ་བ་དང་།ཚིག་སྣ་རིང་ཞིང་མཚོན་ཐབས་འཁྱོག་པས་དོན་ལ་གནོད་པ་སོགས་ཀྱི་གནད་དོན་མང་པོ་ཡོད་པ་དང་། བརྗོད་བྱ་དོན་གྱི་ཆ་ནས་དཔལ་འབྱོར་འཛུགས་སྐྲུན་དང་སྲིད་ཇུས་ཆ་འཕྲིན། ཚན་རྩལ་འཕེལ་རྒྱས་ཐད་ཀྱི་ནང་དོན་ཅུང་ཉུང་བས་རང་རེའི་ཉན་པ་པོ་རྣམས་ཀྱི་རེ་འདོད་བསྐང་མི་ཐུབ་པ་རེད། དེས་ན་ཁོ་མོའི་བསམ་པར་ང་ཚོའི་གསར་འགྱུར་གྱི་ལས་བྱེད་མཁན་རྣམས་ཀྱིས་རྒྱ་ཆེའི་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྙེགས་སྤྱི་བོར་བཀུར་ཏེ། ཁོ་ཚོའི་བློ་ཁར་འཚམ་པའི་སྐད་ཆའི་བྱེད་ནུས་ལ་བརྟེན་ནས་འཕྲལ་ཕུགས་གཉིས་ལ་ཕན་ཐོགས་པའི་གསར་འགྱུར་ཇེ་མང་དུ་གཏོང་རྒྱུ་ནི། ས་གནས་མི་རིགས་སྐད་ཡིག་གི་གསར་འགྱུར་ལས་དོན་དང་ས་གནས་མི་རིགས་སྐད་ཡིག་གི་ཆ་འཕྲིན་གོ་རྟོགས་ཟུང་འབྲེལ་གྱིས་སྤེལ་བའི་བྱ་གཞག་གལ་ཆེན་ཞིག་ཡིན་པར་སྙམ། 
    གསུམ་པ། གསར་འགྱུར་ལེ་ཚན་ལེགས་པར་བསྒྲུབ་དགོས། 
    གསར་འགྱུར་ལེ་ཚན་བཅོས་བསྒྱུར་སྒོས་ལེགས་པར་བསྒྲུབ་རྒྱུ་ནི། སྤྱི་ཚོགས་ཀྱི་དགོས་མཁོ་ཡིན་ལ་ཏང་དང་སྲིད་གཞུང་གིས་གནང་བའི་དུས་རབས་ཀྱི་འོས་འགན་ཡང་ཡིན། དུས་ཡུན་རིང་བོའི་ནང་རྒྱུ་རྐྱེན་གང་མང་གི་དབང་གིས་གསར་འགྱུར་ལས་གཉེར་བའི་གྲུབ་ཚུལ་ལ་དགོས་འོས་ཀྱིས་ལེགས་སྒྲིག་དང་གསར་བཅོས་བྱེད་མི་ཐུབ་པས། ས་གནས་རྒྱང་སྒྲོག་ལས་ཁུངས་ཀྱི་དྲིལ་བསྒྲགས་ལས་འགན་དང་ལས་རིགས་ཁག་བགོས་ནུས་པ་དེ་འདྲའི་གསལ་བོ་མེད་པ་དང་། ལས་གཉེར་གྱི་དོ་དམ་བྱེད་སྟངས་དམ་ཚགས་འོས་འཚམ་མིན་པའི་ཐོག་ཏུ་ཚོང་རའི་འགྲན་རྩོད་འདུ་ཤེས་ཞན་པ། སྒྲིག་གཞིའམ་ནང་རྐྱེན་གྱི་འབྲེལ་བ་གྲུབ་པའི་གནས་ཚུལ་ལ་ཟུངས་ཤུགས་དང་གསོན་ཉམས་མེད་པ། གསར་འཕྲིན་ཉུང་ཞིང་ནང་དོན་འདྲ་བ་དང་བསྐྱར་ཟློས་མང་བ་སོགས་ཀྱི་གནད་དོན་མི་ཉུང་བ་ཞིག་ཡོད། དེ་བས་ང་ཚོས་ད་ལྟའི་ཉམས་མྱོང་ནང་འདྲེན་བྱས་ནས་ཚན་རིག་དང་མཐུན་པའི་དོ་དམ་བྱེད་ཚུལ་ལ་ཤུགས་བསྣན་དགོས་པ་དང་། དེ་དང་ཆབས་ཅིག་ཏུ་གསར་འགྱུར་ཆེད་ལས་ཀྱི་བྱང་ཚད་མཐོར་འདེགས་བཏང་ནས་རྒྱང་སྒྲོག་ལས་ཀའི་བརྩོན་སེམས་ལ་རྟིང་སྐུལ་གནང་རྒྱུ་ནི། ལས་ཁུངས་དང་མི་སྒེར་རང་གི་སྟོབས་ཤུགས་དང་འཇོན་ཐང་ཇེ་ཆེར་གཏོང་བའི་གནད་འགག་དང་སྒུལ་ཤུགས་ཡིན་པ་གསལ་བོར་ཤེས་ཐུབ། གསར་འགྱུར་ལེ་ཚན་གྱི་གསར་གཏོད་དང་བཅོས་བསྒྱུར་ལ་དོ་སྣང་བྱས་ནས་སྤྱི་ཚོགས་ཀྱི་དཀའ་གནད་གཙོ་བོར་ཁ་གཏད་ཅིང་།གནད་ས་གཅིག་གིས་ཁྱོན་ཡོངས་མདུན་དུ་ཁྲིད་ནས་གསར་འགྱུར་ལེ་ཚན་ཧྲིལ་བོའི་སྤུས་ཚད་མཐོར་འདེགས་གཏོང་དགོས། གོ་རིམ་དེའི་ཁྲོད་གསར་འགོད་པ་རྣམས་ཀྱིས་དུས་རྒྱུན་དུ་རང་སར་བྱུང་བའི་གསར་འགྱུར་གྱི་དོན་དངོས་ནང་ཟབ་ཞུགས་བྱས་ཏེ།འབྲེལ་ཡོད་མི་སྣ་དང་དོན་རྐྱེན་གྱི་བྱུང་རིམ། གནད་དོན་དང་དེའི་མཇུག་འབྲས་སོགས་གསལ་བོར་བྲིས་ནས་ས་གནས་དང་མི་རིགས་ཀྱི་ཁྱད་ཆོས་མ་ཡལ་བའི་སྒོ་ནས་སྒྲོག་སྤེལ་བྱ་དགོས། གསར་འགྱུར་དང་དོན་རྐྱེན་གལ་ཆེན་བྱུང་ཡོད་པ་ཚོར་ཚེ་གསར་འགོད་པ་ཡུལ་དང་པོར་སོང་ནས། གཞི་རིམ་གྱི་དོན་དངོས་ལ་ཟབ་ཞུགས་བྱས་ཏེ་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་དང་རིན་ཐང་ལྡན་པའི་གསར་འགྱུར་འབྲི་བར་བརྩོན་པ་དང་། གསར་འགོད་པའི་ལས་གནས་ཀྱི་ཁྱད་ཆོས་དང་། ཞབས་ཞུའི་ཧུར་སེམས། འོས་འགན་གྱི་འདུ་ཤེས་སོགས་ལས་ཀའི་གོ་རིམ་གྱི་རྣམ་འགྱུར་འཛིན་ཚུལ་ལ་རག་ལས་པའི་ཆབ་སྲིད་བསམ་བློ་གོང་མཐོར་བཏང་ནས། རྒྱ་ཆེའི་ཉན་པ་པོ་རྣམས་ཀྱི་གསེར་སྙན་དུང་གི་གཤོག་པར་སྤུས་ཚད་མཐོ་ཞིང་རིན་ཐང་ཆེ་བའི་གསར་འགྱུར་ལེ་ཚན་གང་མང་འབུལ་ཐུབ་དགོས། དེར་ལྟར་བྱས་ན་ད་གཟོད་ས་གནས་མི་རིགས་སྐད་ཡིག་གི་རྒྱང་སྒྲོག་ལས་དོན་འཕེལ་རྒྱས་གཏོང་ཐུབ་པར་འདོད་དོ།།
     རྩོམ་པ་པོ་ནི་ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཡིན། 
       མཚོ་སྔོན་བོད་ཡིག་གསར་འགྱུར།2014·12·19།པར་ངོས17པ།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།