ཀྲུང་གོ་བོད་ཀྱི་དྲ་བ།

བྲག་འགོའི་ཅོག་རོ་དགོན།

    སྤེལ་དུས། : 2016-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

          སྔར་ཁྲི་སྲོང་ལྡེ་ཙན་གྱི་སྐུ་རིང་དུ་ཕེབས་པའི་ལོ་ཙྰ་བ་ཅོག་རོ་ཀླུ་ཡི་རྒྱལ་མཚན་ནི་དགེ་བསྙེན་གྱི་ཚུལ་བཟུང་བའི་དགེ་སྦྱོང་བ་ཞིག་ཡིན་པས་མ་ཚད། རྒྱལ་བའི་བཀའ་བསྒྱུར་བའི་ལོ་ཙྰ་བ་ཆེན་པོ་ཞིག་ཀྱང་ཡིན་པས། ཁོང་གི་མཚན་སྙན་སྐད་གྲགས་ཁྱབ་པ་ཞིག་ཡིན་མོད། འོན་ཀྱང་ཁོང་གི་འཁྲུངས་ལོ་དང་འདས་ལོ་སོགས་ཇི་ལྟར་ཡིན་ཚུལ་ནི་ལོ་རྒྱུས་ཀྱི་ཤོག་ལྷེ་ནང་དུ་བཀོད་མེད་པས་སུས་ཀྱང་ཚོད་དཔག་བྱེད་མི་འོས་པ་ཞིག་རེད།
          འོན་ཀྱང་གཏམ་རྒྱུད་ཡ་མཚན་པ་ཞིག་ནི་བྲག་འགོའི་ཏྲེ་ཧོར་ས་ཁུལ་གྱི་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་ལྡན་པ་ཞིག་རེད། ད་སྐབས་ཁམས་ཏྲེ་ཧོར་ཡུལ་དུ་དགེ་ལུགས་པའི་དགོན་པ་ཆུང་ངུ་ཞིག་ཡོད་ཅིང་།དགོན་གནས་དེའི་གནས་ས་བརྟག་མཁན་ནི་ལོ་ཙྰ་བ་ཅོག་རོ་ཀླུ་ཡི་རྒྱལ་མཚན་སྐུ་དངོས་ཡིན་པར་བཤད་སྲོལ་འདུག  དེ་ཡང་སྐབས་དེར་ལོ་ཙྰ་བ་ཅོག་རོ་ཀླུ་ཡི་རྒྱལ་མཚན་གྱིས་བི་མ་མི་ཏྲ་རྒྱ་ནག་ཏུ་ཞབས་བཅགས་གནང་བར་ཞབས་འབྲང་བྱེད་པ་ལ་བརྟེན་ནས།
         ས་དེའི་བར་དུ་སྐྱེལ་བསུ་མཛད་པ་དང་མཉམ་དུ་ཁོང་ལ་དད་པའི་རྟེན་སྒྲོལ་མ་སྔོ་ལྗང་མའི་ལི་སྐུ་མཐོ་གང་བ་ཞིག་སྐུ་ལུས་དང་འབྲལ་མེད་སྣོམ་པ་ཞིག་མཆིས་པ་དེས་དངོས་སུ་གསུང་བྱོན་ཏེ་ང་ནི་མི་འགྲོ་འདི་རུ་གནས་ཞེས་གསུངས་པས་ན་དེའི་བཀའ་ལྟར་ས་དེར་གནས་བརྟགས་ནས་ལྷ་ཁང་ཆུང་ཆུང་ཞིག་བཞེངས་པ་དང་།རྟེན་གྱི་གཙོ་བོ་སྒྲོལ་མ་སྔོ་ལྗང་མ་དེ་དང་།  ད་དུང་གླེགས་བམ་ཤེར་ཕྱིན་མ།  མཚན་ཐུབ་ཉི་ཟླ་མ།ཏིང་ཕོར་རྒྱ་མཚོ་མ།མཆོད་རྟེན་གངས་རི་མ་བཅས་གསོལ་བ་ནས་ཁོང་ཉིད་ཀྱང་དུས་ཡུན་རིང་ཙམ་དེར་མཚམས་སུ་བཞུགས་སྐད། དེ་ནས་བཟུང་དགོན་གནས་དེ་རང་ལ་ཅོག་རོ་ལྷ་ཁང་དང་ཅོག་རོ་དགོན་ཞེས་མཚན་གྱི་རྣམ་གྲངས་རིམ་གྱིས་བྱུང་བ་ནས། དགེ་བསྙེན་གྱི་སྡོམ་རྒྱུད་མ་ཆད་ཅིང་བསྟན་པའི་རྒྱུན་སྐྱོང་བའི་མི་ལོ་དུ་མ་འདས་འཕྲལ་རབ་བྱུང་གཉིས་པའི་སྐབས་མདོ་ཁམས་ཏྲེ་ཧོར་གངས་ཀྱི་ར་བར་འཁྲུངས་པའི་ཀརྨ་དུས་གསུམ་མཁྱེན་པས་བཀའ་བརྒྱུད་པའི་ལྟ་བ་འཛིན་པའི་ཆོས་རྒྱུན་སྤེལ།
         ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་རི་བོ་དགེ་ལུགས་པའི་ལུགས་སུ་བསྒྱུར་ནས་བཤད་སྒྲུབ་གཉིས་ཀྱི་བསྟན་པ་དྲི་མ་མེད་པས་ཆོས་རྒྱུན་སྤེལ་བའི་དགོན་གནས་དམ་པ་ཞིག་མི་ལོ་ད་བར་དུའང་མ་ཉམས་པར་གནས་ཡོད། དེ་ལྟར་མི་ལོ་སྟོང་ཕྲག་ལྷག་གི་སྔོན་དུ་བྱུང་བའི་ལོ་རྒྱུས་ཀྱི་ངག་རྒྱུན་རིང་པོ་དེ་དང་།ད་སྐབས་མཚན་འབོད་བཞིན་པའི་ཅོག་རོ་དགོན་པ་ཞེས་མིང་མ་ཉམས་པ་སྣང་བ་དེ་གཉིས།  ད་སྐབས་ལ་བཤད་ན་དེ་ནི་ལོ་རྒྱུས་ཀྱི་དྲན་རྟེན་ཞིག་ཏུ་འགྱུར་བའི་ཡ་མཚན་པའི་གཏམ་རྒྱུད་ཐུང་ངུ་ཞིག་འུ་ཅག་ལ་གནང་བ་མ་ཡིན་ནམ།། 

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།