ཀྲུང་གོ་བོད་ཀྱི་དྲ་བ།

གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་མཚམས་སྦྱོར་མདོར་བསྡུས།

    སྤེལ་དུས། : 2017-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

སེ་ར་ཐེག་ཆེན་གླིང་།

   ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་ནི་གྲོང་ཁྱེར་ལྷ་སའི་བྱང་ངོས་མཚམས་སུ་རྒྱབ་རི་གླང་པོ་ཆེ་ཉལ་བ་ལྟ་བུ་དང་། དེའི་རི་རྒྱུད་དུ་གདུགས་ལྟ་བུའི་རི་བོ་མཐོ་ལ་མཛེས་པ།    མཐའ་སྐོར་དུ་ཉམས་དགའི་དབེན་པའི་རི་ཁྲོད་ཀྱིས་བསྐོར་བའི་དབུས་སུ་ཆགས་ཤིང་།ཤིང་སེ་བའི་ར་བས་བསྐོར་བས་ན་སེ་ར་ཞེས་བརྗོད།  དེ་ནི་རྗེ་ཙོང་ཁ་པའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས (སྤྱི་ལོ་༡༣༥༤-༡༤༣༥)  ཀྱིས་བོད་རབ་བྱུང་བདུན་པའི་ས་མོ་ཕག་སྤྱི་ལོ་༡༤༡༩ལོར་ཕྱག་བཏབ།     དེ་ནི་གདན་ས་སེ་འབྲས་དགེ་གསུམ་གྱི་ནང་ནས་འདེབས་ཕྱི་མ་དེ་ཡིན།     ཕྱག་འདེབས་པ་པོ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ནི་བོད་རབ་བྱུང་དྲུག་པའི་ཆུ་འབྲུག་སྤྱི་ལོ་༡༣༥༢ལོར་ལྷ་སའི་ཤར་ཕྱོགས་ཚལ་གུང་ཐང་དུ་སྐུ་འཁྲུངས།    རབ་ཏུ་བྱུང་སྟེ་མཚན་ཤཱཀྱ་ཡེ་ཤེས་སུ་གསོལ།ཡི་གེ་འབྲི་ཀློག་སོགས་རིག་པའི་གནས་ལ་སྦྱངས་བརྩོན་ཆེ་བ་དང་།      དུས་ཕྱིས་རྗེ་རིན་པོ་ཆེའི་གསོལ་བ་འདྲེན་མཁན་དང་ཆབས་ཅིག་ལོ་མང་རིང་ཉེ་གནས་ཀྱང་མཛད་དེ་དད་གུས་ཆེ་ཞིང་བཀའ་བཞིན་སྒྲུབ་པ་དང་།    མདོ་སྔགས་ཀྱི་ཆོས་མང་དུ་གསན་ཏེ་མཁས་པར་གྱུར།      མིང་གཡུང་ལེ་སྲིད་ལོ་བདུན་པར་རྒྱ་ནག་ཏཱ་མིང་རྒྱལ་པོས་རྗེ་ཙོང་ཁ་པ་ཆེན་པོ་གདན་ཞུ་ཐེངས་གཉིས་བྱས་ཀྱང་མ་བྱོན་སྟབས་ཕྱི་མར་རྗེ་ཉིད་དང་དབྱེར་མེད་ཀྱི་དངོས་སློབ་གཅིག་དབུ་བླར་གཏོང་གདོས་ཞུས་པ་བཞིན་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་དགུང་ལོ་རེ་གཅིག་བོད་ཤིང་རྟ་སྤྱི་ལོ་༡༤༡༤ལོར་ལི་ཐང་བརྒྱུད་རྒྱ་ཡུལ་དུ་ཕེབས།ལོ་དེའི་ཟླ་བ་བཅུ་གཉིས་པའི་ནང་པེ་ཅིང་དུ་ཕེབས་ནས་ཕཱ་ཤིན་དིན་གྱི་ཕོ་བྲང་དུ་རྒྱལ་པོ་དང་མཇལ།  རྒྱལ་པོ་ཐུགས་དགྱེས་ནས་བཀུར་སྟི་སྟོན་མོ་གཟབ་ཅིང་རྒྱས་པར་མཛད།    བོད་ཤིང་ལུག་ཟླ༢ཚེས༩སྤྱི་ལོ་༡༤༡༥ནས་བརྩམས་ཏེ་ཟླ་བ་གསུམ་གྱི་བར་གསང་བདེ་འཇིགས་གསུམ།ཕྱག་རྡོར་འཁོར་ཆེན།   སྨན་བླ་རྣམས་ཀྱི་སྒྲུབ་མཆོད་སོགས་རྒྱས་པར་མཛད་པས་རྟགས་ཁྱད་པར་ཅན་བྱུང་།གཞན་ཡང་གོང་མ་སྐུ་བསྙུངས་ནས་མ་བདེ་བར་གྱུར་པ་ལ་བཅོས་ཐབས་དང་།   རྗེས་གནང་མཛད་པས་བསྙུན་གཞི་ལས་གྲོལ་སྟབས་གོང་མ་ཤིན་ཏུ་དགྱེས་ནས་?ཐམས་ཅད་མཁྱེན་པའི་བློ་གསལ་བ།འགྲོ་ཀུན་སྐྱོབ་པའི་བྱམས་པ་ཆེ་བ།      རྒྱལ་ཁམས་མཐའ་དག་བདེ་ལ་་འགོད་པ།    ཀུན་གྱི་སྤྱི་བོར་དབང་བསྐུར་བ།  ནུབ་ཕྱོགས་སངས་རྒྱས་ཀྱི་སྲས།ཆབ་སྲིད་བདེ་ཞིང་བསྟན་པ་གནས་པར་བྱེད་པའི་བླ་མ་ཆེན་པོ་ཏཱ་གུ་ཤྲཱི་བྱམས་ཆེན་ཆོས་རྗེ་ཞེས་གཟེངས་བསྟོད་ཀྱི་མཚན་དང་གསེར་གྱི་ཐམ་ག་བཅས་བསྩལ།དེ་རྗེས་རྒྱལ་པོར་དབང་བསྐུར་ཆོས་གསུངས།   རྒྱལ་པོ་སྙིང་ནས་དད་དེ་བསྙེན་བཀུར་རྒྱ་ཆེར་མཛད།   བོད་རབ་བྱུང་བདུན་པའི་མེ་སྤྲེལ་སྤྱི་ལོ་༡༤༡༦ལོའི་ཟླ་ལྔ་པར་བོད་ཀྱི་ཕྱོགས་སུ་ཞལ་བསྒྱུར།རྗེ་རིན་པོ་ཆེ་དང་མཇལ།   གོང་མས་གནང་བའི་གནས་བརྟན་བཅུ་དྲུག་གི་སེའུ་ཐང་སོགས་ཕུལ།   དེ་ནས་བདག་ཉིད་ཆེན་པོ་ཙོང་ཁ་པ་སེ་ར་ཆོས་སྡིངས་སུ་ཕེབས་སྐབས་རྗེ་འདི་པར་ཆོས་སྡེ་ཞིག་འདེབས་དགོས་པའི་བཀའ་བཀོད་བཞིན་ས་ཕག་སྤྱི་ལོ་༡༤༡༩ལོར་སྣེའུ་དཔོན་ནས་མཐུན་རྐྱེན་གང་དགོས་སྦྱར་ཏེ་གཙུག་ལག་ཁང་གི་རྨང་བཏིངས་ནས་སྤྱིལ་བུ་སོགས་རིམ་གྱིས་བཏབ།    དེ་ནས་སླར་ཡང་གོང་མ་ཡུང་ལོ་རྒྱལ་པོའི་གདན་ཞུ་བ་འབྱོར་ནས་རྗེ་ཙོང་ཁ་པའི་དངོས་སློབ་ཆོས་རྗེ་དར་རྒྱས་བཟང་པོ་སེ་རའི་གདན་པ་བར་བསྐོ་གཞག་གནང་ནས་ཤིང་འབྲུག་སྤྱི་ལོ་༡༤༢༤ ལོར་ནང་སར་ལན་གཉིས་པ་ཕེབས།གོང་མའི་ཕོ་བྲང་གི་ཁད་ཉེར་འབྱོར་སྐབས་གོང་མ་སྐུ་གཤེགས། འོན་ཀྱང་སྲས་ཟོན་དེས་ཡབ་རྒྱལ་པོ་ལས་ཀྱང་ལྷག་པའི་གུས་འདུད་མཛད།  ཤི་འབྲུག་ནས་ལོ་ངོ་བཅུ་གཉིས་ཙམ་གྱི་རིང་མཛད་འཕྲིན་བསྐྱངས་ཏེ་ཤིང་ཡོས་སྤྱི་ལོ་༡༤༣༥ལོ་བུ་ཆེན་ཀོའོ་ཤིང་ཨ་མོ་ག་དང་།བསོད་ནམས་ཤེས་རབ་གཉིས་ལ་ཞལ་བཀོད་གནང་ནས་བོད་ཕྱོགས་སུ་ཆིབས་ཁ་བསྒྱུར་བའི་ལམ་བར་མཛོ་མོ་སྒར་ཞེས་པའི་ས་གནས་སུ་དགུང་གྲངས་གྱ་གཉིས་བཞེས་པ་སྤྱི་ལོ༡༤༣༥ལོའི་ཟླ་༡༠ཚེས་༢༤ཉིན་སྐུ་གཤེགས།

2.jpg

དཔལ་ལྡན་འབྲས་སྤུངས་དགོན།

   དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་འདི་ནི་གྲོང་ཁྱེར་ལྷ་སའི་ནུབ་ངོས་མཚམས་ཀྱི་རི་འདབས་སུ་ཆགས་ཡོད།དེ་ནི་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་དངོས་སློབ་འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞིའི་ཡ་རྒྱལ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་(སྤྱི་ལོ་༡༣༧༩-༡༤༤༩)གྱིས་སྤྱི་ལོ་༡༤༡༦ལོར་ཕྱག་བཏབ།དེ་ཡང་རྒྱལ་རི་དགེ་མཁར་རྒྱུ་སྐར་བཀྲ་བ་ལྟ་བུའི་དབུས་སུ་འབྲས་ས་ལུ་སྲུངས་པ་དང་གཉིས་སུ་མེད་པའི་ཁྱད་ཆོས་ལྡན་པའི་དགོན་པ་འདི་གསེར་འོད་རབ་ཏུ་འཕྲོ་བའི་རྒྱ་ཕིབས་དང་།གཉྫི་ར།གདུགས།རྒྱལ་མཚན་གྱིས་བརྒྱན་པ།འདུ་ཁང་།གཙང་ཁང་།གཙུག་ལག་ཁང་རྣམས་མཐོ་ཞིང་བརྗིད་ཆགས་པ།གྲྭ་སྤྱིལ་རྣམས་རྡོ་ཐལ་དཀར་པོས་མཛེས་པར་སྤྲས་ཤིང་།གཞི་རྒྱ་ཆེ་ལ་ཁོར་ཡུག་ལྕགས་རིས་ཡོངས་སུ་བསྐོར་བ་ཞིག་ཡོད།དེ་ལྟར་ཆོས་སྡེ་ཆེན་པོ་འདི་ཐོག་མར་གཞི་བཙུགས་པ་ནས་བཟུང་སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོས་སྦྱིན་བདག་མཛད་དེ་ཚོགས་ཆེན་འདུ་ཁང་དང་།སྔགས་ཁང་རྟེན་དང་བརྟེན་པ་བཅས་པ་དང་གྲྭ་སྤྱི་ལ་སོགས་མང་དུ་བསྐྲུན།ཆོས་སྡེ་ཆེན་པོ་འདི་ནི་སྐུ་གསུང་ཐུགས་ཀྱི་རྟེན་བཞུགས་ཚུལ་རགས་རིམ་ཞིག་བརྗོད་ན།ཐོག་མར་འདུ་ཁང་ཆེན་པོའི་རྒྱབ་ཏུ་འཇམ་དབྱངས་ཆོས་རྗེའི་ཐོག་མའི་བཞུགས་ཡུལ་རབ་གཤོང་སྤྱི་ལ་བུ་དང་།དེའི་འགྲམ་དུ་ཐོག་མའི་དགེ་འདུན་བདུན་གྱི་འདུ་ཁང་།(ད་ལྟ་འཇམ་དབྱང་ལྷ་ཁང་དུ་གྲགས་)དུ་རྟེན་གཙོ་འཇམ་དབྱངས་རིམ་བྱོན་གྱི་སྐུ་བརྙན་ཡོད་པ་དང་།ལྷ་ཁང་དེའི་མདུན་ཕྱོགས་སུ་གཞིས་ཀ་སྣེའུ་དཔོན་ནམ་མཁའ་བཟང་ཁུ་དབོན་གྱིས་ཐོག་མའི་སྦྱིན་བདག་མཛད་ནས་བཞེངས་པའི་འདུ་ཁང་དང་།དེའི་དྲི་གཙང་ཁང་གསུམ་ནང་རྟེན་དང་བཅས་ཡོད་པའི་གཙང་ཁང་དབུས་མའི་ནང་དུ་དུས་གསུམ་སངས་རྒྱས་ཀྱི་གསེར་སྐུ་ལ་བྱང་སེམས་ཉེ་བའི་སྲས་བརྒྱད་ཀྱིས་བསྐོར་བ་བཞུགས་པ་དང་།རྗེ་རིན་པོ་ཆེའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་ཐིག་ཚད་མ་དང་།འཇམ་དབྱངས་ཆོས་རྗེའི་སྐུ་བརྙན།ཏྰ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོའི་སྐུ་བརྙན་རྣམས་བཞུགས།ཚོགས་ཆེན་འདུ་ཁང་གི་ཡང་ཐོད་བྱམས་ཁང་རྙིང་ཁར་རྒྱལ་བའི་མི་ཕམ་པ་དགུང་བརྒྱད་པའི་ཚད།སྐུ་རྒྱུ་གསེར་ཟངས་ལས་གྲུབ་པ་ལོངས་སྐུའི་ཆ་ལུགས་ཅན་བཞུགས།དེའི་ནང་རྟེན་དུ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི་དབུ་ལོ་དང་།འཕགས་པ་ཐོག་མེད་ཀྱི་དབུ་ལོ་དང་།སྤྱན་རས་གཟིགས་ཁ་སརྤ་ཎིའི་སྐུ་བརྙན་རྒྱ་གར་མ།མགུལ་དུ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོར་ཀླུའི་རྒྱལ་པོས་ཕུལ་བར་གྲགས་པའི་དུང་དཀར་གཡས་འཁྱིལ་གསུམ་འབྲེལ་རྟེན་འབྲེལ་སྙིང་པོས་བརྒྱན་པ་ངོ་མཚར་ཅན།ཐུགས་ཀར་རྒྱལ་པོ་གཞོན་ནུ་དོན་གྲུབ་ཀྱི་དབུ་རྒྱན་དང་།ཤེལ་སྒ་རིན་ཆེན་སྤུངས་པ་མཁའ་འགྲོ་བྱེ་བ་འབུམ་གྱི་དབུ་སྐྲ་ཉག་མར་རེ་རེ་ལས་གྲུབ་པའི་ཞྭ་ནག་གསེར་གདོང་མ།ཇོ་བོ་ཆེན་པོའི་སྟག་གི་བཞུགས་གདན་སྤོས་ཀྱིས་བགོས་པ།དཔལ་ནཱ་རོ་པའི་གདུགས་དཀར་གསེར་གྱི་ཡུ་བ་ཅན་མར་པ་ལ་བསྩལ་བ།མི་ལ་བཞད་པ་རྡོ་རྗེའི་ཟྭའི་ཁོག་མ།གེ་སར་རྒྱལ་པོའི་འཁོར་གསུམ་སག་ཐག་རྗེ་ཙོང་ཁ་པ་ཆེན་པོའི་ན་བཟའ་ཆ་ཚང་།འཕགས་པ་ཐོགས་མེད་ཀྱི་སྐུ་ཆོས།རྣམ་སྲས་མདུང་དམར་ཅན་གྱི་མདུང་།གཟུངས་ཆེན་སྡེ་ལྔ་ལ་སོགས་པ་གསེར་ཟངས་སྦྱངས་མཚོ་མས་བྲིས་པ་སོགས་ཆོས་སྐུའི་རིང་བསྲེལ་མང་དུ་བཞུགས་པ་བཅས་སྲིད་ཞིའི་དགེ་ལེགས་ཀྱི་དངོས་པོ་ཐམས་ཅད་གཅིག་ཏུ་སྤུངས་པ་འདི་ལ་རྗེ་བདག་ཉིད་ཆེན་པོས་རབ་གནས་མཛད་དེ་སྐྱེ་རྒུ་ཀུན་གྱིས་མཐོང་བ་ཙམ་དུ་གྲོལ་བས་བྱམས་པ་མཐོང་གྲོལ་མ་ཞེས་མཚན་གསོལ།

3.jpg

འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་།

   འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་པ་འདི་ནི་ལྷ་ས་གྲོང་ཁྱེར་གྱི་ཤར་ཕྱོགས་སྤྱི་ལེ་བཞི་བཅུ་འདས་པའི་སྟག་རྩེ་རྫོང་ཁོངས་ཀྱི་འབྲོག་རི་བོ་ཆེ་ཞེས་པའི་གནས་སུ་ཆགས་ཡོད།   འདི་ནི་རྗེ་ཙོང་ཁ་པ་ཆེན་པོས་བོད་རབ་བྱུང་བདུན་པའི་ས་གླང་སྤྱི་ལོ་༡༤༠༩ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གྲོལ་མ་ཐག་སློབ་མ་ཉུང་ཤས་དང་བཅས་གནས་དེར་ཕེབས་ནས་བརྟག་པར་མཛད་པས་གནམ་ས་གང་ལ་དཔྱད་ཀྱང་བཤད་སྒྲུབ་འཆད་ཉན་འཕེལ་བའི་གནས་བཟང་པོར་གཟིགས་ནས་ས་དེར་དགོན་པ་འདེབས་པའི་ལྗཊ་བཀོད་གནང་བ་ལྟར་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་དང་།  འདུལ་འཛིན་གྲགས་པ་རྒྱལ་མཚན་གཉིས་ནས་དགེ་འདུན་ལྔ་བརྒྱ་ཙམ་ཁྲིད་པ་དང་།  དེའི་ཉེ་སྐོར་གྱི་སྐྱ་བཙུན་དང་སྡེ་པ་རྣམས་ཀྱིས་ཀྱང་དང་བ་ཆེན་པོས་ཞབས་འདེཊ་ཞུས་པར་བརྟེན་ལོ་དེ་རང་ལ་གཟིམ་ཁང་གི་ཐོག་དྲངས་བྲང་ཁང་ (གྲྭ་ཤག་) བདུན་ཅུ་ལྷག་ཙམ་རྫོཊ་པར་གྲུབ་ལ་གཞི་བཏིང་བའང་བརྒྱ་ཕྲག་བརྒལ།      བོད་རབ་བྱུང་བདུན་པའི་མེ་བྱ་སྤྱི་ལོ་༡༤༡༧ ལོར་རྗེའི་ལྗགས་བཀོད་བཞིན་ཡངས་པ་ཅན་གྱི་ནང་དུ་གཙང་ཁང་དང་།  མགོན་ཁང་།   ཁྱམས་ཀ་བ་བདུན་ཅུའི་ས།     སྒྲུབ་མཆོད་ཁང་བཅས་གྲུབ། ལྕགས་བྱི་སྤྱི་ལོ་༡༤༢༠ལོར་རྒྱལ་ཚབ་ཆོས་རྗེ་དང་།     འདུལ་འཛིན་གཉིས་ནས་རྗེའི་སྐུ་གདུང་རིན་པོ་ཆེ་ནང་རྟེན་དུ་བཞུཊ་པའི་གསེར་གདུང་ཁང་བཞེངས།  དགོན་པ་འདིར་ཚོཊ་ཆེན་འདུ་ཁང་གཅིག་དང་།   གྲྭ་ཚང་གཉིས།(ཤར་རྩེ་དང་བྱང་རྩེ་)ཁང་ཚན་ཉི་ཤུ་རྩ་གསུམ་དེ་བཞིན་ཡངས་པ་ཅན་དང་།  ལི་མ་ལྷ་ཁང་།   བླ་མ་ལྷ་ཁང་།   ཁྲི་ཐིག་ཁང་།  ལྔ་མཆོད་ཁང་།  བྱང་རྩེའི་གཟིམ་ཁང་།    པར་ཁང་སོགས་ཡོད་ཅིང་དགོན་པའི་དབྱིབས་རི་ལྡེབས་སུ་ཆགས་སྟབས་ཐོག་བརྩེགས་སུ་གནས་ཏེ་རས་གཞི་ཡངས་པ་ལ་པིར་གྱིས་བྲིས་པ་ལྟར་མངོན་ལ་གདན་སའི་མིང་ལ་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེས་ལུང་བསྟན་པ་ལྟར་དགའ་ལྡན་ཞེས་མིང་བཏགས་ཏེ་དགེ་ལུགས་པའི་མ་དགོན་ནམ་གདན་ས་ཆེན་པོ་བཞིའི་ཡ་གྱལ་དུ་གཏོགས།      དགོན་འདིའི་འདུ་ཁང་དང་ལྷ་ཁང་ལ་སོགས་པ་སོ་སོའི་ནང་བཞུཊ་སུ་གསོལ་བའི་སྐུ་གསུང་ཐུགས་རྟེན་སྐོར་མདོ་ཙམ་ཞུས་ན།  ཚོགས་ཆེན་འདུ་ཁང་ནི་དགེ་འདུན་སུམ་སྟོང་ལྷག་ཤོང་བའི་རྒྱ་ཁྱོན་ཆེ་བ་ཞིག་ཡིན་ཞིང་དེའི་ནང་གི་རྟེན་གཅོ་གསེར་ཟངས་ལས་གྲུབ་པའི་ཙོང་ཁ་པའི་སྐུ་བརྙན་ཆེ་བ་དང་།   བྱམས་པའི་གསེར་སྐུ་ཆེ་བ།འདུ་ཁང་ཆེ་མོའི་སྦུག་ཏུ་དགའ་ལྡན་གསེར་ཁྲི་ཞེས་སུ་གྲགས་པ་ཙོང་ཁ་པ་ཆེན་པོའི་བཞུགས་ཁྲི་དང་།གསེར་ཁྲིའི་དབུ་ཐོད་དུ་དགའ་ལྡན་ལྷ་བརྒྱའི་ཞིང་བཀོད།    དེ་བཞིན་མི་དབང་ཕོ་ལྷས་བཞེངས་པའི་གསེར་ཁྲིའི་སྟེང་གི་གསེར་ཟངས་ཀྱི་རྒྱ་ཕིབས་ཆེ་ལེགས་བཟོ་དབྱིབས་ཕུན་སུམ་ཚོགས་པ་དང་།   དེའི་འོག་ཏུ་གསེར་སྦྱངས་བཙོ་མ་འབའ་ཞིག་ལས་བྲིས་པའི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་འཛམ་གླིང་གཡས་བཞག་ཏུ་གྲགས་པ་དེ་ཡོད།  ཡངས་ཅན་གཙུག་ལག་ཁང་ནང་གི་རྟེན་གཙོ་ནི་ཙོང་ཁ་པའི་སྐུ་གདུང་བཞུགས་པའི་གསེར་གདུང་ཡིན།   དེ་ནི་རབ་བྱུང་བདུན་པའི་ས་ཕག་སྤྱི་ལོ་༡༤༡༩ལོར་ཐོག་མར་རྒྱལ་ཚབ་དང་འདུལ་འཛིན་གཉིས་ཀྱིས་རྒྱུ་དངུལ་བྲེ་ཆེན་བཅོ་བརྒྱད་ལྷག་ཙམ་ལ་ཕྲ་རྒྱན་ཕུན་སུམ་ཚོཊ་པ་སྤྲས་ཏེ་རྣམ་རྒྱལ་མཆོད་རྟེན་གྱི་དབྱིབས་སུ་བཞེངས།ཕྱིས་སུ་རབ་བྱུང་བཅུ་གཉིས་པའི་ནང་ཁྲི་ཐོག་ལྔ་བཅུ་པ་བྱ་བྲལ་དགེ་འདུན་ཕུན་ཚོགས་ཀྱིས་དངུལ་གདུང་གི་ཕྱི་ནས་གསེར་སྦྱངས་བརྡུངས་ཀྱིས་བཏུམས་ཏེ་གསེར་གདུང་དུ་བསྒྱུར།དེ་རྗེས་རབ་བྱུང་བཅོ་ལྔ་བའི་ལྕཊ་བྱ་སྤྱི་ལོ་༡༩༢༡ལོའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་དགའ་ལྡན་ཁྲི་ཐོག་དགུ་བཅུ་པ་བྱམས་པ་ཆོས་གྲཊ་བྱ་བ་གཙོ་བོར་བསྐོ་འཛུགས་མཛད་དེ་གསེར་གདུང་ཉམས་གསོ་མཛད་པས་སྔར་ལས་ལྷག་པའི་བཟོ་བཀོད་ཕུན་སུམ་ཚོགས་པར་གྱུར།    གསེར་གདུང་གི་གཡས་གཡོན་དུ་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་རྗེ་སོགས་འཇམ་དབྱངས་གཙང་པ་བདུན་བརྒྱུད་ལ་སོཊ་པའི་གདུང་རྟེན་དང་།   རྗེ་རང་གི་ཐུགས་དམ་གྱི་རྟེན་བྱིན་ཅན་སྐུ་རྒྱ་གར་མ་རྒྱ་ནག་མ་གཉིས་བཅས་བཞུགས་ཡོད་ལ་གསེར་གདུང་ཁང་ནང་དུ་གསང་འདུས་མི་བསྐྱོད་པ་དང་།    འཕགས་པའི་གནས་བརྟན་བཅུ་དྲུག    རྒྱལ་ཆེན་བཞི་དང་བཅས་པའི་སེའུ་ཐང་(དགའ་ལྡན་སེའུ་ཐང་)སྐུ་ངོ་མཚར་ཅན་བཞུགས།  དེ་རྣམས་ནི་རྒྱ་ནག་གོང་མ་ཏཱ་མིང་གི་སྲས་ཟོན་ཏི་ཡིས་རང་གི་ཏི་ཤི་སེ་ར་བྱམས་ཆེན་ཆོས་རྗེའི་་སློབ་མ་ཨ་མོ་གྷ་དང་བསོད་ནམས་ཤེས་རབ་གཉིས་ལ་ཕུལ་བ་དང་ཁོང་རྣམ་གཉིས་ཀྱིས་གསེར་གདུང་ཁང་ལ་ཕུལ་བ་ཡིན།


རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།