སློབ་མ་སྣོད་རུང་དུ་བྱ་བའི་གདམ་ངག

དང་པོ།  རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
      རྗེ་པོ་ཏོ་བ་རིན་ཆེན་གསལ་༼   ༡༠༢༧ — ༡༡༠༥ ༽   ནི་དབུས་ཀྱི་འཕན་པོ་རུ་སྐུ་འཁྲུངས་ཤིང་།   འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལས་གདམ་ངག་ཞུས།   བཀའ་གདམས་གཞུང་དྲུག་གི་འཆད་ཉན་མཛད་དེ་བཀའ་གདམས་པའི་སྲོལ་བཏོད།   པོ་ཏོ་དགོན་པ་བཏབ་པས་དགེ་བཤེས་པོ་ཏོ་བ་ཞེས་གྲགས།   གསུང་རྩོམ་ལ《བེའུ་བུམ་སྔོན་པོ》དང《དཔེ་ཆོས་རིན་ཆེན་སྤུངས་པ》སོགས་བཞུགས།
 གཉིས་པ།   མདོར་བསྟན་པ། 
        ད་ནི་སྐབས་འདིར་སློབ་མ་སྣོད་དུ་རུང་བར་བྱ་བའི་གདམ་ངག་ཟུར་ཙམ་གཅིག་བཤད་ན།   ཤེས་བྱ་ལ་གང་ལ་ཉན་བཤད་བྱེད་པའི་སྔོན་དུ།  ཉན་པ་པོའི་སྣོད་ཀྱི་སྐྱོན་གསུམ།   དྲི་མ་དྲུག   མི་འཛིན་པའི་སྐྱོན་ལྔ་སྤངས་ཏེ།   བསམ་པ་དད་གུས་དང་ལྡན་པས།   སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པར་བྱས་ལ་ཉན་དགོས་གསུངས།
 གསུམ་པ།   སྣོད་ཀྱི་སྐྱོན་གསུམ་བཤད་པ།
      དེ་ལ་དང་པོ་ཉན་པ་པོའི་སྣོད་ཀྱི་སྐྱོན་གསུམ་སྤང་བ་ནི།   སྣོད་ཁ་སྦུབ་པ་ལྟ་བུ་དང་།   སྣོད་ཞབས་རྡོལ་ལྟ་བུ་དང་།   སྣོད་དྲི་མ་ཅན་ལྟ་བུ་དང་གསུམ་ལས། 
༡. སྣོད་ཁ་སྦུབ་ལྟ་བུའི་སྐྱོན་བཤད་པ།
      དང་པོ་སྣོད་ཁ་སྦུབ་པ་ལྟ་བུའི་སྐྱོན་སྤང་བ་ནི།  དཔེར་ན།   སྣོད་ཁ་སྦུབ་ཀྱི་སྟེང་ན་མར་ཆུ་ལ་སོགས་པ་ཇི་སྙེད་བླུགས་ཀྱང་ནང་དུ་ཡེ་མི་ཡོང་བ་ལྟར།  འོ་སྐོལ་དང་པོ་སློབ་ཁྲིད་ཉན་ཙམ་ན།   གཉིད་དང་རྨུགས་པར་སོང་བའི་ཤེས་པ་གཞན་དུ་ཡེངས་པས་སློབ་ཁྲིད་ལ་ཉན་ཡང་།   སེམས་ལ་གོ་བ་ཡེ་མི་ཡོང་བས།   དེས་ན་སློབ་ཁྲིད་ཉན་པའི་ཚེ།   དཔེར་ན།   སྣོད་ཁ་བསློགས་ནས་ཆུ་ལ་སོགས་པ་བླུགས་པ་བཞིན་དུ།   གཉིད་རྨུགས་པ་ལ་སོགས་པའི་སྐྱོན་དེ་དག་སྤངས་ལ།   ཤེས་པ་མ་ཡེངས་པར་སིང་ངེ་བྱས་ལ་ཉན་འཚལ།  
༢. སྣོད་ཞབས་རྡོལ་ལྟ་བུའི་སྐྱོན་བཤད་པ།
      སྣོད་ཞབས་རྡོལ་བ་ལྟ་བུའི་སྐྱོན་སྤང་བ་ནི།    དཔེར་ན།    སྣོད་ཞབས་རྡོལ་ཞིག་ཏུ།    ཅི་བླུགས་ཀྱང་འཕྲལ་དུ་ཟགས་ནས།   ནང་དུ་ཡེ་མི་ཆགས་པ་ལྟར།   འོ་སྐོལ་སློབ་ཁྲིད་ཉན་པའི་དུས་ན་བག་རེ་གོ་ཡང་།   དེ་ནས་དྲན་པས་མ་བསྐྱངས་ན།   དེ་མ་ཐག་བརྗེད་ནས་བློ་ལ་ཡེ་མི་ཆགས་པས།   དེས་ན་ཤེས་བྱ་བག་རེ་གོ་བ་དེ།   དཔེར་ན།   སྣོད་ཞབས་རྡོལ་ལ་ཟགས་ལྷན་བྱེད་པ་ལྟར།    དྲན་པས་གཟུངས་སུ་བཟུང་ཡད་ཡུད་ལ་མི་གཏོང་བར་བསམ་མནོས་ཡང་དང་ཡང་དུ་བསྐྱང་འཚལ།
 ༣. སྣོད་དྲི་མ་ཅན་ལྟ་བུ་སྐྱོན་བཤད་པ།
      སྣོད་དྲི་མ་ཅན་ལྟ་བུའི་སྐྱོན་སྤང་བ་ནི།   དཔེར་ན།    སྣོད་དྲི་མ་ཅན་ནམ་དུག་ཅན་གྱི་ནང་དུ།     བཟའ་རྒྱུ་ཅི་བླུགས་ཀྱང་ལོངས་སྤྱད་དུ་མི་བཏུབ་པ་ལྟར།   འོ་སྐོལ་དང་པོ་ཤེས་བྱ་ལ་ཐོས་བསམ་བྱེད་ཙམ་་ན་ཤེས་ལོའི་གྲགས་པ་འདོད་ན་ཐོས་བསམ་བྱེད་པ་དང་།   མི་མང་པོ་ཚོགས་པའི་སར་གཞན་གྱི་ཁ་རྒོད་གཅོག་པར་འདོད་ནས་ཐོས་བསམ་བྱེད་པ།    རྒྱལ་ཁམས་སུ་རྙེད་བཀུར་བཙལ་སྙམ་ནས་ཐོས་བསམ་བྱེད་པ་དང་།   གཞན་ཡང་འགྲན་སེམས་དང་།   ཕྲག་དོག་དང་།   ཆེ་ཆུང་མ་བཟོད་ནས་ཐོས་བསམ་བྱེད་པ་དེ་རྣམས་ཐོས་པ་དྲི་མ་ཅན་བྱ་བ་ཡིན་ཏེ།   དེས་རང་གཞན་གཉིས་ཀ་ལ་ཕན་མི་ཐོགས་པས།   དེས་ན་ཐོས་བསམ་གང་བྱེད་ཀྱང་།   དཔེར་ན་སྣོད་ཀྱི་དྲི་མ་བཀྲུས་ནས་བཟའ་རྒྱུ་གཡོ་བ་བཞིན་དུ།   སྐྱོན་དེ་རྣམས་སྤངས་ལ་བསམ་པ་དད་གུས་དང་ལྡན་པས་ཤེས་བྱ་ཉན་འཚལ།  
བཞི་བ།   དྲི་མ་དྲུག་བཤད་པ།
      གཞན་ཡང་སློབ་ཁྲིད་ཉན་པའི་ཚེ།    དྲི་མ་དྲུག་སྤང་བ་ནི།  
ང་རྒྱལ་དང་ནི་མ་དད་དང་།  །
དོན་དུ་མ་གཉེར་་བ་ཉིད་དང་།  །
ཕྱི་རོལ་རྣམ་གཡེང་ཡིད་བསྡུས་དང་།  །
སྐྱོ་བས་ཉན་པ་དྲི་མ་ཡིན།  །  ཞེས་གསུངས་པས།
 ༡. ང་རྒྱལ།
      དང་པོ་ང་རྒྱལ་ནི།   ད་རེས་སློབ་ཁྲིད་འདི།   ཉན་དུ་མ་འདོད་པ་ལས་སློབ་དཔོན་འདི་བས་རིགས་ནི་ང་རང་བཟང་།   ཤེས་བྱ་ནི་ང་རང་མཁས་སྙམ་པའི་ང་རྒྱལ་གྱིས་མཉན་དུ་མི་རུང་།
༢. མ་དད་པ།
      གཉིས་པ་མ་དད་པ་ནི།   ཤེས་བྱ་དང་དགེ་རྒན་གྱི་སྐྱོན་ལ་རྟོག་པ་སྟེ།   ཤེས་བྱ་དང་དགེ་རྒན་གྱི་སྐྱོན་ལ་རྟོག་པར་སོང་ན།    ཕྱིར་ལ་ཁེ་བས་ཉེན་ཆེ།  རང་གིས་ཤེས་བྱ་དང་དགེ་རྒན་གྱི་སྐྱོན་ལ་བརྟག་ཏུ་མི་རུང་བ་དག་ཨ་ཅང་ཆེས་ཏེ།   གཞན་གྱིས་དགེ་རྒན་གྱི་སྐྱོན་བརྗོད་པ་ལ་ཡང་དེ་སྐད་མི་གསུང་བར་ཞུ།    དགེ་རྒན་དངོས་ལགས་བྱས་ལ་བཟློག   དེ་ལ་མི་ཉན་པར་ད་རུང་ཟེར་ན།  རང་རེ་གཞན་དུ་ལངས་ལ་འགྲོ    ལངས་ནས་མ་ཕྱིན་པར་དགེ་རྒན་གྱི་སྐྱོན་བརྗོད་པ་ལ་ཉན་ཅིང་བསྡདན་དམ་ཚིག་ཉམས་པ་ཡིན་གསུངས།

 ༣. དོན་དུ་མི་གཉེར་བ།
      གསུམ་པ་དོན་དུ་མི་གཉེར་བ་ནི།  ཤེས་བྱ་ལ་ཡིད་མི་འཇུག་ཅིང་།    ཤེས་བྱ་ཆག་ཀྱང་སྙམ་སྙོམ་མི་བྱེད་པ་ལ་ཟེར་བ་ཡིན་ཏེ།   ཤེས་བྱ་ལ་གལ་ཆུང་ཞིང་དོན་དུ་མི་གཉེར་བ་དེ་སྤངས་ལ།  ཤེས་བྱ་འདི་ཤིན་ཏུ་གལ་ཆེ་ཞིང་།   མེད་དུ་མི་རུང་བའི་སེམས་ཀྱིས་ཉན་གསུངས།
 ༤. རྣམ་གཡེང་།
      བཞི་བ་ཕྱི་རོལ་གྱི་རྣམ་པ་ལ་གཡེང་བ་ནི།    མིག་གཟུགས་སྣང་ལ་ཡེངས་པ་དང་།   རྣ་བ་སྒྲ་ལ་ཡེངས་པ་ན།   སེམས་ཀྱང་དེའི་རྗེས་སུ་ཡེངས་ནས་འགྲོ་བས།   མིག་དང་རྣ་བ་གཟུགས་སྒྲ་ལ་མ་ཡེངས་པར་བྱེད་དགོས།   མིག་དང་རྣ་བ་མ་ཡེངས་ཀྱང་།    སེམས་རང་གི་ཁྱིམ་གྱི་བྱ་བ་ལ་སོགས་པ་ལ་ཡེངས་ན་ཐུ་བ་ཡིན་པས།    དྲན་པས་ཡང་དང་ཡང་དུ་བཟློག་པས་ཕྱིས་མི་ཡེངས་པ་ལ་ཕན་གསུངས། 
༥. ཡིད་བསྡུས་པ།
     ལྔ་བ་ཡིད་བསྡུས་པ་ནི།   སློབ་ཁྲིད་ཉན་པའི་དུས་ཏིང་ངེ་འཛིན་སྒོམ་པ་དང་།    གཉིད་དང་།  རྨུགས་པ་ལ་ཟེར་བས།   དེ་དག་སྤངས་ལ་ཤེས་པ་སིང་ངེ་ཡེར་རེ་ཉན་གསུངས།
 ༦. སྐྱོ་བས་ཉན་པ།
      དྲུག་པ་སྐྱོ་བ་ནི།   སློབ་ཁྲིད་ཉན་པའི་ཚེ་ཧ་ཅང་སློབ་ཐུན་ཆེས་པས་སྐྱོ་བ་དང་།   མ་གོ་བས་སྐྱོ་བར་གྱུར་ཏེ།  ཨ་ཀ   ད་འཕྲོ་བཅད་ན་རུང་སྟེ་སྙམ་ན་ཡང་སློབ་ཁྲིད་ཉན་པའི་དྲི་མ་ཡིན་པས།   འོ་སྐོལ་ལ་ད་ལྟ་ཤེས་བྱ་ཟབ་ལ་རྒྱ་ཆེ་བ་ལ་དཀའ་བ་མེད་པར་ཐོས་པ་བྱ་རུ་ཡོད་པ་འདི།    ཨ་རེ་དགའ་སྙམ་དུ་བསམས་ལ།   ཤེས་བྱ་ཉིན་མཚན་བར་མ་ཆད་དུ་གསུང་ཡང་།   དགའ་བ་དང་སྤྲོ་བས་ཉན་འཚལ།
 ལྔ་བ།   མི་འཛིན་པའི་སྐྱོན་ལྔ་བཤད་པ།
     གཞན་ཡང་ཉན་པོ་བ་རྣམས་ལ་ཤེས་བྱ་མི་འཛིན་པའི་སྐྱོན་ལྔ་བྱ་བ་ཡོད་དེ།   དེ་གང་ཡིན་ཞེ་ན།   ཚིག་མི་འཛིན་པ་དང་།   དོན་མི་འཛིན་པ་དང་།   བརྡ་འཕྲོད་པར་འཛིན་པ་དང་།   ལོག་པར་འཛིན་པ་དང་།   མ་ལུས་པར་མི་འཛིན་པའོ།  །
 ༡. ཚིག་མི་འཛིན་པ།
     དང་པོ་ཚིག་མི་འཛིན་པ་ནི།   ཚིག་འདྲ་བ་ཇི་ཙུག་བཏགས་ཀྱང་ཆོག་ཟེར་ནས་གསུང་སྒྲོས་ལ་ནན་ཏན་མི་བྱེད་པར་དོན་གཅིག་པུ་ལ་ནན་ཏན་བྱེད་དེ།   ཚིག་ནོར་ན་དོན་ཡང་ནོར་ནས་འགྲོ་ལ།   དང་པོ་ཚིག་མ་ནོར་བ་རེ་བཟུང་ནས་བསམས་ན་དོན་མ་ནོར་བ་ཞིག་སྐྱེ་བ་ཡིན་གསུངས།
༢. དོན་མི་འཛིན་པ།
     གཉིས་པ་དོན་མི་འཛིན་པ་ནི།    ཚིག་གཅིག་པུ་ལ་ནན་ཏན་བྱེད་ལ།   དོན་ལ་ནན་ཏན་མི་བྱེད་ཙམ་ན།   ཤེས་བྱ་མང་པོ་བློ་ལ་ཟིན་ཀྱང་།   ནེ་ཙོའི་ཁ་འདོན་དུ་འགྲོ་གསུངས།
 ༣. བརྡ་འཕྲོད་པར་འཛིན་པ།
      གསུམ་པ་བརྡ་འཕྲོད་པར་འཛིན་པ་ནི།    ཤེས་བྱ་དེའི་དགོས་དོན་དང་།   བསྡུས་དོན་དང་།   ཚིག་དོན་གང་ཡིན་ཆ་མེད་པར་འཛིན་པ་ལ་ཟེར་ཏེ།   དེའི་ཤེས་བྱས་རང་གཞན་ལ་ཕན་མི་ཐོགས་གསུངས།
 ༤. ལོག་པར་འཛིན་པ།
      བཞི་བ་ལོག་པར་འཛིན་པ་ནི།   དགེ་རྒན་གྱིས་དྲང་པོར་བཤད་ཀྱང་།   ཆོས་ན་མར་དེ་སྐད་བྱ་བ་མེད་ཟེར་ནས་ལོག་པར་འཛིན་པ་སྟེ།   འདི་ཀ་སྐྱོན་ཆེ་གསུངས།
 ༥. མ་ལུས་པར་མི་འཛིན་པ།
     ལྔ་བ་མ་ལུས་པར་མི་འཛིན་པ་ནི།   གལ་ཆེ་ཆེ་འཛིན།  ཆུང་ཆུང་མི་འཛིན་པ་སྟེ།   དེ་ལྟར་བྱས་ན་ཤེས་བྱ་མགོ་མེད་གཞུག་མེད་དུ་སོང་ནས་ཕྱིས་གཞན་ལ་ཕན་མི་ཐོགས།   འདི་འོ་སྐོལ་རྣམས་ལ་འབྱུང་བས།   དང་པོ་ཉན་པའི་དུས་ན་རང་གི་བློས་འཆུན་ཚད་ཀྱིས་ཐར་ཆགས་སུ་འཛིན་དགོས་གསུངས།    དེ་ལྟར་སློབ་ཁྲིད་ཉན་པའི་དྲི་མ་དེ་དག་སྤངས་ལ་བསམ་པ་དད་གུས་དང་ལྡན་པས་སློབ་ཁྲིད་མཉན་འཚལ།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།