རོང་བོ་དགོན་པའི་ཆོ་འཕྲུལ་སྨོན་ལམ་མཚམས་སྦྱོར།

1.jpg

    སྔོན་སྟོན་པ་ཤཱཀྱ་ཐུབ་པས་ཟླ་བ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་དུས་ཚོད་ནང་མུ་སྟེགས་ཀྱི་སྟོན་པ་དྲུག་ཆོ་འཕྲུལ་སྣ་ཚོགས་ལ་བརྟེན་ནས་ཚར་བཅད་པའི་རྗེས་དྲན་དུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུ་ཆོ་འཕྲུལ་ཆེན་མོའི་དུས་ཆེན་བཙུགས་པས་ཡུལ་གྲུ་ཀུན་ཏུ་དུས་བདེ་ཞི་འཇགས་དང་། ལོ་ལེགས་བཀྲ་ཤིས་བྱུང་བ་ཡིན་ལ།  བོད་དུའང་འཇམ་དབྱངས་ཁ་ཆེས། ས་སྐྱོང་རྗེ་བློན་རྣམས་ཀྱིས་གསོལ་བཏབ་ནས།། ཐར་འདོད་འགྲོ་བ་འབུམ་ཕྲག་དུ་མ་དང་།། ལྷ་སར་རླབས་ཆེན་སྨོན་ལམ་མཛད་པ་ཡིས།།  བོད་ཁམས་བདེ་ལ་བཀོད་པའི་ཙོང་ཁ་པ།། ཞེས་གསུངས་པ་ལྟར་རྗེ་ཙོང་ཁ་པ་ཆེན་པོས་སྤྱི་ལོ1408ལོར་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་ཁྱམས་ར་ལྡེབས་བྲིས་སོགས་ཕྱི་ནང་རྟེན་དང་བརྟེན་པ་བཅས་པ་ཉམས་གསོ་རྒྱས་པར་གནང་བའི་ཕྱི་ལོ་སྟེ་སྤྱི་ལོ1409ལོའི་ཧོར་ཟླ་དང་པོར་ཇོ་བོ་ཤཱཀྱ་མུ་ནེར་གསེར་སྦྱངས་ཀྱི་དབུ་རྒྱན་ཕུལ་བས་མཚོན་རྟེན་མཆོག་རྣམས་ཀྱི་སྤྱན་སྔར་མཆོད་སྤྲིན་དང་།ལྷ་ལྡན་གཙུག་ལག་ཁང་དུ་དགེ་འདུན་པ་སྟོང་ཕྲག་འགའ་ཞིག་བཞུགས་པའི་སེར་ཚོགས་ཆེན་མོ་སྐོང་ཚོགས་ཀྱིས་ཆོ་འཕྲུལ་ཆེན་པོའི་དུས་ཀྱི་མཆོད་པ་གསར་འཛུགས་མཛད་པ་ལས། རིམ་བཞིན་འཕེལ་རྒྱས་སུ་སོང་ནས་ལོ་ལྟར་ལྷ་སའི་སྨོན་ལམ་ཆེན་མོ་ཞེས་པའི་དུས་མཆོད་ཀྱི་སྲོལ་ཚུགས་པ་རེད།  དེའི་རྗེས་སུ་འབྲངས་ནས་སྟོད་མངའ་རིས་ནས་སྨད་རྒྱ་ནག་དང་།དབུས་གཙང་ཁམས་གསུམ་གྱི་དགོན་གནས་ཐམས་ཅད་དུ་ཆོ་འཕྲུལ་སྨོན་ལམ་གྱི་ཕྱག་ལེན་ཚུགས་པ་དར་ཞིང་རྒྱས་པ་བྱུང་ལ། ཁྱད་པར་དུ་བདག་ཅག་རྣམས་ལ་དུས་གསུམ་རྒྱལ་བ་ཐམས་ཅད་ལས་ཀྱང་བཀའ་དྲིན་ལྷག་པ་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་རླབས་ཆེན་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུས་སྐྱབས་མགོན་སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་རྒྱ་མཚོ་དགུང་ལོ་ང་ལྔ་བཞེས་པའི་སྤྱི་ལོ1723ལོར་ནང་སོ་ངག་དབང་བློ་བཟང་དང་བཀའ་གྲོས་མཛད་དེ་སྒྲུབ་སྡེ་དང་དགོན་མ་ལག་ལྷན་ཅིག་ཏུ་འཚོགས་ནས་རོང་བོ་དཔལ་གྱི་དགོན་ཆེན་དུ་བཤད་སྒྲུབ་ཀྱི་སྡེ་ཐམས་ཅད་འདུ་བའི་སྨོན་ལམ་གྱི་སྲོལ་གསར་དུ་བཙུགས་ནས།  དགུང་ལོ་གྱ་གཅིག་བཞེས་པའི་སྔགས་འཆང་འཇམ་དབྱངས་བློ་གྲོས་སྨོན་ལམ་གྱི་མགོན་དུ་ཞུས།  རྗེ་དེ་ཉིད་ཀྱིས་སྨོན་ལམ་གྱི་མཆོད་རྫས་དང་།བྱམས་པ་གླིང་སྐོར་གྱི་གདུགས་དང་རྒྱལ་མཚན་སོགས་གནང་ལ་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ཚོགས་འདོན་དུ་བཙུགས་པ་ཡིན། དེ་ལྟར་རོང་བོ་བདེ་ཆེན་ཆོས་འཁོར་གླིང་དུ་ཡང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སྦྱོར་དངོས་རྗེས་གསུམ་གྱི་ཕྱག་ལེན་རྣམ་པར་དག་པ་ཚུགས་པ་ནས་ད་ལྟའི་བར་ལོ་རེ་བཞིན་གོང་ནས་གོང་འཕེལ་དུ་འགྲོ་བཞིན་པ་མཐོང་ཐོས་ཀྱི་སྤྱོད་ཡུལ་དུ་གྱུར་བ་འདི་ག་ཡིན་ནོ།

2.jpg  

  རོང་བོ་དགོན་ཆེན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ།

   ཧོར་ཟླ་དང་པོའི་ཚེས་བཅུ་གཅིག་ནས་བཅུ་དྲུག་ཉིན་བར་རེབ་གོང་སྟོད་སྨད་ཀྱི་དགོན་མ་ལག་དང་བཅས་པའི་ཡོངས་སུ་རྫོགས་པ་རོང་བོ་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་ཆེན་མོའི་ནང་དུ་འཛོམས་ནས་ཚོགས་ཆོས་འདོན་དགོས།  རོང་འབྲོག་གི་དད་ལྡན་ལྷ་འབངས་ཁྲི་ཕྲག་མང་བོས་ཚེས་བཅུ་གཅིག་ནས་བཅུ་གསུམ་གྱི་བར་རྟེན་མཇལ་གནང་བ་དང་། ཚེས་བཅུ་བཞི་ཉིན་གོས་སྐུ་མཐོང་བ་ཀུན་གྲོལ་ལ་མཇལ་བ། ཚེས་བཅོ་ལྔ་ཉིན་བྱམས་པ་གླིང་སྐོར་ལ་མཇལ་བ།ཚེས་བཅུ་དྲུག་ཉིན་གར་འཆམ་ལ་མཇལ་བའི་མཐར་སྨོན་ལམ་གྱི་མཇུག་རྫོགས་པ་ཡིན།  དུས་བཟང་འདི་ལ་རོང་འབྲོག་གི་སྐྱེས་ཕོ་མོ་རྒན་དར་གཞོན་གསུམ་གྱིས་དད་གུས་ཀྱིས་ཕྱག་མཆོད་བསྐོར་གསུམ་བྱེད་ཐུབ་པ་བྱུང་ན་ལོ་གཅིག་གི་མིའི་ན་ཚ་དང་། ཕྱུགས་ཀྱི་གོད་ཁ་སེལ་ནས།  མི་ནོར་ཟས་གསུམ་འཛོམས་པ་དང་། བདེ་སྐྱིད་དཔལ་གསུམ་ལྡན་པའི་ཡིད་ཆེས་ཀྱིས་ཁེངས་ཡོད།
        གོས་སྐུ།

5.jpg  

རོང་བོ་དགོན་པའི་གོས་སྐུ་ཆེན་མོ་ནི་སྤྱི་ལོ1982ལོ་སྟེ་བསྟན་པ་ཡང་དར་གྱི་དབུ་བཪྙེས་ནས་རྡོ་རྗེ་འཆང་རྫོང་ཆུང་སྐུ་ཕྲེང་དྲུག་པ་མཁས་བཙུན་ལུང་རིགས་རྒྱ་མཚོ་དང་ཁ་སོ་བློ་བཟང་འཇིགས་མེད་འཕྲིན་ལས་རྣམ་པའི་སྐུ་དྲིན་ལ་བརྟེན་ནས་གཉན་ཐོག་ལྷ་བཟོ་འཇིགས་མེད་སྐར་མདའ་དང་ཁོང་གི་སྲས་དཔལ་མགོན་སོགས་གཉན་ཐོག་ལྷ་རིས་པ་ཉི་ཤུ་ལྷག་གིས་གསར་དུ་བཞེངས། ཐང་ཀ་འདིའི་དབུས་སུ་བཞུགས་པའི་གཙོ་སྐུ་ནི་སྟོན་པ་ཐུབ་པའི་དབང་བོ་ཡིན། ཐུབ་དབང་གི་མཐའ་སྐོར་དུ་འཕགས་མཆོག་སྤྱན་རས་གཟིགས་དང་། སྒྲོལ་ལྗང་། འཇམ་དབྱངས་དམར་སེར། ཁྲོ་བོ་མི་གཡོ་བ། རྗེ་བཙུན་བྱམས་པ་མགོན་པོ།  གྲུབ་ཆེན་སྐལ་ལྡན་རྒྱ་མཚོ། རྗེ་ཙོང་ཁ་པ།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། གྲུབ་ཆེན་ཆོས་པ་རིན་པོ་ཆེ། མཁན་ཆེན་དགེ་འདུན་རྒྱ་མཚོ། སྐྱབས་མགོན་བདུན་པ་ཆེན་པོ་བཅས་དང་། འོག་ཕྱོགས་སུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། མགོན་པོ་ཕྱག་དྲུག་པ། རྡོ་རྗེ་གུར། ཆོས་རྒྱལ། ལྷ་མོ་དམག་ཟོར་རྒྱལ་མོ་བཅས་ཀྱི་སྐུ་འདྲ་བཞུགས་པའི་གོས་སྐུའི་མེ་ལོང་གོང་གཤམ་བཅས་བསྡོམས་པས་སྲིད་ལ་ཁྲུ་ཙེ་ལྔ་བཅུ་ང་བདུན་དང་། ཞེང་ལ་ཁྲུ་ཙེ་བདུན་ཅུ་དོན་བཞི་ཡོད་པ་དེ་ནི་རི་མོ་ཤོག་བུར་བྲིས་པ་བརྒྱུད་ནས་རྒྱུ་རིན་པོ་ཆེའི་གོས་ཆེན་སྣ་ཚོགས་ཀྱིས་དྲས་དྲུབ་ཚོས་བསྒྲིགས་ཀྱིས་སམ། དྲས་པ་སྤྱིན་གྱིས་སྦྱོར་བ་དང་འཚེམ་པ། དྲོད་ངར་གྱི་དབུར་ཏིས་གླན་པ། ཞིབ་ཚགས་ཤིང་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པར་བྱས་ཏེ་བཞེངས་པའི་གོས་དྲུབ་ཀྱི་ཐང་ག་ཆེན་པོ་ཞིག་ཡིན་ནོ།།

   རྒྱ་ལོའི་ཚེས14ཡི་ཉིན་མོར་གོས་སྐུ་བཤམས་པ་འདིས་ཅི་མཚོན་ཞེ་ན། སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་དངོས་སུ་རེབ་གོང་རིག་པ་འབྱུང་བའི་ཞིང་ཁམས་འདིར་ལོ་གཅིག་གི་ནང་དུ་ཐེངས་གཅིག་བྱོན་ནས་ཞལ་གྱིས་གཟིགས་ཤིང་བྱིན་གྱིས་བརླབས་པ་ལྟ་བུའི་དད་མོས་ཀྱིས་རོང་བོ་དགོན་ཆེན་གྲྭ་ས་གསུམ་གྱི་བླ་སྤྲུལ་དང་གྲྭ་བཙུན་ལྷན་རྒྱས་ཀྱིས་སེར་སྦྲེངས་དང་བཅས་ཏེ་མཆོད་འབུལ་དང་། དད་ལྡན་མང་ཚོགས་རྣམས་ཀྱིས་འདུ་ལོང་ལ་བསམས་ན་དངོས་གནས་སྨྲ་མི་ཤེས་ཤིང་བརྗོད་ལས་འདས་པའི་སྤྲོ་སྣང་གིས་རབ་ཏུ་ཁེངས་ཡོད།

6.jpg


   བྱམས་པ་གླིང་སྐོར།
    མ་འོངས་བསྐལ་བཟང་རྣམ་འདྲེན་ལྔ་བ་རྒྱལ་བ་བྱམས་པ་མགོན་པོའི་བསྟན་པ་འཆར་རྒྱུའི་རྟེན་འབྲེལ་སླད་ལྷ་སའི་གཙུག་ལག་ཁང་གི་མཆོད་ཁང་ལྷ་མོའི་རྟེན་གཙོ་བྱམས་མགོན་སྐུ་བརྙན་ཤིང་རྟ་འཁོར་ལོའི་ནང་དུ་བཞུགས་སུ་གསོལ་ནས་སྟེང་དུ་གདུགས་དང་གཡས་གཡོན་དུ་རྒྱལ་མཚན་ཕྱེ་ཕུར་སོགས་ཀྱིས་བརྒྱན་ཏེ་དུང་དང་རྒྱ་གླིང་གི་སྒྲ་སྙན་པར་འཁྲོལ་བའི་ཁྲོད་དུ་སེར་སྦྲེངས་དང་བཅས་བར་སྐོར་དུ་གདན་འདྲེན་པ་ལ་ཟེར་ཞིང་། དེ་ནི་རྣམ་འདྲེན་བཞི་བ་ཤཱཀྱ་ཐུབ་པའི་བསྟན་པ་རྫོགས་རྗེས་སྐལ་ངན་ཚེ་ལོ་བཅུ་བའི་བསྟན་པ་འཆར་རྒྱུ་ལྡོག་ཐབས་སུ་རྗེ་བླ་མ་ཙོང་ཁ་པ་ཆེན་པོས་རྟགས་དང་རྟེན་འབྲེལ་གྱི་ཆེད་དུ་སྲོལ་བཏོད་མཛད་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན་ལ། ད་ལྟ་སྐུ་བརྙན་སྤྱན་འདྲེན་པ་དང་དེ་ལ་ཕྱག་མཆོད་སྨོན་ལམ་འདེབས་པ་སོགས་ཚུལ་བཞིན་བྱས་ན་དོན་དེ་འགྲུབ་པའི་དགོས་པ་ཡོད་པས།  རེབ་གོང་གི་ཡུལ་དུའང་ཧོར་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་མོར་ཚོགས་ཆེན་འདུ་ཁང་ཆེན་མོར་བཞུགས་པའི་རྒྱུ་ཙན་དན་དཀར་པོ་ལས་གྲུབ་པའི་རྒྱལ་བ་བྱམས་པ་མགོན་པོའི་སྐུ་བརྙན་གྱི་མདུན་དུ་མཆོད་པ་རྣམ་གྲངས་གྱ་ནོམ་པ་བཤམས། དགེ་འདུན་པ་རྣམས་གྲལ་དུ་འཁོད། ཐམས་ཅད་དུ་ནི་ས་གཞི་དག་ཅེས་པའི་སྒོ་ནས་ས་གཞི་བྱིན་གྱིས་བརླབས། གང་འདིར་བཅོམ་ལྡན་འདས་སོགས་ཀྱིས་སྤྱན་འདྲེན་ཁྲུས་གསོལ་དང་། རོལ་མོ་དང་བཅས་མཆོད་པའི་སྤྲིན་གཟུངས།  བྱམས་པའི་ཕྱག་མཆོད། བྱམས་པས་དམ་བཅས་པའི་གཟུངས་བཅས་འདོན། དེ་ནས་ཐམས་ཅད་ཡར་བཞེངས་ཏེ་གདན་འདྲེན་པའི་འདོ་ལིའམ་འཕང་མཐོ་བའི་ཤིང་རྟའི་འཁོར་ལོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱས་པའི་ནང་དུ་སྐུ་བརྙན་བཞུགས་སུ་གསོལ་ནས་ཆུ་ཚོད་གཅིག་ཡས་མས་སུ་སེར་སྦྲེངས་དང་བཅས་ལམ་དུ་ཆས།  སྤོས་དང་མཆོད་རོལ་གྱིས་སྣེ་དྲངས་ཏེ། ཇི་སྐད་དུ།  བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་བསྲེགས།། ཡེ་ཤེས་འོད་ཀྱིས་མ་རིག་མུན་པ་སེལ།།  ཆོས་ཀྱི་རྒྱལ་ཚབ་འགྲོ་བའི་དོན་མཛད་པ།།  དགའ་ལྡན་བཞུགས་པ་དེ་ལ་ཕྱག་འཚལ་ལོ།།  ཡིད་དགའ་ཆོས་འཛིན་རྒྱལ་མཚན་མཐོན་པོ་ནས།།  མ་ཐོགས་རིངས་པར་འཛམ་བུའི་གླིང་མཆོག་ཏུ།། འབྱོན་པའི་བཞུགས་སྟངས་དགྱེས་རོལ་བྱམས་པ་མགོན།། སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ།།  སོགས་ཀྱི་ཚིག་དབྱངས་དང་བཅས་རྟ་མགྲིན་ལྷ་ཁང་བགེགས་དཔུང་ཟིལ་གནོན་གྱི་མདུན་ནས་རིག་གནས་ཐང་ཆེན་གྱི་སྒྲོལ་ལྗང་ལི་སྐུར་བསྐོར་ཏེ་དོན་ཡོད་ཞགས་པའི་ལྷ་ཁང་གི་འོག་བརྒྱུད་ནས་གདན་འདྲེན་པའི་སྐབས་སུ་རེབ་གོང་ཕྱི་ནང་གི་མཇལ་བ་ཁྲི་ཕྲག་མང་པོ་གཞུང་ལམ་གྱི་གཡས་གཡོན་དུ་ཕྲེང་བསྒྲིགས་ཏེ་ལག་ཏུ་བདུག་སྤོས་དང་ལྷ་རེག་ཐོགས་ཏེ་མ་ཎི་དབྱངས་སུ་གྱེར་ནས་གུས་ཉམས་དང་བཅས་ཏེ་མཇལ་ཕྱག་གི་རི་མོ་མཐོང་བ་ཙམ་གྱིས་དགའ་ལྡན་ཡིད་དགའ་ཆོས་འཛིན་གྱི་གྲོང་ཁྱེར་ཞིང་འདིར་འཕོས་སམ་སྙམ་པ་ལས་གཞན་ཅི་ཡང་ཤོད་མི་སྣང་བའི་ཚོད་ཙམ་ཡིན་པ་ཞུ་མ་དགོས་པ་རེད། དེར་མ་ཟད་རྫོགས་ལྡན་ཕྱི་མའི་དུས་ནའང་རེབ་གོང་པ་རྣམས་གང་གི་ཞིང་སར་ཆོས་ཀྱི་གྲུ་ཆར་ཕབ་པར་དགའ་སྤྲོ་དད་གསུམ་གྱིས་རེ་བའི་མིག་འབུར་གཏོད་པའང་མིན་ནམ་སྙམ་པ་དབང་མེད་དུ་འཆར་རོ།།    
རྨ་ལྷོ་བོད་ཡིག་ཚགས་པར་ལས་དྲངས།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།