བོད་ལྗོངས་ཀྱིས་བོད་ཀྱི་ལོ་གསར་ལ་རོལ་བའི་ལྗོངས་རྒྱུའི་ལམ་ཐིག་བཏོན།

     སྲོལ་རྒྱུན་གྱི་བོད་ལུགས་ལོ་གསར་ནི་སྤྱི་ཟླ་༢ པའི་ཚེས་༩ ལ་འཁེལ་ཡོད། བོད་ལྗོངས་ཀྱི་ལྗོངས་རྒྱུ་ཁང་འགའ་ཤས་ཀྱིས་བོད་ཀྱི་ལོ་གསར་ལ་རོལ་བའི་ཟབ་མོའི་ལྗོངས་རྒྱུ་ཞེས་པའི་ལྗོངས་རྒྱུ་ལམ་ཐིག་བཏོན་ནས་ལྗོངས་རྒྱུ་བར་བོད་ཁྱིམ་གྱི་ལོ་གསར་ལ་རོལ་དུ་འཇུག་པ་ཡིན། བོད་ལུགས་ལོ་གསར་ནི་བོད་ལྗོངས་ཀྱི་དུས་ཆེན་མང་ཤས་ལས་ཆེས་གཟབ་རྒྱས་དང་ཆེས་དམངས་སྲོལ་གྱིས་ཕྱུག་པའི་དུས་ཆེན་ཡིན། ལོ་གསར་སྐབས་སུ་བོད་རིགས་དམངས་ཚོགས་ཀྱིས་དམངས་སྲོལ་བྱ་འགུལ་རིགས་སྣ་ཚོགས་སྤེལ་ངེས།
མིག་སྔར་བོད་ལྗོངས་ཀྱི་གཞོན་ནུ་ལྗོངས་རྒྱུ་ཁང་དང་ཞིས་ཁྲིན་ལྗོངས་རྒྱུ་དྲ་བ་སོགས་ཀྱིས་བོད་ལུགས་ལོ་གསར་ལ་རོལ་བའི་ལམ་ཐིག་ཁ་ཤས་བཏོན་ཟིན། དེའི་ཁྲོད་པོ་ཏ་ལར་ལྗོངས་རྒྱུར་འགྲོ་བ་དང་གཙུག་ལག་ཁང་དུ་མ་ཎི་འཁོར་ལོ་སྐོར་ནས་གསོལ་བ་འདེབས་པ། བོད་རིགས་ཁྱིམ་ཚང་དུ་བསྐྱོད་ནས་དཀྲུགས་ཇ་བསྐོལ་ཚུལ་སྦྱོང་བ། དགུ་ཐུག་འཐུང་བ་སོགས་སོ། དེ་ལས་གཞན། ལྗོངས་རྒྱུ་བས་བོད་ལུགས་ལོ་གསར་དགོང་ཚོགས་ལ་ལྟ་བ་དང་། བོད་ལྗོངས་ཀྱི་ནོར་ལྷའི་ལྷ་ཁང་སྟེ་གྲ་བཞི་དགོན་པར་བསྐྱོད་ནས་ནོར་གཡང་འགུག་པའི་གསོལ་བ་འདེབས་པ་སོགས་བོད་ཁྱིམ་གྱི་ལོ་གསར་དམངས་སྲོལ་ངོ་མ་དེར་རོལ་ཆོག
བོད་ལྗོངས་ཀྲུང་གོའི་གཞོན་ནུ་ལྗོངས་རྒྱུ་ཁང་གི་སྤྱི་གཉེར་པ་གཞོན་པ་ཀོན་ཅན་ཅིན་གྱིས་བཤད་རྒྱུར། དགུན་ཁ་ནི་བོད་ལྗོངས་སུ་ལྗོངས་རྒྱུ་ཉུང་དུས་ཡིན། ས་གནས་ཀྱི་ལྗོངས་རྒྱུའི་ཐོན་ཁུངས་ཤིན་ཏུ་མོད་ལ་གྲལ་སྒྲིག་པ་སོགས་བྱེད་མི་དགོས། རིན་གོང་ཡང་ལྗོངས་རྒྱུ་མང་དུས་དང་བསྡུར་ན་དམའ་བ་ཡོད། དཔེར་ན་ལྗོངས་རྒྱུ་མང་དུས་པོ་ཏ་ལའི་པ་སེའི་རིན་གོང་སྒོར་༢༠༠ ཡིན་ལ། ལྗོངས་རྒྱུ་ཉུང་དུས་སུ་རིན་གོང་སྒོར་༡༠༠ རུ་བབས་ཡོད། མགྲོན་ཁང་དང་གནམ་གྲུ་པ་སེའི་རིན་གོང་ཡང་སྐབས་བསྟུན་གྱིས་མར་གཅོག་ངེས།
བོད་ལྗོངས་སུ་དགུན་ཁ་དེ་འདྲ་མི་འཁྱག། ལྷ་ས་ནི་མིང་དོན་མཚུངས་པའི་ཉི་མའི་གྲོང་ཁྱེར་ཡིན། ས་གནས་ཀྱི་ཉིན་མོའི་དྲོད་གྲངས་རྒྱུན་དུ་ཧྲེ་ཧྲི་དྲོད་ཚད་བཅུ་གྲངས་ལ་ཐོན་གྱིན་ཡོད། དེ་ཐོག་བོད་ལྗོངས་ལ་བསྐྱོད་པའི་འགྲིམ་འགྲུལ་ཉིན་བཞིན་ལེགས་བཅོས་འགྲོ་བ་དང་བསྟུན་ནས་བོད་ལྗོངས་སུ་ལོ་གསར་ལ་རོལ་དུ་འགྲོ་བ་ནི་རྒྱུན་ལྡན་ཞིག་ཏུ་འགྱུར་བཞིན་ཡོད། གཞི་གྲངས་ལ་གཞིགས་ན། ༢༠༡༥ལོའི་ལུགས་རྙིང་ལོ་གསར་དང་བོད་ལུགས་ལོ་གསར་སྐབས་སུ་ལྷ་ས་གྲོང་ཁྱེར་གྱིས་ལྗོངས་རྒྱུ་མཁན་སྣེ་ལེན་བྱས་ཚད་ནི་མི་གྲངས་ཁྲི་༢༧.༤༤ ལ་སླེབས་ཡོད། དེའི་ཁྲོད་ཞག་འདུག་བྱས་པའི་མི་གྲངས་ཁྲི་༨.༥ ལས་བརྒལ་ཡོད།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།