ཀྲུང་གོ་བོད་ཀྱི་དྲ་བ།

ཞུས་ཆེན་ལོ་ཙཱ་བ་ཟླ་བ་ཚེ་རིང་དང་ཁོང་གིས་བསྒྱུར་བའི་《དུས་སྐབས་གསར་པའི་མི་རིགས་རིག་གནས་ཀྱི་བསམ་གཞིགས》

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ། : འཇམ་དཔལ།   སྤེལ་དུས། : 2016-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1471331894182817.jpeg

《དུས་སྐབས་གསར་པའི་མི་རིགས་རིག་གནས་ཀྱི་བསམ་གཞིགས》ཞེས་པའི་དཔེ་དེབ་ཀྱི་བོད་འགྱུར་མ།

1471331923301809.jpeg

རྩོམ་པ་པོ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟུར་པ་དོན་གྲུབ་དབང་འབུམ། 

        1955ལོར་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དུ་འཁྲུངས་ཤིང་ཕ་ཡུལ་མཚོ་སྔོན་དུ་ནར་སོན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་འབུམ་རམས་སློབ་མའི་མཛུབ་སྟོན་སློབ་དཔོན་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཡིན། ཏང་གི་སྐབས་བཅུ་དྲུག་པ་དང་། བཅུ་བདུན་པ། བཅོ་བརྒྱད་པ་བཅས་ཀྱི་འཐུས་མིའི་འགན་བཞེས་མྱོང་ཞིང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས་མུས་ཡོད། 

        1977ལོར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནས་ཀྲུང་དབྱང་མི་རིགས་སློབ་གླིང་གི་རྒྱ་སྐད་ཡིག་སྡེ་ཁག་ཏུ་ཞུགས། 1981ལོར་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་མཚོ་སྔོན་ཡན་ལག་ཚོགས་པར་ཞུགས། 1982ལོར་སློབ་མཐར་རྗེས་ཀྲུང་དབྱང་མི་རིགས་སློབ་གླིང་དུ་བོད་རིག་པ་ཞིབ་འཇུག་གི་ཕྱག་ལས་གཉེར། 1986ལོར་ཀྲུང་གུང་པེ་ཅིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་གྲོང་ཁྱེར་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་བསྩལ། 1990ལོར་ཀྲུང་དབྱང་མི་རིགས་སློབ་གླིང་གི་བོད་རིག་པ་ཞིབ་འཇུག་ཁང་གི་དབུ་འཛིན་གཞོན་པའི་འགན་བཞེས། 1991ལོར་དགེ་རྒན་ཆེན་མོ་གཞོན་པའི་མཚན་གནས་ཐོབ་ཅིང་། ལོ་དེར་པེ་ཅིན་གྲོང་ཁྱེར་གྱི་གཞོན་ནུའི་རིག་གཞུང་ཚན་ཁག་གི་སྣེ་འཁྲིད་པར་བདམས། 1992ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་གྱི་ཆེད་ལས་མཁས་པར་བདམས། 1993ལོར་དགེ་རྒན་ཆེན་མོའི་མཚན་གནས་ཐོབ་ཅིང་པེ་ཅིན་གྲོང་ཁྱེར་གྱི་ཕུལ་བྱུང་དགེ་རྒན་དུ་བདམས་པ་དང་། དུས་མཚུངས་སུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སྡེ་ཁག་གི་ཀྲུའུ་རེན་ཐོག་མ་དང་བོད་རིག་པ་ཞིབ་འཇུག་ཁང་གི་དབུ་འཛིན་གཅིག་ལྕོགས་ཀྱི་འགན་བཞེས། 1995ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཏང་ཨུའི་རྒྱུན་ཨུ་དང་ཧྲུའུ་ཅི་གཞོན་པའི་འགན་བཞེས། 

        1999ལོར་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ཏང་ཨུ་ཧྲུའུ་ཅི་དང་ཅུས་ཀྲང་གི་འགན་བཞེས། 2004ལོར་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཞིང་ཆེན་འགོ་འཛིན་གྱི་ལས་རོགས་པའི་འགན་བཞེས། 2006ལོར་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུང་རེན་གཞོན་པའི་འགན་བཞེས། 2001ལོར《བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས》ཞེས་པའི་བརྩམས་ཆོས་ལ“མཆོག་གྱུར་ལྔའི”ལས་གྲྭའི་བྱ་དགའ་ཐོབ། 2013ལོར《དོན་གྲུབ་དབང་འབུམ་གྱི་གསུང་རྩོམ》(པོད་དྲུག་དེབ་བརྒྱད)པར་དུ་བསྐྲུན།

1471331982372243.jpeg

སྒྱུར་བ་པོ། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་བོད་ཡིག་ཡིག་སྒྱུར་ཁང་གི་ཀྲུའུ་རེན་ཟླ་བ་ཚེ་རིང་།

        1974ལོར་མདོ་ཁམས་སྨད་ཀྱི་རྨ་ཆུའི་ལྷོ་རྒྱུད་གཅན་ཚ་རྫོང་སྣང་ར་ཞང་སྦྲུལ་ལྕེ་གྲོང་ཚོར་སྐྱེས། སྔ་ཕྱིར་སྣང་རའི་སློབ་ཆུང་དང་། རྫོང་མི་རིགས་སློབ་འབྲིང་། རྨ་ལྷོ་མི་རིགས་མཐོ་འབྲིང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བཅས་ནས་སློབ་གཉེར་གནང་། 1997ལོ་ནས་ད་ལྟའི་བར་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་སུ་ཡིག་སྒྱུར་གྱི་བགྱི་བ་དོན་དུ་གཉེར་བཞིན་ཡོད། 2008ལོ་ནས་2011ལོའི་བར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་ཞིབ་འཇུག་སློབ་མའི་འཛིན་གྲྭར་སློབ་གཉེར་གནང་ཞིང་ཤེས་རམས་པའི་དམ་བཅའ་བཞག 2010ལོར་ཞུས་ཆུང་ལོ་ཅཱ་བའི་མཚན་གནས་ཐོབ། 2012ལོ་ནས་2013ལོའི་བར་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཙི་ཀུའེ་རྫོང་གི་རྫོང་ཨུའི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པའི་འགན་འཁུར། 2013ལོ་ནས་2014ལོའི་བར་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་དྲུང་ཡིག་གི་འགན་འཁུར། 2013ལོར་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་གཞོན་ནུ་མཛངས་མི་གསོ་སྐྱོང་ལས་གཞིའི་ནང་བདམས། ད་ལྟ་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་བོད་ཡིག་ཡིག་སྒྱུར་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་གནང་མུས་ཡོད།

        ལས་ཞོར་དུ《ཀྲུང་གོའི་བོད་རིག་པ》དང་། 《མི་རིགས་ཀྱི་རྩོམ་རིག》《པོ་ཏ་ལ》《ཀྲུང་གོའི་བོད་ལྗོངས》《མི་རིགས་བརྙན་པར》སོགས་སུ་རྩོམ་ཡིག་སུམ་བརྒྱ་ལ་ཉེ་བ་ཞིག་བོད་ཡིག་ཏུ་བསྒྱུར་ནས་བཀོད་པ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་རིག་གཞུང་ཞིབ་འཇུག་གི་དཔྱད་རྩོམ་བཅུ་ལྷག་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རིག་གཞུང་དུས་དེབ་ཁག་ཏུ་བཀོད།《དུས་སྐབས་གསར་པའི་མི་རིགས་རིག་གནས་ཀྱི་བསམ་གཞིགས》དང《ཚོང་རའི་གཉེར་སྐྱོང་གི་རྩ་བའི་རིགས་པ་གསར་བསྒྲིགས》སོགས་འགྱུར་དེབ་ལྔ་སྔ་ཕྱིར་པར་བསྐྲུན་གནང་ཞིང་།《རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་མིག་སྒྲོན》དང《བདག་ལ་རེ་བའི་རྨི་ལམ་ཞིག་ཡོད》སོགས་དེབ་ལྔ་གྲོགས་གཞན་དང་ལྷན་དུ་སྒྲིག་རྩོམ་དང་ཡིག་སྒྱུར་བྱས་ཏེ་པར་བསྐྲུན་གནང་ཡོད། 2014ལོར《ལ་མོ་བདེ་ཆེན་དགོན་པའི་ལོ་རྒྱུས》ཞེས་པའི་དཔེ་དེབ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་དང་འབྲེལ། གྲོགས་པོ་འཇམ་དབྱངས་དར་རྒྱས་དང་ལྷན་དུ་གཙོ་སྒྲིག་བྱས་པའི《མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་དགོན་སྡེ་དང་རི་ཆུའི་མིང་རྒྱ་བོད་ཤན་སྦྱར》དང《མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་གྲོང་སྡེའི་མིང་རྒྱ་བོད་ཤན་སྦྱར》ཞེས་པའི་དེབ་གཉིས་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་གནང་ཡོད་དོ། ། 

        2015ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་དེབ་འདི་ནི《དོན་གྲུབ་དབང་འབུམ་གྱི་གསུང་རྩོམ་ཕྱོགས་བསྒྲིགས》ཞེས་པོད་དྲུག་དེབ་བརྒྱད་ཀྱི་པོད་གསུམ་པའི་རྩོམ་ཡིག་གལ་ཆེན་ཁག་ཅིག་མི་རིགས་རིག་གནས་ཀྱི་སྐོར་དང་། མི་རིགས་སྐད་ཡིག་གི་སྐོར་ཞེས་ཁག་གཉིས་སུ་བགར་ནས་བོད་ཡིག་ཏུ་བསྒྱུར་བ་ལས་གྲུབ། ཁག་དང་པོའི་ནང《དུས་སྐབས་གསར་པའི་མི་རིགས་རིག་གནས་ཀྱི་བསམ་གཞིགས》དང་།《མི་རིགས་རིག་གནས་ཀྱི་གནས་ངེས་པར་བྱས་ནས་ང་ཚོས་དེར་འཛིན་འོས་པའི་རྣམ་འགྱུར་གྱི་སྐོར》《‘རང་རྟོན་གསུམ’གྱི་བློ་འགྱུར་བ་མེད་པ་ཞིག་ཆགས་པར་བྱས་ནས་མི་རིགས་ཀྱི་ལས་དོན་ལེགས་པར་བསྒྲུབ་དགོས》《སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་རིག་གནས་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་བྱ་དགོས》《མི་རིགས་ཀྱི་རིག་གནས་ཚན་རིག་དང་མཐུན་པར་འཕེལ་རྒྱས་ཡོང་བར་འབད་བརྩོན་བྱ་དགོས》《མི་རིགས་ཀྱི་རིག་གནས་མྱུར་སྐྱོབ་དང་སྲུབ་སྐྱོབ་ལེགས་པོ་བྱ་དགོས》《མི་རིགས་རིག་གནས་ཐད་ཀྱི་གཞི་རྩའི་གནད་དོན་འགའ》བཅས་འདུས་ཤིང་། ཁག་གཉིས་པའི་ནང《དུས་རབས་གསར་པའི་མི་རིགས་སྐད་ཆའི་གནད་དོན》དང་། 《ཏང་དང་རྒྱལ་ཁབ་ཀྱི་སྐད་ཆའི་སྐོར་གྱི་སྲིད་ཇུས་ཡང་དག་པར་རྟོགས་དགོས》《སྐད་ཆའི་བྱེད་ནུས་དང་དེའི་འཕེལ་ཕྱོགས་ཀྱི་གནད་དོན་སྐོར》《གཞི་རྩའི་ཆོས་ཉིད་རྟོགས་པར་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་སྐད་ཆའི་རིན་ཐང་ངོས་འཛིན་བྱ་དགོས》བཅས་འདུས། 

        དེབ་འདིར་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་སྐོར་གྱི་གཞུང་ལུགས་དང་། ཏང་གིས་གསར་དུ་བཏོད་པའི་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་བཅས་ལ་རང་རྟོན་གྱི་བློ་འགྱུར་བ་མེད་པ་ཞིག་ཆགས་དགོས་ཚུལ་བརྗོད་གཞིར་བཟུང་སྟེ། རིག་གནས་མིའི་རིགས་རིག་པ་དང་། མི་རིགས་རིག་པ། གནའ་དཔྱད་རིག་པ་སོགས་རིག་ཚན་གསར་པའི་ཞིབ་འཇུག་བྱེད་ཐབས་དང་གྲུབ་འབྲས་གསར་པ་སྤྱད་ནས་དེང་གི་མི་རིགས་ཀྱི་རིག་གནས་དང་སྐད་ཡིག་གི་གནད་དོན་དང་། ཏང་དང་རྒྱལ་ཁབ་ཀྱི་སྐད་ཡིག་སྐོར་གྱི་སྲིད་ཇུས། ལོ་ཙཱའི་ལས་དོན། མི་རིགས་ཀྱི་རིག་གནས་མྱུར་སྐྱོབ། མི་རིགས་རིག་གནས་ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་གཏོང་ཕྱོགས་སོགས་དེང་གི་དུས་འདིར་ཀུན་གྱིས་དོ་སྣང་བྱས་དང་བྱེད་བཞིན་པའི་གནད་དོན་ཐད་ལ་དཔྱད་གླེང་ཟབ་ཅིང་རྒྱས་པ་གནང་ཡོད།    

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།