ཀྲུང་གོ་བོད་ཀྱི་དྲ་བ།

འོས་འགན་སློབ་གསོའི་སྲ་བརྟན་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་རེད།

ཡོང་ཁུངས། : 青海藏语网络广播电视台     སྤེལ་དུས། : 2018-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

མཚོ་སྔོན་ཞིང་ཆེན་གྱིས་སློབ་གྲྭ་ནས་ཕྱིར་འབུད་པར་ཚོད་འཛིན་དང་སློབ་ཁྲིད་ལ་འགན་སྲུང་བྱེད་པར་ཤུགས་བསྣན་ཏེ་འོས་འགན་སློབ་གསོ་སྲ་བརྟན་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་རེད།
སློབ་གྲྭ་ནས་ཕྱིར་འབུད་པར་ཚོད་འཛིན་དང་སློབ་ཁྲིད་ལ་འགན་སྲུང་བྱེད་པ་ནི་མཚོ་སྔོན་ཞིང་ཆེན་གྱིས་དུས་རྒྱུན་དམ་འཛིན་བྱེད་བཞིན་པའི་དམངས་ཚིས་བཟོ་སྐྲུན་ཞིག་ཡིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱིས་སློབ་གྲྭ་ནས་ཕྱིར་འབུད་པར་ཚོད་འཛིན་དང་སློབ་ཁྲིད་འགན་སྲུང་བྱེད་པར་སྔར་ལས་ཤུགས་སྣོན་པ་དང་འོས་འགན་སློབ་གསོའི་སྲ་བརྟན་ཆུ་ཚད་མཐོར་འདེགས་གཏོང་བའི་སྐོར་གྱི་བརྡ་ཐོ་ཕྱིར་བཏོན་པ་དང་། ཕྱོགས་བཅུ་གསུམ་ནས་འགོ་བརྩམས་ཏེ་དོན་དངོས་དང་མཐུན་པའི་སྒོ་ནས་འོས་འགན་སློབ་གསོའི་དུས་སྐབས་སུ་སློབ་གྲྭ་ནས་ཕྱིར་འབུད་པའི་གནད་དོན་ཐག་གཅོད་བྱེད་པ་དང་མཚོ་སྔོན་ཞིང་ཆེན་གྱི་འོས་འགན་སློབ་གསོ་སྲ་བརྟན་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འོས་འགན་སློབ་གསོར་ཚད་མཐོན་པོས་མཐོང་ཆེན་བྱས་ཏེ་སློབ་གསོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བ་དང་། སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་སོགས་ཀྱིས་འདྲ་མཉམ་སྒོས་འོས་འགན་སློབ་གསོ་དང་ལེན་བྱེད་པའི་ཐད་བཀོད་སྒྲིག་རབ་དང་རིམ་པ་བྱས་པ་དང་། ལྷག་པར་དུ། ཉེ་བའི་ལོ་འགའི་རིང་ལ། མཁར་ཞང་གཅིག་གྱུར་དང་རོང་འབྲོག་ས་ཁུལ་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་རིན་འགན་སྲུང་ནང་རྐྱེན་བཙུགས་ཏེ་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་ཞུགས་ཀྱི་ཚད་དང་སྲ་བརྟན་གྱི་ཚད་རྒྱུན་མཐུད་སྒོས་མཐོར་འདེགས་བྱུང་། ཡིན་ན་ཡང་། སློབ་སྒྲུབ་ཆ་རྐྱེན་དང་ས་ཁམས་ཁོར་ཡུག ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ། བསམ་བློའི་འདུ་ཤེས་སོགས་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་འོག་ཏུ།  མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ཁ་ཤས་སུ་ད་དུང་ཚད་མི་འདྲ་བའི་སློབ་གྲྭ་ནས་ཕྱིར་འབུད་པའི་སྣང་ཚུལ་གནས་ཡོད་པ་དང་། སློབ་ཆུང་མཐར་ཕྱིན་སློབ་མ་དང་དམའ་འབྲིང་དུས་སྐབས་ཀྱི་སློབ་མ། ཕ་མ་གམ་དུ་མེད་པའི་བྱིས་པ་སོགས་སློབ་གྲྭ་ནས་འབུད་པའི་གནད་དོན་ཅུང་འབུར་ཐོན་ཡིན།
དེ་བས། མཚོ་སྔོན་ཞིང་ཆེན་གྱིས་སྲིད་གཞུང་གི་སློབ་གྲྭ་ནས་ཕྱིར་འབུད་པར་ཚོད་འཛིན་དང་སློབ་ཁྲིད་ལ་འགན་སྲུང་བྱེད་པའི་ཁྲིམས་བཀོད་ལས་འགན་ལག་བསྟར་བྱེད་པ་དང་སྲིད་འཛིན་གྱིས་སློབ་གྲྭར་བསྐྱར་ཞུགས་བྱེད་པར་སྐུལ་སྤེལ་བྱེད་པའི་ནང་རྐྱེན་ལེགས་བཅོས་བྱེད་པ། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་ཞུགས་འགན་སྲུང་བྱ་བའི་ནང་རྐྱེན་འཛུགས་པ་སོགས་བརྒྱུད་དེ་ཁྲིམས་ལྟར་སློབ་གྲྭ་ནས་ཕྱིར་འབུད་པར་ཚོད་འཛིན་བྱེད་པ་རྒྱུན་འཁྱོངས་དང་སློབ་གྲྭ་ནས་ཕྱིར་འབུད་པར་ཚོད་འཛིན་བྱེད་པ་དང་སློབ་ཁྲིད་འགན་སྲུང་བྱ་བའི་ནང་རྐྱེན་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་རྒྱུ་རེད།
རོང་འབྲོག་ཁུལ་གྱི་སློབ་གྲྭའི་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བ་དང་སློབ་སྦྱོང་ལ་མི་བཟང་བའི་སློབ་མར་རོགས་སྐྱོར་བྱེད་པའི་ལམ་ལུགས་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ་བརྒྱུད་སྦྱངས་འབྲས་མི་བཟང་བའི་དབང་གིས་སློབ་གྲྭ་ནས་ཕྱིར་འབུད་པ་དང་སློབ་སྦྱོང་ལ་མི་དགའ་བའི་དབང་གིས་སློབ་གྲྭ་ནས་ཕྱིར་འབུད་པར་ཚོད་འཛིན་བྱེད་པ་དང་། སློབ་གསོའི་རོགས་སྐྱོར་བྱེད་ཡུལ་གཏན་ཁེལ་བྱེད་པ་དང་སློབ་གསོའི་དབུལ་སྐྱོར་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་དབུལ་སྐྱོར་ལ་བརྟེན་ནས་སློབ་གྲྭ་ནས་ཕྱིར་འབུད་པར་ཚོད་འཛིན་བྱེད་རྒྱུ་རེད།
མཁར་ཞང་གི་འོས་འགན་སློབ་གསོའི་སློབ་གྲྭའི་འཆར་འགོད་རྣམ་པ་དང་ཞང་སྡེའི་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱེད་པ་བརྒྱུད་དེ་སློབ་གྲྭ་དང་བར་ཐག་རིང་བ་དང་སློབ་གྲྭར་འགྲོ་དཀའ་བའི་དབང་གིས་སློབ་གྲྭ་ནས་ཕྱིར་འབུད་པར་ཚོད་འཛིན་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།