ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས“བོད་ཀྱི་བརྡ་ཆད་གསར་བའི”འགྲན་སྡུར་སྐབས་གཉིས་པའི་རྟིང་རྩོད་འགྲན་སྡུར་སྤེལ།

ཡོང་ཁུངས། : ཨ་མདོ་སྨྱན་གསར།     སྤེལ་དུས། : 2018-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

དུས་རབས་གསར་བའི་ཚན་རྩལ་གྱི་འཕེལ་འགྲོས་དང་བསྡོངས་ཏེ་མིང་མི་ཐོགས་པའི་བྱ་དངོས་གསར་བ་ཉིན་རེ་བཞིན་འཕེལ་ཞིང་སྤྱོད་སྒོ་ཇེ་ཆེར་གྱུར་བར་བརྟེན། རང་ཅག་གིས་ཀྱང་དུས་རབས་གསར་བའི་གོམས་འགྲོས་ཀྱི་སྣེ་མོར་རྡོག་པས་མནན་ནས། བྱ་དངོས་གསར་བར་མིང་གསར་འདོགས་པ་དང་གསར་བྱུང་མིང་བརྡ་སྣ་ཚོགས་དངོས་ཡོད་འཚོ་བའི་ལག་ལེན་དུ་སྤྱོད་པར་སྐུལ་འདེད་གཏང་ཆེད། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི༡༦ལོའི་རྒྱ་བོད་ལོ་ཙཱ་འཛིན་གྲྭ་དང༡༧ལོའི་རྒྱ་བོད་ལོ་ཙཱ་འཛིན་གྲྭ་གཉིས་ཀྱིས་གཙོ་འགན་ཁུར་ཞིང་རྒྱ་བོད་ལོ་ཙཱ་ཁྲིད་དཔྱོད་ཁང་གི་རོགས་འདེགས་འོག སློབ་གླིང་ཡོངས་ལ་ཁ་ཕྱོགས་པའི“བོད་ཀྱི་བརྡ་ཆད་གསར་བའི”འགྲན་སྡུར་སྐབས་གཉིས་པའི་རྟིང་རྩོད་འགྲན་སྡུར་དེ་སྤྱི་ལོ2018ལོའི་ཟླ12པའི་ཚེས12ཉིན་གྱི་དགོང་མོའི་ཆུ་ཚོད6:30སྟེང་བོད་རིག་པའི་ཐོག་ཁང་གི་རིག་གཞུང་ཚོམས་ཆེན་དང་པོ(524)རུ་སྤེལ། 

2.jpg

 ཐེངས་འདིའི་འགྲན་སྡུར་དུ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་རྒྱ་བོད་ལོ་ཙཱ་ཁྲིད་དཔྱོད་ཁང་གི་ཀྲུའུ་རིན་རྒན་རིག་འཛིན་ལགས་དང་དགེ་རྒན་ཆེན་མོ་རྡོ་རྗེ་ཐར། དགེ་རྒན་ཆེན་མོ་འབའ་སྟོད་ཚེ་དབང་རྡོ་རྗེ། དགེ་རྒན་ཆེན་མོ་རྡོ་རྗེ་ཁྱུང་གྲགས། དགེ་རྒན་ཆེན་མོ་པདྨ་ཚེ་རིང་བཅས་གདན་ཞུ་དགེ་རྒན་ལྔ་ཡིས་འགྲན་ཞུགས་པའི་སྤོབས་པ་དང་འགྲན་སྐོར་རེ་རེ་ལས་མིང་བརྡ་ངོས་འཛིན་སྟངས་དང་། མིང་བརྡ་བཀོལ་ཏེ་ཚིག་སྒྲིག་སྟངས། ཚིག་གྲུབ་བོད་ཡིག་ཏུ་བསྒྱུར་སྟངས། བརྡ་ཆད་གསར་བའི་སྐོར་ཀྱི་དོགས་སློང་བཅས་རིམ་པ་དུ་མ་བརྒྱུད་དེ་དྲང་བདེན་ངང་སྐར་འབྲས་ཕྱིན་མཐར། སློབ་གྲོགས་འཇམ་དབྱངས་སྒྲོལ་མར་བྱ་དགའ་ཨང་དང་པོ་སྟེ“བརྡ་ཆད་གསར་བའི་སྐར་ཆེན”ཞེས་པའི་མཚན་སྙན་གནང་བ་དང་། སློབ་གྲོགས་ཀུན་བྱམས་རྒྱལ་དང་ལྕགས་འབུམ་བཀྲ་ཤིས་གཉིས་ལ་བྱ་དགའ་ཨང་གཉིས་པ། སློབ་གྲོགས་བན་དེ་མཚོ་མོ་དང་བདེ་སྐྱིད་སྒྲོལ་མ། ཀརྨ་འཇམ་དབྱངས་སེངྒེ་གསུམ་ལ་བྱ་དགའ་ཨང་གསུམ་པ། སློབ་གྲོགས་རྟ་མགྲིན་དབང་ཕྱུག་དང་ལྷ་མཁར་མཚོ། བསོད་ནམས་དབང་རྒྱལ། ཚེ་རིང་ལྕགས་མོ་བཞི་ལ་ཕུལ་བྱུང་གི་བྱ་དགའ་བཅས་ཐོབ་པ་རེད། 

3.jpg

 འགྲན་སྐོར་གཅིག་ལ་དགེ་རྒན་རེས་དཔྱད་བརྗོད་རིམ་པ་བཞིན་སྤེལ་བ་དང་། མཇུག་མཐར་བོད་རིག་པའི་སློབ་གླིང་གི་རྒྱ་བོད་ལོ་ཙཱ་ཁྲོད་དཔྱོད་ཁང་གི་ཀྲུའུ་རིན་རྒན་རིག་འཛིན་ལགས་ཀྱིས་བོད་ཀྱི་བརྡ་ཆད་གསར་བའི་འགྲན་སྡུར་སྐབས་གཉིས་པའི་ཁྲོད་ཀྱི་མི་འདང་ས་འཐུས་ཇེ་ཚང་དུ་གཏོང་ཕྱོགས་དང་། བོད་མདོ་དབུས་ཁམས་གསུམ་གྱི་མིང་བརྡ་གཅིག་གྱུར་ཡོང་བ་དང་འགྱུར་མིང་སྤུས་དག་ཡོང་བར་འབད་པ་བྱེད་དགོས་ཚུལ་གྱི་སྐོར་ནས་ནན་གྱིས་གསུངས་བར་མ་ཟད། བྱ་འགུལ་འདི་ལ་ཤིན་ཏུ་དོན་སྙིང་ལྡན་པ་དང་བྱ་འགུལ་གྱི་མགོ་མཇུག་བར་གསུམ་ལ་གོ་རིམ་ལྡན་ཞིང་ཞིབ་ཚགས་རེད་ཅེས་གཟེངས་བསྟོད་བྱས་ཏེ། རྗེས་མའི་བྱ་འགུལ་དེ་ལས་ཀྱང་ལེགས་པོ་འཁྱོང་དགོས་ཞེས་དགོངས་འཆར་ལྷུག་པོར་བཏོན། 

4.jpg

བྱ་དགའ་ཨང་དང་པོ་ཐོབ་མཁན་ལ་ལོ་ཙཱའི་ཁྲིད་དཔྱོད་ཁང་གི་ཀྲུའུ་རིན་རིག་འཛིན་གྱིས་བྱ་དགའ་བསྩལ་བ་དང་བརྡ་ཆད་གསར་བའི་སྐར་ཆེན་གྱི་མཚན་སྙན་གནངས།

5.jpg

བྱ་དགའ་ཨང་གཉིས་པ་ཐོབ་མཁན་ལ་དགེ་རྒན་ཆེན་མོ་རྡོ་རྗེ་ཐར་གྱིས་བྱ་དགའ་བསྩལ།

6.jpg

བྱ་དགའ་ཨང་གསུམ་པ་ཐོབ་མཁན་ལ་དགེ་རྒན་ཆེན་མོ་འབའ་སྟོད་ཚེ་དབང་རྡོ་རྗེས་བྱ་དགའ་བསྩལ། 

7.jpg

ཕུལ་བྱུང་བྱ་དགའ་ཐོབ་མཁན་ལ་དགེ་རྒན་ཆེན་མོ་རྡོ་རྗེ་ཁྱུང་གྲགས་ཀྱིས་བྱ་དགའ་བསྩལ།

8.jpg

ཐུན་མོང་བྱ་དགའ་ཐོབ་མཁན་ལ་དགེ་རྒན་ཆེན་མོ་པདྨ་ཚེ་རིང་གིས་བྱ་དགའ་བསྩལ།

9.jpg

འགྲན་བསྡུར་གྱི་རྗེས་སུ་དགེ་སློབ་ཡོངས་ཀྱིས་མཉམ་པར་བླངས་རྗེས་ཐེངས་འདིའི་བོད་རིག་པའི་སློབ་གླིང་གི“བོད་ཀྱི་བརྡ་ཆད་གསར་བའི”འགྲན་སྡུར་སྐབས་གཉིས་པ་མགོ་བཀྲ་ཤིས་ཀྱིས་བརྩམས་ཤིང་མཇུག་བདེ་ལེགས་ཀྱིས་མཇུག་བསྡུས་སོ། །

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།