རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མའི་སྤྱིའི་གསལ་བཤད།

དེ་ཡང་«རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་»ཞེས་པ་འདི་ནི། སྤྱི་ལོ་༢༠༡༢ལོར་ཀྲུང་གོའི་མི་དམངས་སློབ་གྲྭ་ཆེན་མོའི་འཛམ་གླིང་ནང་བསྟན་ཞིབ་འཇུག་ལྟེ་གནས་ཀྱིས་ལས་གཞི་འདི་འདྲ་ཞིག་སྒྲུབ་པའི་འཆར་གཞི་བཟོས།  དེ་ནས་ལས་གཞི་འདིའི་སྤྱིའི་འགན་འཛིན་པ་ཀྲུང་གོའི་མི་དམངས་སློབ་གྲྭ་ཆེན་མོའི་འཛམ་གླིང་ནང་བསྟན་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་ཞུ་དགེ་རྒན་ཆེན་མོ་བཞག་པ་རིན་པོ་ཆེ་ནས་ལས་གཞི་འདིའི་གཙོ་འགན་བཞེས་ཏེ། ཁོང་གིས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སྙན་བཟང་པ་དགེ་འདུན་ལ་ལས་གཞི་འདི་སྒྲུབ་པའི་འགན་དབང་སྤྲད་ཅིང་། སྦྱིན་བདག་ཆེན་མོ་ཏུའུ་ཆིན་པོ་ཡིས་མ་དངུལ་གྱི་འགྲོ་གྲོན་ཆ་ཚང་གཏོང་བའི་ཁས་བླངས་མཛད། དེ་ནས་བདག་གིས་དཔེ་བསྡུར་མའི་ལས་གཞི་ཞིབ་མོའི་ལས་འགན་གཙོ་བོ་འཁུར་ཏེ། དཔེ་བསྡུར་མའི་ལས་ཞུགས་མི་སྣའི་ཁྲོད། དགེ་བཤེས་དང་། དགེ་རྒན་ཆེན་མོ། ཞིབ་འཇུག་སློབ་མ་སོགས་མི་སྣ་ལྔ་བཅུ་ལྷག་གིས་ལོ་ངོ་དྲུག་རིང་ཡོངས་འགྲུབ་བྱས་པ་ཡིན། 

དང་པོ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མའི་ངོ་སྤྲོད་མདོར་བསྡུས། 

དེ་ཡང་«རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་»ཞེས་པ་ནི། བོད་གངས་ཅན་གྱི་ཡུལ་དུ་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་བ་ཤིང་པར་དུ་འཁོད་ཡོད་པའི་དཔེ་གཞི་མང་པོ་ཡོད་པ་ལ། གཙང་པར་མ་དང་། ཞོལ་པར་མ། ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་པར་མ།  སྐུ་འབུམ་པར་མ་སོགས་པར་གཞི་མི་འདྲ་བ་རྣམས་ཡོད་པ་རེད།  པར་གཞི་འདི་དག་ལས་ཆེས་ཐོག་མ་ནི་གཙང་པར་མ་ཡིན་ལ། ཕྱི་མའི་པར་གཞི་དག་གི་ཆོས་ཚན་གྱི་བསྒྲིགས་རིམ་དང་།  པོད་རྟགས་སོགས་གཞི་འཛིན་ས་གཙོ་བོ་ཞིག་ཏུ་གྱུར་ཡོད། དེའི་ཕྱིར་ང་ཚོས་དཔེ་བསྡུར་མའི་བསྡུར་གཞིའམ་པར་གཞིར་གཙང་པར་མ་བདམས་པ་ཡིན། ཞོལ་པར་མ་དང་། བླ་བྲང་པར་མ། སྐུ་འབུམ་པར་མ་བཅས་ནི་ཟུར་ལྟ་རུ་བཟུང་ནས་དཔེ་བསྡུར་ཞུས་ཏེ། སྡུར་བྱེད་ཤིང་པར་མ་དག་གི་ནང་དུ་ཆད་པ་དང་ལྷག་པ། གོ་རིམ་འཁྲུགས་པ། བསྐྱར་ཟློས། བྱ་ཚིག་དང་མིང་ཚིག་ཕྲད་རྣམ་དབྱེ་མི་འདྲ་བ་སོགས་བསྡུར་ནས་ལྡེབ་རེ་རེའི་གཤམ་དུ་མཆན་བཀོད་ཡོད། གཙང་པར་དུ་དཔེར་ན། གི་གུ་ཕྱིར་ལོག“གཉིས་པ”ལ“གཉྀས”ཅེས་པ་དང་།  གི་གུ་ཀླད་གོར་ཅན་“གཉིས་པ”ལ“གཉཾས་པ”། སོགས་ཡོད་ཀྱང་གཞུང་ཡིག་ཏུ་གཅིག་གྱུར་གྱིས“གཉིས་པ”ཞེས་བཀོད་ཡོད་པ་དང་། ཡང་ཤིང་པར་མ་ཁག་ཏུ་ཧཱུཾ་ཕཊ་དང་། ཧཱུཾ་ཕཊ྄་གཉིས་ཀའི་འབྲི་སྲོལ་ཡོད་པས་གཞུང་ཡིག་ཏུ་གཅིག་གྱུར་གྱི་ཧཱུཾ་ཕཊ྄་ཅེས་བཀོད་པ་ལས་མཆན་དུ་བཀོད་མེད། གཙང་པར་དུ་དཔེར་ན། སྐུང་ཡིག“མཁྲོའ་རྣལྱོར”ལ“མཁའ་འགྲོ་རྣལ་འབྱོར”ཞེས་སོགས་མ་བསྡུས་པར་བཀོད་ཡོད།

དཔེ་སྐྲུན་གྱི་ཐད་ནས་དེང་རབས་ཀྱི་དགེ་མཚན་རྣམས་བེད་སྤྱད་དེ་པར་སྐྲུན་བྱས་ཡོད་ལ། ཤིང་པར་མའི་པར་གཞི་ཁག་ལ་ཆོས་ཚན་གྱི་ཆད་ལྷག་དང་། པར་གཞི་རེ་རེའི་སྐབས་ཀྱི་ཕྲད་དང་རྣམ་དབྱེ་སྦྱོར་སྟངས་མི་འདྲ་བ་སོགས་ཞིབ་འཇུག་པ་དང་ཀློག་པ་པོ་རྣམས་ཀྱིས་དཔེ་ཁག་མང་པོ་ཀློག་མི་དགོས་པར་དཔེ་བསྡུར་མའི་པར་གཞི་གཅིག་གི་སྟེང་ནས་གསལ་བོར་ཤེས་ཐུབ་པའི་ཁྱད་ཆོས་ལྡན་ནོ། ། 

 གཉིས་པ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་མའི་པར་གཞི་ཁག་གི་ངོ་སྤྲོད་མདོར་བསྡུས། 

བསྡུར་གཞི་གཙང་པར་མའི་ལོ་རྒྱུས་མདོར་བསྡུས།

དུས་རབས་བཅུ་གསུམ་པའི་ཡར་སྔོན་དུ་བོད་ཀྱི་བཀའ་བསྟན་དང་མཁས་པ་རྣམས་ཀྱི་གསུང་འབུམ་སོགས་ཚང་མ་ལག་བྲིས་ཁོ་ན་ལས།  ཤིང་པར་དུ་བརྐོ་བའི་ལག་རྩལ་དར་རྒྱས་བྱུང་མེད་པ་དང་།  དུས་རབས་བཅུ་བཞི་པའི་རྗེས་ནས་རིམ་གྱིས་བཀའ་བསྟན་དང་གསུང་འབུམ་སོགས་ཤིང་པར་དུ་རྐོ་བའི་ལག་རྩལ་དར་རྒྱས་བྱུང་བ་རེད།  དེ་ནས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་ཤིང་པར་དུ་བརྐོས་པའི་ཐོག་མ་ནི་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་(1663-1737)ཀྱི་ཐུགས་བཀོད་ལྟར་གཙང་བཀྲ་ཤིས་ལྷུན་པོར་དུས་རབས་བཅུ་བདུན་པའི་ནང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་ཤིང་པར་དུ་བརྐོས་པ་ལ་གཙང་པར་མ་ཞེས་སུ་གྲགས། 

སྡུར་བྱེད་བླ་བྲང་པར་མའི་ལོ་རྒྱུས་མདོར་བསྡུས།

བླ་བྲང་པར་མ་ནི་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་འཇམ་དབྱངས་བཞད་པ་སྐུ་འཕྲེང་གཉིས་པ། ཀུན་མཁྱེན་འཇིགས་མེད་དབང་པོས་སྤྱི་ལོ་(1761)ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་པར་ཁང་དང་པར་རྐོ་ཐོག་མར་བཙུགས།  དེ་སྔར་ཀུན་མཁྱེན་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་དབུས་ནས་བླ་བྲང་དུ་ཕེབས་སྐབས་པོ་ཏི་ཁྲི་ཕྲག་ལྷག་བསྣམས་ཡོང་བའི་ཁར། སྤྱི་ལོ་(1773)ལོར་ཀུན་མཁྱེན་འཇིགས་མེད་དབང་པོས་རིག་གནས་སྐོར་སོགས་ཕྱག་དཔེ་འགའ་ཞིག་འཚོལ་སྒྲུབ་ཀྱི་ཆེད་དུ་མགྲོན་གཉེར་བ་ཤེས་རབ་རྒྱ་མཚོ་སྡེ་དགེའི་ཕྱོགས་སུ་ཆེད་གཏོང་གནང་། ཕྱིས་སུ་དབུས་ཕྱོགས་ཀྱི་བོད་མཁས་པ་སྔ་མ་རྣམས་ཀྱི་གསུང་རྩོམ་དཔེ་རྒྱུན་ཤིན་ཏུ་དཀོན་པོ་ཡོད་པ་མང་པོ་འཚོལ་ཞིབ་ཀྱི་ཕྱིར་དུ་གསོལ་དཔོན་ཀུན་དགའ་དང་། དཀའ་བཅུ་པ་དཀོན་མཆོག་རྒྱ་མཚོ་གཉིས་དབུས་གཙང་གི་ཕྱོགས་སུ་མངགས། དགེ་བཤེས་རྣམ་གཉིས་གར་ཕེབས་སུ་དཔེ་རྒྱུན་དཀོན་པོ་གང་ཡོད་རྩད་བཅད་དེ་ཡོན་གྱིས་བླུས་པ་དང་། དད་འབུལ་བྱུང་བ་བཅས་ཡོད། ཕལ་ཆེར་པོ་ཏི་རེ་རེར་དངུལ་སྲང་བཅོ་བརྒྱད་རེ་སོང་། སྔ་ཕྱིར་ཕྱག་དཔེ་ཁྲི་ཕྲག་ལས་བརྒལ་བ་བསྒྲིགས། དེ་ནས་མངའ་རིས་དར་ཧན་ཆོས་རྗེས་སྦྱིན་བདག་དང་། རབ་འབྱམས་པ་ཀུན་དགའ་བསྟན་འཛིན་ལ་ཆེད་གཉེར་ཀྱིས་བཀའ་ཕབས་ཏེ།  དགོན་པའི་གྲྭ་པ་ཁ་ཤས་ལ་པར་རྐོ་ཚུལ་སློབ་ཏུ་བཅུག་ནས། ཐོག་མར་བློ་རྟགས་གཉིས་ཀྱི་པར་བརྐོས་ཤིང་། དེ་ནས་རིམ་གྱིས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་པར་དུ་བརྐོས། འདི་ལ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་མ་ཞེས་སུ་གྲགས། 

སྡུར་བྱེད་སྐུ་འབུམ་པར་མའི་ལོ་རྒྱུས་མདོར་བསྡུས།

སྐུ་འབུམ་པར་མ་ནིཨ་མདོ་སྐུ་འབུམ་དགོན་དུ་བོད་རབ་བྱུང་བཅུ་གསུམ་པའི་མེ་ཕག་སྤྱི་ལོ་(1827)ལོར་སྐུ་འབུམ་དགོན་པའི་ཁྲི་ཆེན་ཞེ་དགུ་པ་ངག་དབང་ཆོས་ཀྱི་ཉི་མ་དང་། ཚོགས་ཆེན་ཞལ་ངོ་རབ་འབྱམས་པ་འཇམ་དབྱངས་རབ་བརྟན། སྐུ་འབུམ་དགོན་པའི་བླ་བྲང་ཕྱག་མཛོད་རྣམ་གཉིས། སྐུ་འབུམ་ཚོ་དྲུག་གི་གྲྭ་རྒན་བཅས་ཀྱིས་བཀའ་བགྲོས་ཞིབ་མོ་གནང་སྟེ་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་པར་དུ་བརྐོ་རྒྱུར་གྲོས་ཐག་བཅད། ལོ་དེའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ནས་བཟུང་རྗེ་གསེར་ཏོག་མཁན་ཆེན་དང་། སྟག་འཚེར་མཁན་ཆེན་རྣམ་གཉིས་ཀྱིས་པར་དུ་བརྐོ་རྒྱུའི་ལས་འགན་བཞེས་ནས་པར་སྐྲུན་གྱི་ལས་གཞིའི་མགོ་བཙུགས། ཆོས་སྡེ་ཆེན་པོ་འདིར་དཔར་ཡིག་གཟབ་མ་འབྲི་མཁན་དང་བརྐོ་མཁན་མེད་གཤིས། འདི་ཀའི་གྲྭ་པའི་ཁྲོད་ནས། གསར་སྦྱོང་བྱེད་དུ་བཅུག་པས་ལག་བྱང་བ་མང་དུ་བྱུང་བ་རྣམས་རིམ་པས་བསྣན་ཏེ། དེ་ལ་ཞུས་དག་པ་རྗེ་ཆེ་ཤོས་ཡོངས་འཛིན་ངག་དབང་འཇམ་དབྱངས་དབང་རྒྱལ། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ། དཀའ་བཅུ་པ་ཚུལ་ཁྲིམས་རབ་རྒྱས་སོགས་དང་། པར་ཤིང་དབུ་ཁང་གི་སྐུ་བརྙན་འབྲི་མཁན་ལྷ་བཟོ་རབ་འབྱམས་པ་བློ་བཟང་འཕྲིན་ལས། པར་ཡིག་འབྲི་མཁན་དགེ་སློང་འཇམ་དབྱངས་རིན་ཆེན་དང་། དགེ་སློང་དགེ་འདུན་དར་རྒྱས་སོགས་དང་། པར་བརྐོ་པ་དགེ་སློང་བསྟན་པ་ཡར་འཕེལ་སོགས་ཀྱིས་འབད་རྩོལ་དང་ལེན་ཁུར་དུ་བཞེས་ནས། མ་ཕྱི་དཔེ་རྒྱུན་མང་པོ་བསྡུར་ཏེ། འདྲ་མིན་བྱུང་བར་སྔོན་རྗེས་ཀྱི་འཇུག་པ་དང་། དུས་གསུམ་གྱི་སྒྲུབ་པ་ཐ་དད་པ། རྣམ་དབྱེ་ཚིག་ཕྲད་སོགས་འཇམ་དབྱངས་མི་ཡི་རྣམ་རོལ་ཐོན་མིའི་དགོངས་བཞེད་དང་བསྟུན་ཞིང་། ཆད་ངེས་པ་འགའ་ཞིག་སྲས་ཀྱི་ཐུ་བོ་རྣམས་ཀྱི་གསུང་གི་ཚིག་ཟིན་ལྟར་ཕྲན་བུའང་གསབས། འགའ་ཞིག་མ་དཔེ་རྣམས་སུ་མཐུན་པར་ཆད་འདུག་པ་རང་སོར་བཞག་སྟེ། མ་དཔེར་ཞུས་དག་ཟིན་ནས་པར་ཡིག་དུ་བྲིས་ཤིང་། བྲིས་རྗེས་ཞུས་དག་ལན་གཉིས་དང་། པར་དུ་བརྐོས་རྗེས་ཞུས་དག་བྱས་པ་བཅས། དམར་ཞུས། པར་ཞུས། བསྐྱར་ཞུས། ཡང་ཞུས་བཅས་ཞུས་དག་ལན་བཞི་རེ་སོང་བས། རབ་ཡིད་སྒྱུར་བྱེད་ཅེས་པ་ས་མོ་ཕག་ལོའི་(1779)ཆུ་སྟོད་ཟླ་བའི་ཡར་ཚེས་དགའ་བ་གཉིས་པར། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན་དང་འབྲེལ་བར་གེགས་མེད་མཐར་ཕྱིན་པར་ལེགས་པར་གྲུབ། འདི་ལ་ཨ་མདོ་སྐུ་འབུམ་པར་མའི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་མ་ཞེས་སུ་གྲགས། 

སྡུར་བྱེད་ཞོལ་པར་མའི་ལོ་རྒྱུས་མདོར་བསྡུས།

ལྷ་སའི་ཞོལ་པར་མ་ནི་ལྷ་སའི་ཞོལ་པར་ཁང་དུ་སྔོན་རྒྱལ་དབང་ལྔ་པའི་སྐབས་སུ་གསར་དུ་བསྐྲུན་པ་ཞིག་ཡིན། པར་ཁང་ནང་དུ་གཙོ་བོ་འདོན་ཆོས་སྤྱོད་ཀྱི་སྐོར་དང་། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་དང་གཞན་པའི་གསུང་རབ་པོད་དཀོན་པོ་འགའ་པར་དུ་བརྐོས་ཡོད་པ་ཙམ་མ་གཏོགས་རྒྱ་ཁྱོན་དེ་འདྲའི་ཆེན་པོ་མེད། ཕྱིས་སུ་རྒྱལ་དབང་བཅུ་གསུམ་པ་(1876-1933)མཆོག་གིས་བོད་ཀྱི་ཆོས་སྲིད་ལས་དོན་མཐའ་དག་ཡར་རྒྱས་གོང་འཕེལ་དུ་གཏོང་བའི་ལས་དོན་མང་དུ་སྤེལ་བ་དང་། ལྷག་པར་དུ་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་པའི་ཆེད་དུ། དེ་སྔར་རྒྱལ་དབང་ལྔ་པའི་སྐབས་སུ་བསྐྲུན་པའི་ཞོལ་པར་ཁང་རྙིང་པ་དེ་སླར་གསོ་རྒྱ་བསྐྱེད་བཏང་སྟེ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་དང་། བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་དཔེ་རྒྱུན་དཀོན་པོ་གང་མང་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་པར་དུ་བརྐོས་པ་རེད། འདི་ལ་ཞོལ་པར་མའི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་མ་ཞེས་སུ་གྲགས། 

གསུམ་པ། དཔེ་བསྡུར་བྱེད་སྟངས་སྐོར་གྱི་གསལ་བཤད། 

གོང་དུ་གསལ་བ་ཇི་བཞིན་བསྡུར་གཞི་སྡུར་བྱེད་ཕན་ཚུན་ཡིག་འབྲུ་རེ་རེ་བཞིན་བསྡུར་ནས་མིང་ཚིག་དང་ཕྲད་རྣམ་དབྱེ་སོགས་ལྷག་པ་དང་། ཆད་པ། མི་འདྲ་བ་གསུམ་གཤམ་མཆན་དུ་བཏབ་ཡོད་པ་དང་། བོད་ཡིག་གི་ལེགས་སྦྱར་འབྲི་སྐབས་འོག་མར་གསལ་བྱེད་བརྩེགས་མ་ཡོད་པ་ཕལ་ཆེར་གྱི་གོང་དུ་ཚེག་སྤངས་ལ་གཞན་རྣམས་འདོན་བདེ་ཆེད་ཚེག་འཇོག་པ་སྔོན་གྱི་མཁས་པའི་ཕྱག་ལེན་ལ་བྱུང་བས་དེ་ལྟར་བྱས་ཡོད། ཕྱི་རྐང་ཅན་དང་ཚིགས་བཅད་སོགས་ཀྱི་མཐར་ཤད་འཇོག་ལུགས་ད་ལྟའི་ཡོངས་གྲགས་དང་མི་མཐུན་ཀྱང་སྔོན་གྱི་དཔེ་རྙིང་གི་འགྲོ་སྟངས་ལྟར་སོར་བཞག་བྱས་ཡོད། སྦྲུལ་ཤད་ནི་ཚིག་མགོ་མཚོན་རྟགས་ཡིན་པས་དེང་གི་དཔེ་སྐྲུན་གྱི་འགྲོ་སྟངས་ལྟར་ཕྲེང་མགོ་མར་བབ་པ་ལས་སྦྲུལ་ཤད་བཞག་མེད། སྒྲོན་གསལ་དང་དེའི་བསྡུས་དོན་མཐའ་དཔྱོད་སོགས་ལ་སྦྲུལ་ཤད་ནི་མཚམས་རྟགས་ཡིན་པས་གཙང་པར་མ་ལྟར་སོར་བཞག་བྱས་ཡོད། 

1.      ལྷག་པའི་སྐོར།

སྡུར་བྱེད་པར་མའི་ནང་དུ་བྱ་ཚིག་དང་མིང་ཚིག་སོགས་ལ་ཚིག་རྐང་གཅིག་རེ་ལྷག་ཚེ། བསྡུར་གཞིའི་གཞུང་ཡིག་ཏུ་མཚམས་དེར་བསྡུར་མཆན་ཨང་རྟགས་(①) དང་། གཤམ་མཆན་དུ་སྡུར་བྱེད་པར་མའི་བསྡུས་མིང་«ཞོལ་»«སྐུ་»«བླ་»དང་ལྷག་རྟགས་(+)ལྷག་པའི་ཡིག་འབྲུ་རྣམས་ཇི་བཞིན་བཀོད་ཡོད་པ་དཔེར་ན། གཞུང་ཡིག་ཏུ“བག་མེད་པར་རྩེ་བ་མཐའ་དག་ལས་① ངང་གིས་ལོག །”གཤམ་མཆན་དུ་①«སྐུ་»«བླ་»+ནི། ལྟ་བུའོ། །ཆོས་ཚན་གྱི་ནང་དུ་ལྡེབ་ཁ་ཤས་དང་ཐིག་ཕྲེང་ཁ་ཤས་ལྷག་ཚེ་གཞུང་ཡིག་གི་མགོར་མཚམས་རྟགས་དང་གཡུང་དྲུང་རྟགས་(∶卐) འདི་དང་བར་དུ་ཡི་གེ་རྣམས་ཆུང་ངུར་བྱས་ནས་མཇུག་ཏུ་གཡུང་དྲུང་རྟགས་དང་མཆན་རྟགས་ (卍①)འདི་བཀོད་ནས་གཞུང་ཡིག་ཏུ་བཀོད་ཡོད། གཤམ་མཆན་དུ་དཔེར་ན། (པོད་འདིའི་ལྡེབ་362.13-371.18པའི་གཡུང་དྲུང་རྟགས་བར་གྱི་ཡི་གེ་རྣམས་«སྐུ་»ལ་ལྷག་ཡོད་པས་དམིགས་བསལ་གྱིས་གཞུང་ཡིག་ཏུ་བཀོད་ཡོད།) ཅེས་གསལ་བཤད་བྱས་ཡོད།  བསྡུར་གཞི་གཙང་པར་ནང་དུ་འཁོད་མེད་པའི་ཆོས་ཚན་རྣམས་སྡུར་བྱེད་པར་མའི་ནང་དུ་ལྷག་ཡོད་ཚེ། ཆོས་ཚན་རྣམས་དཔེ་བསྡུར་མའི་གཞུང་ཡིག་ཏུ་བསྣན་ནས་བསྒྲིགས་ཡོད་པ་ཡིན།  ཡང་ན་«ཞོལ་»«སྐུ་»«བླ་»གསུམ་ལ་ལྷག་ཡོད་ཚེ་དཔེ་བསྡུར་མའི་གཞུང་ཡིག་ཏུ་«ཞོལ་»བཀོད་ཡོད་པ་དང་། «སྐུ་»«བླ་»གཉིས་ལ་བསྡུར་ནས་འབྲས་བུ་གཤམ་མཆན་དུ་བཀོད་ཡོད། ཡང་«སྐུ་»«བླ་»གཉིས་ལ་ལྷག་ཡོད་ཚེ་གཞུང་ཡིག་ཏུ་«སྐུ་»བཀོད་ནས་«བླ་»ལ་བསྡུར་ཡོད། «བླ་»ལ་ལྷག་ཡོད་ཚེ་གཞུང་ཡིག་ཏུ་«བླ་»ཁོ་ན་བཀོད་ཡོད་པ་ཡིན། གཞུང་ཡིག་ཏུ་བཀོད་པའི་ཆོས་ཚན་ལྷག་མའི་མཚན་བྱང་གི་མཇུག་ཏུ་མཆན་རྟགས་(①)དང་། གཤམ་མཆན་དུ་(ཆོས་ཚན་འདི་«ཞོལ་»«སྐུ་»«བླ་»ལ་ལྷག «ཞོལ་»བསྡུར་གཞི་བྱས་ནས་«སྐུ་»«བླ་»གཉིས་ལ་དཔེ་བསྡུར་བྱས་ཡོད།)ཅེས་གསལ་བཤད་བྱས་ཡོད། 

2. ཆད་པའི་སྐོར།

སྡུར་བྱེད་པར་མ་ཁག་གི་ནང་དུ་ཚེག་ཁྱིམ་གཅིག་ཆད་ཚེ་གཞུང་ཡིག་གི་སྟེང་དུ་ཨང་རྟགས་(①) འདི་དང་།  བསྡུར་མཆན་དུ་ཨང་རྟགས་(①)དང་། པར་གཞིའི་བསྡུས་མིང་«ཞོལ་»«སྐུ་»«བླ་»དང་ཆད་རྟགས་(–)། ཆད་པའི་ཡིག་འབྲུ་རྣམས་ཇི་བཞིན་བཀོད་ཡོད། དཔེར་ན་གཞུང་ཡིག་ཏུ་སྦྱིན་སྲེག་དངོས་གྲུབ་ཀྱི་(①)རྒྱ་མཚོ།  གཤམ་མཆན་དུ། (①) «ཞོལ་»–ཀྱི། ལྟ་བུ་དང་། ཡང་ན་ཚེག་ཁྱིམ་གཉིས་ཡན་དང་ཤླཽ་ཀ་གཅིག་སོགས་ཆད་ཡོད་ཚེ། གཞུང་ཡིག་གི་སྟེང་དུ་ཆད་པའི་མགོར་མཚམས་རྟགས་(                  )དང་མཇུག་ཏུ་མཆན་རྟགས་(①)བཀོད་ཡོད། ཚིག་ཕྲེང་ཆད་ཡོད་ཚེ་བར་གྱི་ཚིག་རྣམས་བསྡུས་ཏེ་བཀོད་ཡོད། དཔེར་ན་གཞུང་ཡིག་ཏུ་སེམསམཉམ་པར་འཇོག་ནུས་སམ་གདམས་ངག་གིས་བྱ་བ་བྱས་ཟིན་པ་སྟེ(①)།  གཤམ་མཆན་དུ་(①)《ཞོལ་》-མཉམ་པར་འཇོག་............ཟིན་པ་སྟེ། ཞེས་པ་ལྟ་བུ་དང་། ཡང་ཆོས་ཚན་གྱི་ནང་དུ་ལྡེབ་གང་མང་ཆད་ཡོད་ཚེ་གཞུང་ཡིག་གི་ཆད་པའི་མགོར་མཚམས་རྟགས་དང་གཡུང་དྲུང་རྟགས་(∶卐) དང་མཇུག་ཏུ་གཡུང་དྲུང་དང་མཆན་རྟགས་ (卍①)བཀོད་ནས་གཤམ་མཆན་དུ་དཔེར་ན། (པོད་འདིའི་ལྡེབ་335.13-446.10པའི་གཡུང་དྲུང་རྟགས་བར་གྱི་ཡི་གེ་རྣམས་«སྐུ་»«བླ་»ལ་ཆད།) ཅེས་གསལ་བཤད་བྱས་ཡོད། 

3.      མི་འདྲ་བའི་སྐོར།

བསྡུར་གཞི་གཙང་པར་དུ་སྦྱོར་ཀློག་མི་བདེ་བ་དང་ཡིག་ནོར་དངོས་ཡོད་ཚེ་དཔེ་ཁག་གཞན་ལ་བསྡུར་ནས་བཅོས་ཡོད་པ་དཔེར་ན། གཙང་པར་དུ“དབང་བཚུལ”ཞེས་པ་བསྡུར་བྱའི་དཔེ་ཁག་གསུམ་དུ“དབང་བརྟུལ”ཞེས་བཀོད་ཡོད་ཚེ་དཔེ་བསྡུར་མའི་གཞུང་ཡིག་ཏུ“དབང་བརྟུལ”ཞེས་བཅོས་ཡོད་པ་དང་།   པར་འབྲུ་ཆག་སྐྱོན་དཔེར་ན། “སྐྱབས་འགྲོ”ལ་“སྐྱབས་འགོ” དང“ཅིའི་ཕྱིར” ལ“ཅིའི་པྱིར”། ལྟ་བུ་རྣམས་པར་གཞི་ཁག་ཕན་ཚུན་བར་ཞུས་ཤིང་གཏུགས་ཏེ་དག་པར་བཅོས་པ་ལས་ཐམས་ཅད་བསྡུར་ན་རྙོག་དྲ་ཆེ་ལ་དགེ་བ་ཆུང་བས་བསྡུར་མེད། ཡང་ཆོས་ཚན་གྱི་ནང་དུ་ལྡེབ་རེ་གཉིས་མི་འདྲ་བ་ཡོད་ཚེ་གཞུང་ཡིག་གི་མི་འདྲ་བའི་མགོར་མཚམས་རྟགས་དང་གཡུང་དྲུང་རྟགས་(∶卐) དང་མཇུག་ཏུ་གཡུང་དྲུང་དང་མཆན་རྟགས་ (卍①)བཀོད་ནས་གཤམ་མཆན་དུ་དཔེར་ན། (པོད་འདིའི་ལྡེབ་30.17-32.9པའི་གཡུང་དྲུང་རྟགས་བར་གྱི་ཡི་གེ་རྣམས་«བླ་»ལ་མི་འདྲ་བས་དམིགས་བསལ་གྱིས་ལྡེབ་32.9-33.13བར་རྟགས་[ ]འདིའི་ནང་དུ་ཡི་གེ་ཆུང་ངུར་བྱས་ནས་གཞུང་ཡིག་ཏུ་བཀོད་ཡོད།) ཅེས་གསལ་བཤད་བྱས་ཡོད། 

4. འདྲ་མཚུངས་ཀྱི་གསལ་བཤད།

     པར་གཞི་གཙང་པར་མའི་ཆོས་ཚན་གཅིག་གི་ནང་དུ། “ཀུན་བརྟགས” ཞེས་པ་རྣམས་མཐའ་གཅིག་ཏུ་«སྐུ་»«བླ་»ལ“ཀུན་བཏགས” ཞེས་བཀོད་ཡོད་པ་ཉི་ཤུ་ལྷག་བྱུང་ཚེ་ཐོག་མའི་མི་འདྲ་བ་གཅིག་བསྡུར་ནས་ཕྱི་མ་རྣམས་ལ་གསལ་བཤད་ཀྱིས་འཐུས་པར་བྱས་ཡོད་པ་དཔེར་ན། མཆན་དུ་ (ཆོས་ཚན་འདིའི་ནང་དུ་ཀུན་བརྟགས་ཞེས་པ་རྣམས་«སྐུ་»«བླ་»ལ་ཀུན་བཏགས་ཞེས་འཁོད་ཡོད་ཀྱང་གཤམ་དུ་བསྡུར་མཆན་དུ་བཀོད་མེད།)ཅེས་གསལ་བཤད་བྱས་ཡོད། 

5. བརྩེགས་ཡིག་གི་སྐོར།

“ཙནྡན”དང“ཙན་དན”།  “སེངྒེ”དང“སེང་གེ”ལྟ་བུ་སྔགས་ཡིག་གི་སྐོར་ཕལ་མོ་ཆེ་གཙང་པར་གཞིར་བཞག་ལས་ལེགས་སྦྱར་གྱི་འགྲོ་སྟངས་ལྟར་ཞུས་དག་དང་དཔེ་བསྡུར་བྱས་མེད། 

6. སྒྲོན་གསལ་གྱི་མཆན་རྟགས།

རྗེ་གསུང་འབུམ་༼  ང  ༽པ་གསང་འདུས་སྒྲོན་གསལ་མཆན་གྱི་ཡང་འགྲེལ་ལ་དཀྱུས་མཆན་དང་སྟེང་མཆན་འོག་མཆན་ཟུར་མཆན་སོགས་བྱུང་བ་རྣམས་ཡིག་ཆུང་དང་། དཀྱུས་མཆན་རྣམས་དཀྱུས་སུ་བཀོད་ཅིང་། སྟེང་མཆན་ལ་ཚེག་གིས་སྟེང་ནས་ཁྱུད་པ་དང་། འོག་མཆན་ལ་ཚེག་གིས་འོག་ནས་ཁྱུད་ཡོད། ཟུར་མཆན་གྱི་མགོ་འཇུག་འཕྲད་རྟགས་འདིས་( )ནང་དུ་བཟུང་ཡོད། ཟུར་མཆན་དང་ཟུར་མཆན་གྱི་བྱེ་བྲག་སྟེང་འོག་གི་མཆན་གྱི་འགྲོ་ལུགས་ལྷ་སའི་རྒྱུད་སྨད་ཀྱི་པར་རྙིང་ལྟར་ཡིན། མཆན་བཞི་སྦྲག་གི་རྟགས་ལ། ཀ ཁ ག ཐོག་མ་དང་། ཀ  ༽ཁ  ༽ག  ༽གཡས་འཁོར་དང་། ༼  ཀ ༼  ཁ ༼  ག  གཡོན་འཁོར་དང་། ༼  ཀ  ༽༼  ཁ  ༽༼  ག  ༽འཁོར་མ་དང་། ༡ ༢ ༣ སོགས་དང་། ལོ་ཙཱ་བའི་མཆན“པ་ཚབ” “ཆག” “བུ” སོགས་འབྱུང་བ་རྣམས་མ་ཡིག་ལྟར་ཡིག་ཕྲེང་སྟེང་དུ་བཀོད་ཡོད། འགྲེལ་ཆེན་ཀློག་སྐབས་ཀློག་མི་དགོས་པའི་རྩ་ཚིག་སྐུང་རྟགས་འདིས་   མཚོན་ཡོད། རྟགས་འདིས་(༒)ལེའུ་རྫོགས་སྐབས་འགོད་དགོས་པ་རྣམས་གློག་ཀླད་དུ་གསར་དུ་བཟོས་ཏེ་གང་ནུས་ཀྱིས་མ་ཡིག་ཇི་བཞིན་བཀོད་ཡོད། 

7.  མིང་མཐའ་འདྲེན་ཚུལ་མི་འདྲ་བ།

་“རྒྱལ་པོ”དང་“རྒྱལ་བོ” “རྣལ་འབྱོར་པ” དང་ “རྣལ་འབྱོར་བ” ལྟ་བུ་མིང་མཐའི་པ་བ་པོ་བོ་རྣམས་དཔེ་སྐྲུན་ཁང་གི་སྒྲིག་ལམ་ལྟར་གཅིག་གྱུར་ལས་དཔེ་བསྡུར་སོགས་བྱས་མེད། 

8. བསྡུར་འབྲས་རེའུ་མིག

བསྡུར་འབྲས་རེའུ་མིག་ནི་ཆོས་ཚན་སོ་སོའི་མཇུག་ཏུ་བཀོད་ཡོད་ལ། རེའུ་མིག་གི་དྲ་རྐང་དང་པོར་བསྡུར་གཞི་དང་སྡུར་བྱེད་ཤིང་པར་མ་ཁག་གི་བསྡུས་མིང་«གཙང་»«དགའ་»«ཞོལ་»«སྐུ་»«བླ་»སོགས་བཀོད་ཡོད་པ་དང་། དྲ་རྐང་གཉིས་པར་པར་གཞི་ཁག་གི་མཚན་བྱང་བསྡུས་མིང“ལམ་རིམ”དང“སྦྱོར་དྲུག”ལྟ་བུ་བཀོད་ཡོད། དྲ་རྐང་གསུམ་པར་ཆོས་ཚན་དེའི་པོད་རྟགས་བཀོད་ཡོད། དྲ་རྐང་བཞི་པར་ཆོས་ཚན་གྱི་ཨང་རིམ་བཀོད་ཡོད་པ་དང་། དྲ་རྐང་ལྔ་པར་ལྡེབ་གྲངས་ག་ཚོད་ཡོད་པ་མགོ་མཇུག་གཉིས་བཀོད་ཡོད། དྲ་རྐང་དྲུག་པར་ཕྲེང་ག་ཚོད་ཡོད་པ་བཀོད་ཡོད། དྲ་རྐང་བདུན་པར་ཆོས་ཚན་དེའི་མགོ་མཇུག་གི་ཡི་གེའི་ཚེག་ཁྱིམ་བསྡོམས་གྲངས་སོགས་གསལ་བོར་བཀོད་ཡོད། 

9. པར་བྱང་སྨོན་ཚིག་མི་འདྲ་བ།

དཔེ་གཞི་ཤིང་པར་མ་སོ་སོར་རང་རང་གི་ཁྱད་ཆོས་ལྡན་པའི་པར་བྱང་སྨོན་ཚིག་རེ་ཡོད་ལ། སྨོན་ཚིག་དེའང་ཕལ་ཆེར་ཆོས་ཚན་རེ་རེའི་མཇུག་ཏུ་བཀོད་ཡོད་མོད།  གཞུང་ཡིག་ཏུ་གཙང་པར་གྱི་པར་བྱང་སྨོན་ཚིག་བཀོད་ཡོད་པ་ལས་པར་གཞི་གཞན་རྣམས་ཀྱི་སྨོན་ཚིག་བསྡུར་མེད་པ་ཡིན། ཡང་ན་ལྷག་པའི་ཆོས་ཚན་གང་ཞིག་གཞུང་ཡིག་ཏུ་བཀོད་ཡོད་པའི་དཔེ་གཞི་དེའི་པར་བྱང་སྨོན་ཚིག་བཀོད་ཡོད། 

10. དཀར་ཆག་སྒྲིག་སྟངས།

༡ དཀར་ཆག་ཏུ། ཆོས་ཚན་ཐུང་བ་རྣམས་ཀྱི་མཚན་བྱང་ཁོ་ན་དཀར་ཆག་ཏུ་བཀོད་ཡོད་པ་དང་། ཆོས་ཚན་རིང་བ་རྣམས་ལས་མཚན་བྱང་དང་བྱེ་བྲག་གི་ས་བཅད་ཅུང་བསྡུས་ཏེ་དཀར་ཆག་ནང་ཁ་སྣོན་དུ་བཀོད་ཡོད།

༢ གཞུང་དངོས་ལ་རྩོམ་པ་པོའི་གསུང་ཁོ་ན་ལས་འབྲུ་གཅིག་ཀྱང་ཁ་སྣོན་བྱས་མེད།

༣ གཞུང་དངོས་ལ་མཚན་བྱང་བཀོད་ཡོད་པ་དང་། བྱེ་བྲག་གི་དཀར་ཆག་རྣམས་གཞུང་དངོས་ནང་བཀོད་མེད་ལ། སྟོང་ཐིག་གཉིས་མར་བབས་པས་མཚོན་ཡོད། དོན་ཚན་ཆེན་པོ་རྫོགས་མཚམས་སུ་གཙང་པར་ལྟར་བཞི་ཤད་བཞག་ཡོད་པ་དང་ཕྲེང་གཅིག་མར་བབས་ཡོད།

༡༠ཐོད་ཡིག

ཉིན་ལྡེབ་གྱི་ཐོད་ཡིག་ཏུ་ཆོས་ཚན་གྱི་མཚན་བྱང་དང་ཆོས་ཚན་གྱི་ཨང་རིམ་བཀོད་ཡོད་པ་དང་། སྲིབ་ལྡེབ་གྱི་ཐོད་ཡིག་ཏུ་གསུང་འབུམ་གྱི་མཚན་བྱང་དང་པོད་རྟགས་བཀོད་ཡོད་པ་ཡིན། 

11. བསྡུར་མཆན།

   གཞུང་ཡིག་གི་ལྡེབ་རེ་རེའི་འདབས་ཀྱི་ཕྲེད་ཐིག་གི་འོག་ཏུ་མཆན་ལྡེབ་དེའི་མཆན་རྣམས་ཨང་རིམ་ལྟར་བསྒྲིགས་ཡོད།

12. མདུན་ཤོག

མདུན་ཤོག་ཕྱི་མ།

མདུན་ཤོག་ནང་མར་«རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་བཞུགས་སོ།།»ཅེས་དང་པོད་རྟགས་དང་།  རྩོམ་པ་པོའི་མཚན། དཔེ་སྐྲུན་ཁང་སོགས་བཀོད་ཡོད། 

བཞི་པ། མཚོན་རྟགས་རྒྱག་སྟངས་སྐོར་གྱི་གསལ་བཤད། 

1.  དཔེ་རྟགས་འདི་(« »)ནི་བསྡུར་མཆན་སོགས་སུ་པར་གཞིའི་མཚན་བྱང་བསྡུ་སྐབས་སུ་སྤྱད་ཡོད།

2.  ཨང་རྟགས་སྒོར་ཁྱིམ་མ་འདི་(①)ནི་གཞུང་ཡིག་དང་མཆན་ཕན་ཚུན་བསྡུར་བྱེད་དུ་སྤྱད་ཡོད།

3. ལྷག་རྟགས་འདི་(+)ནི་གཤམ་མཆན་ནང་དུ་སྤྱད་ཡོད་ལ་དེའི་རྗེས་ཀྱི་ཡི་གེ་རྣམས་ལྷག་པ་མཚོན་ཡོད།

4. ཆད་རྟགས་འདི་(-)ནི་གཤམ་མཆན་དུ་སྤྱད་ཡོད་ལ་དེའི་རྗེས་ཀྱི་ཡི་གེ་རྣམས་ཆད་པ་མཚོན་ཡོད།

5. མཚམས་རྟགས་འདི་(∶) ནི་གཞུང་ཡིག་གི་ནང་དུ་སྤྱད་ཡོད་ལ། བསྡུར་གཞི་དང་སྡུར་བྱེད་པར་མའི་བར་ཕན་ཚུན་ཚེག་ཁྱིམ་གཉིས་ཡན་མི་འདྲ་བ་བྱུང་ཚེ་སྔོན་དུ་མཚམས་རྟགས་དང་མཐར་བསྡུར་མཆན་ཨང་རྟགས་བཀོད་དེ་ལྷག་ཆད་དང་མི་འདྲ་བའི་མཚམས་གང་ཡིན་དབྱེ་སྦྱོར་བྱས་པ་མཚོན་ཡོད།

6. སྡུད་རྟགས་འདིས་(……)ནི་སྡུར་བྱེད་ཀྱི་ཚིག་རིང་སོགས་ཆད་པ་བྱུང་ཆེ་ཚིག་མགོ་དང་ཚིག་སྔ་མ་གཏོགས་བར་གྱི་ཡི་གེ་རྣམས་བསྡུས་པ་མཚོན་ཡོད།

7. གཡུང་དྲུང་རྟགས་འདི་(∶卐 ) (卍①) ནི་གཞུང་ཡིག་དང་བསྡུར་མཆན་དུ་ལྷག་པ་དང་ཆད་པ་མི་འདྲ་བའི་མཚོན་བྱེད་དུ་སྤྱད་ཡོད།

8. རྟགས་འདིའི་ ( } { )གཞུང་ཡིག་གི་ལྡེབ་གྲངས་རྣམས་(PdF)གཞི་བཟུང་ནས་ཨ་ལ་པོའི་ཨང་གིའི་བསྒྲིགས་རིམ་ལྟར་ནང་འཇུག་བྱས་པར་སྤྱད་ཡོད།

9. རྟགས་ (  ) འདི་ལ་འཕྲད་རྟགས་ཟེར་ལ་སྒྲོན་གསལ་མཆན་དུ་ཟུར་མཆན་གང་ནས་གང་གི་བར་ཡིན་པ་མཚོན་ཡོད།

10. རྟགས་( ༧ ) འདི་ལ་ཆེ་མགོ་ཟེར་ལ་ཟུར་མཆན་གང་ཡིན་གྱི་དབུ་འཛིན་ས་མཚོན་ཡོད།

11.རྟགས་(་  )འདི་ལ་སྒྲོན་གསལ་དུ་བཅད་རྟགས་ཟེར་ལ་འགྲེལ་པ་མཆན་སྦྲགས་སྐབས་དཀྱུས་ཡིག་ལ་ལ་འདོར་དགོས་པ་མཚོན་ཡོད།

12.རྟགས་( ༈ )འདི་ལ་སྦྲུལ་ཤད་ཟེར་ལ་འགྲེལ་པ་བཞི་སྦྲགས་སྐབས་རྩ་འགྲེལ་དང་། བསྡུས་དོན། མཐའ་དཔྱོད་བཅས་ཀྱི་མཚམས་སྦྱོར་བྱེད་མཚོན་ཡོད།

13.རྟགས་ (༒)འདི་ལ་མཚམས་ཆེན་གྱི་རྟགས་ཟེར་ལ་ལེའུ་ཆེན་པོ་དང་དོན་ཆེན་པོ་རྫོགས་མཚམས་སུ་བཀོད་ཡོད།

 

11.jpg

 

ཞེས་«རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མའི་»ལས་འཛིན་པ་མཁར་བྱམས་ཐར་ནས་སྤྱི་ལོ་2019-1པོར་འཚམས་སྦྱོར་གྱི་ཚུལ་དུ་བྲིས་པ་དགེའོ།།                                    


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།