མདུན་ཤོག- རིག་གནས།- རྩོམ་རིག་ཆེད་སྒྲིག- དགེ་འདུན་ཆོས་འཕེལ།

ཚོགས་ཆེན་ཞལ་ངོ་ལ་ཕུལ་བའི་ཀ་རྩོམ།

དགེ་འདུན་ཆོས་འཕེལ།    2015-03-12 18:00

ཀ་མ་ལ་ལྟར་དཀར་བའི་བློ་ལྡན་ཅིང་།།
ཁ་ནས་ལེགས་བཤད་སྨྲ་བའི་སྐྱེ་བོའི་ཚོགས།།
ག་ན་གནས་ཀྱང་ཐ་སྙད་པ་ཡིན་ཏེ།།
ང་ཅག་ཙམ་མིན་མཁས་པ་སྤྱི་ཡིན་ནོ།།
ཅ་ཅོ་འུར་ཟིང་མཐོ་བ་བདེན་མོད་ཀྱང་།།
ཆ་ཤས་ཕལ་ཆེར་དོན་ལྡན་ཆོས་གཏམ་ཡིན།།
ཇ་བཟང་འཐུང་བཞིན་རྒྱ་བོད་ཧོར་སོགས་ཀྱི།།
ཉ་ཉོག་སྐད་ཆ་བཤད་དང་འདི་མི་འདྲ།།
ཏ་ཐ་ག་ཏའི་རྗེས་སུ་ཞུགས་ན་ཡང་།།
ཐ་མལ་ཕྲག་དོག་དབང་དུ་ཆེར་སོང་སྟེ།།
ད་ལྟ་གཞན་སྨོད་ཕྲ་མའི་ཚིག་སྨྲ་བ།།
ན་རག་ཡུལ་དུ་སྐྱེ་བའི་སྔ་ལྟས་ཡིན།།
པ་སངས་ལྟ་བུའི་དྲི་མེད་ལུང་རིགས་ཀྱིས།།
ཕ་རོལ་རྒོལ་བ་འཇོམས་པར་མི་ནུས་པས།།
བ་ལང་ལྟ་བུའི་བླུན་པོ་རྣམས་ཀྱི་ཁ།།
(མ་ཡིག་གི་མཚམས་འདི་ནས་རྐང་པ་གཅིག་མི་འདུག་ལགས།)
ཙ་རི་དང་མཚུངས་གྲུབ་པའི་གནས་མཆོག་འདིར།།
ཚ་གྲང་ཁྱད་བསད་ཐོས་བསམ་མ་ནུས་ཀྱང་།།
ཛ་མའི་རྗེས་འཇུག་ང་དང་ང་འདྲ་ལ།།
ཝ་མོ་བཞིན་དུ་ཐན་སྐད་མ་སྒྲོག་ཅིག།
ཞྭ་སེར་བསྟན་པའི་ལུགས་འཛིན་མང་ཐོས་ཚོགས།།
ཟ་འདྲེ་འགོང་བོ་བཞིན་དུ་བརྙས་པའི་ཡུལ།།
འ་འུར་ཁེ་ཚོང་གཉེར་བའི་ཕྱུག་པོ་རྣམས།།
ཡ་མཚན་ཆེ་ཞེས་བསྔགས་པ་སྙིགས་མའི་མཚང་།།

མཆན།

གོང་གི་ཀ་རྩོམ་འདི་ནི་དགེ་འདུན་ཆོས་འཕེལ་ལགས་ཀྱི་གསུང་རྩོམ་ངོ་མ་ཡིན་ལ། ལ་མོ་ཡོངས་འཛིན་རྡོ་རྗེ་འཆང་གི་གསུང་སྒྲོས་བཤུས་པ་ཡིན། ལ་མོ་ཡོངས་འཛིན་དང་དགེ་ཆོས་གཉིས་བླ་བྲང་དུ་བཞུགས་སྐབས་འཛིན་གྲྭ་གོང་འོག་ཡིན་ལ་ཐུགས་འདྲིས་ཀྱང་ཧ་ཅང་ཆེ་ཞེས་གསུངས། གྲོགས་པོ་ལེགས་བཤད་ལགས་ཀྱིས་རྩོམ་ཡིག་འདི་མཁོ་སྤྲོད་གནང་བར་ངེད་དྲ་བའི་བཀའ་དྲིན་ཆེ་ཞུ།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག