མདུན་ཤོག- རིག་གནས།- རྩོམ་རིག་ཆེད་སྒྲིག- དགེ་འདུན་ཆོས་འཕེལ།

སིངྒལའི་ལོ་རྒྱུས་སྐོར།གསུམ་པ།

དགེ་འདུན་ཆོསགའཕེལ།    2015-03-23 09:29

    འོ་ན་གནས་བརྟན་པའི་མདོ་སྡེ་ལ་སོགས་པ་དེ་ཀུན་སྐད་རིགས་ཅི་འདྲ་ཞིག་ཏུ་ཡོད་སྙམ་ན། པྲཀྲྀཏའམ་གནའ་དུས་ཀྱི་མགངྷའི་སྐད་དུ་ཡོད་པ་ཡིན། དེ་ལ་ཁོང་རྣམས་པཱལི་ཞེས་ཟེར་ཞིང་། དོན་རྒྱུན་ཆགས་བྱ་བ་ཡིན། པཱལིའི་སྐད་དེ་ནི་ངོ་བོ་ལེགས་སྦྱར་རང་ལ་སྒྲ་འཇམ་དུ་སོང་བའི་རྒྱུ་མཚན་གྱིས་ར་སྒྲ་ཕལ་ཆེར་ཉམས་པ་དང་། ཀྵ་ཡིག་ལ་སོགས་པའི་བརྗོད་དཀའ་བ་དག་ཁ་ཡིག་ཏུ་བཀླགས་པ་སོགས་ཡིན། སྐད་འདིའི་དཔེར་བརྗོད་ཤིན་ཏུ་གསལ་བ་ཞིག་འགྲེལ་ཆེན་དྲི་མེད་འོད་ཀྱི་སྐབས་དང་པོར་རེ་ཞིག་ཉན་ཐོས་ཀྱི་སྡེ་སྣོད་གསུམ་མགངྷའི་སྐད་དུ་གསུངས་པ་ནི་འདི་ལྟ་སྟེ།ཨིཏྱཔིསོབྷགབཱདོསམྱཀྶཾབུངྔྷབིཛྫཱཙརཎསཾཔནཿསུགཏོལོཀབིདྱཱཾཨནུཏྟརོ། འདི་ལྟར་ཡང་། དེ་ནི་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ་སོགས་གསུངས་པ་དེར་གཟིགས་པར་ཞུ། སྐད་འདི་ཉིད་ཀྱིས་སྟོན་པས་ཆོས་གསུངས་པར་འདོད་ཅིང་། སྟོན་པ་ཞལ་བཞུགས་དུས་སྐད་འདི་ཉིད་ཡུལ་དབུས་མགངྷའི་སྐྱེ་བོ་ཀུན་གྱི་སྐད་ཐུན་མོང་བ་ཡིན་ནོ་ཞེས་གནས་བརྟན་པ་དག་བཞེད་དོ། །

    དེ་ལ་བསྟན་པའི་གནས་ཚད་ནི་ལོ་ལྔ་སྟོང་དུ་འདོད་ཅིང་། ད་ལྟ་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་འདི་བར་སྟོན་པ་འདས་ནས་ལོ་ཉིས་སྟོང་བཞི་བརྒྱ་གྱ་དྲུག་སོང་། མྱ་ངན་ལས་འདས་པའི་ལོ་དེ་རྒྱ་རྩིས་ཀྱི་མེ་སྦྲུལ་ཡིན། སྤྱིར་སངས་རྒྱས་འདས་ནས་ལོ་ཉིས་སྟོང་སུམ་བརྒྱ་ཙམ་སོང་བ་ནི། ཡབནའི་སོ་བློན་མེགྷསྠན་དེ། རྒྱལ་པོ་ཨཤྭཀའི་ཡབ་ཟླ་བ་སྦས་པའི་དུས་སུ་རྒྱ་གར་དབུས་སུ་སླེབས་ཤིང་། དེའི་ལམ་ཡིག་ཏུ། སངས་རྒྱས་པའི་རབ་བྱུང་མཐོང་ཚུལ་བྲིས་པ་དེས་ཀྱང་ལེགས་པར་གྲུབ་པ་ལ། ཉིས་སྟོང་བརྒྱ་ལས་མི་མང་བ་ནི། སྙིང་པོ་པད་དཀར་སོགས་ཀྱི་མདོ་མང་པོར་ང་འདས་ནས་ལོ་བརྒྱ་ན་ཨཤྭཀ་འབྱུང་ཞེས་གསུངས་པ་དང་། འཕྱིས་ན་ཡང་ཨཤྭཀ་དེ་སྟོན་པ་འདས་ནས་ལོ་སུམ་བརྒྱའི་ཁོངས་སུ་ཡོད་ངེས་པས་སོ། །དེས་ན་ལོ་ཚིགས་འདི་རྒྱུ་མཚན་ཤིན་ཏུ་ཆེ། སྤྱིར་སྔོན་གྱི་ཉན་ཐོས་སྡེ་པ་དག་ཟླ་བ་དང་། ཞག་རེ་བཞིན་སྟོན་པ་འདས་ནས་དུ་སོང་བརྩི་བར་གྲགས། འོན་ཀྱང་འདི་ལ་ཡང་བོད་སྔ་མའི་མཁས་ཆེན་འགའ་ཞིག་གིས་ཉན་ཐོས་བཻནྔྷཔ་བསོད་སྙོམས་པ་རྣམས་ཀྱིས་སངས་རྒྱས་འཁྲུངས་པ་དང་། རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་སྐུ་བརྙན་བཞེངས་པ་གཉིས་གཅིག་ཏུ་ནོར་ནས་སྟོན་པའི་འཁྲུངས་ལོ་བརྩིས་པས་བརྩི་གཞི་ནོར་རོ་ཞེས་གསུངས་ཏེ་བརྙས་པར་མཛད་ཅིང་། རང་ལུགས་ལ་ལོ་སྟོང་ཙམ་དེའི་སྟེང་དུ་བསྣན་པར་མཛད་དོ། །

    ཁ་ཆེ་པཎ་ཆེན་བསོད་སྙོམས་པ་ཆེན་པོ་བོད་དུ་བྱོན་པའི་ཁྱི་ལོའི་ཤིང་བྱི་དེ། གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པ་འདས་ནས་སྟོང་དང་བདུན་བརྒྱ་ཞེ་བརྒྱད་པ་ཡིན་ལ། དེ་དུས་ཁོང་གིས་སོལ་ནག་ཕང་པོ་ཆེར་(འཕྱོངས་རྒྱས)རྩིས་པ་ན། སངས་རྒྱས་འདས་ནས་ཆིག་སྟོང་བདུན་བརྒྱ་ལྔ་བཅུ་སོང་ཞེས་བཤད་པ་ཡང་། སིངྒལ་པའི་ལོ་དེ་དང་རྩིས་ཀྱི་དབང་གིས་ལོ་གཉིས་ཙམ་མ་མཐུན་པ་ལས་གཅིག་ཏུ་བབས་པས་ཁོང་གིས་ཀྱང་དོན་ལ་ལོ་ཚིགས་དེ་རང་ལ་བརྟེན་པར་གསལ་ལོ། །གཞན་ཡང་རྡོ་རྗེ་གདན་གྱི་སྐུ་བཞེངས་དུས་སངས་རྒྱས་མཇལ་མྱོང་བའི་རྒན་མོ་ཞིག་ཡོད་ཚུལ་གྱི་ལོ་རྒྱུས་དང་། ཡང་ཤཱ་ནའི་གོས་ཅན་གྱིས་སྐུ་དེ་ལ་སྤྱན་འབྲས་ཕུལ་ཚུལ་སོགས་ཀྱང་བཤད་ལ་དེས་ན་སྐུ་བཞེངས་པ་དང་སངས་རྒྱས་འཁྲུངས་པ་གཉིས་ནོར་བའི་དབང་དུ་བྱས་ན་ཡང་། ལོ་བརྒྱ་ཙམ་ནོར་སྲིད་ཀྱི་སྟོང་ཕྲག་གཅིག་ཙམ་ནོར་དགོས་པའི་དོན་ནི་ག་ལ་ཡོད་སྙམ། ལར་འདི་ཚོ་ཞར་བྱུང་དུ་ཐལ། སངས་རྒྱས་འདས་ནས་ལོ་དུ་སོང་ན་ཡང་སོང་། རང་རེ་རྣམས་ཁ་ཆེ་པཎ་ཆེན་དང་། རྗེ་ས་པཎ་གཉིས་ཀྱི་ལ་རྒྱ་བཤད་ནས་རྒྱ་འདྲེ་བྱེད་དོན་ཅུང་ཟད་ཀྱང་མེད། གང་ལྟར་ཡང་གནས་བརྟན་པ་ལྟར་ན་ད་དུང་བསྟན་པའི་ལྷག་མ་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་ཡོད་ཅིང་། དེ་རྫོགས་ནས་འཛམ་གླིང་གི་རིང་བསྲེལ་ཐམས་ཅད་རྡོ་རྗེ་གདན་དུ་འདུས། དེ་སངས་རྒྱས་ཀྱི་སྐུ་དངོས་སུ་གྱུར་ཏེ་བྱང་ཆུབ་ཤིང་དྲུང་དུ་སྐད་ཅིག་ཙམ་ཞིག་བཞུགས་ནས་ཆོས་སྟོན་ཅིང་། དེའི་ཚེ་ལྷ་མི་སྐལ་ལྡན་མང་པོ་གྲོལ་བ་འཐོབ། དེ་ནས་སྐུ་ལས་མེ་འབར་ཏེ་མྱ་ངན་ལས་འདའ་ཞིང་། དེ་ཕྱིན་བསྟན་པའི་ལྷག་མ་མི་གནས་སོ་སོགས་སྨྲ། འོན་ཀྱང་འདི་ཚོ་ཁུངས་ཆེ་བའི་གཏམ་ཡིན་མིན་མ་ཤེས། འདི་འདྲ་བའི་ལོ་རྒྱུས་ཡ་མཚན་ཞིག་རྒྱའི་བཙུན་པ་ཕཱ་ཧེན་གྱིས་ཀྱང་གསུངས། བཙུན་པ་དེ་ཐང་ཟན་གྱི་སྔར་མི་ཐོག་གཅིག་གི་གོང་ལ་རྒྱ་གར་དང་། སིངྒལར་བྱོན། འཇིགས་མེད་རིའི་གཙུག་ལག་ཁང་དུ་བཞུགས་སྐབས་རྒྱ་གར་ནས་སླེབས་པའི་བཙུན་པ་ཞིག་སྐད་གསང་མཐོན་པོས་ད་ལྟ་རྒྱ་གར་བྱང་ན་བཞུགས་པའི་སྟོན་པའི་ལྷུང་བཟེད་འདི་ཐོག་མར་ཀོཤམྦུ་ལ་གདན་འདྲེན། མ་འོངས་པ་ན་དྲི་ཟ་དང་། ལི་དང་། རྒྱ་ནག་དང་། སིངྒ་ལ་དང་། སླར་རྒྱ་གར་དུ་གདན་འདྲེན། དེ་ནས་སུམ་ཅུ་རྩ་གསུམ་དུ་ཁྱེར་ཏེ་ལྷ་རྣམས་ཀྱིས་མཆོད། བྱམས་པ་བྱོན་ཚེ་རྡོར་གྱུར་ཏེ་རྒྱལ་ཆེན་བཞིས་བྱམས་པ་ལ་འབུལ། དེ་བཞིན་སངས་རྒྱས་ཕྱི་མ་དག་ལ་ཡང་འབུལ་སོགས་མདོ་ཞིག་འདོན། བཙུན་པ་དེ་ལ་ཐུགས་འཕྲོག་ནས་ཁྱེད་ཀྱི་མདོ་དེའི་དཔེ་ཞིག་ཞུ་བར་འདོད་པས་ང་ལ་གཡར་པོ་ཞུ་གསུངས་པར་ཁོས་དེ་མདོ་མ་ཡིན། ངེད་རང་གིས་བརྩམས་པ་ཡིན་ཟེར་སྐད། དེས་ན་གཏམ་རྒྱུད་འདི་འདྲ་ཡང་ཡུལ་ཀུན་ཏུ་ཡོད་པར་སྣང་།

    དགེ་སློང་རྣམས་ཀྱིས་བསྲུངས་བྱ་ནི། པཱརཱཛིཀ་ཕམ་པ་༤སཾགྷཱབཤེཥ་དགེ་འདུན་ལྷག་མ་༡༣ ཨཎྀཡཏ་མ་ངེས་པ་༢ ནིཿསརྒིཀསྤང་ལྟུང་༢༣ པཱཏཡནྟིཀལྟུང་བྱེད་འབའ་ཞིག་པ་༩༩ ཤཀྵཻབསླབ་བྱའམ་ཉེས་བྱས་དོན་༣ ཨངྔྷིཀརཎཤམཐ་རྩོད་པ་ཞི་བ་༧རྣམས་ཡིན།

    དགེ་ཚུལ་རྣམས་ཀྱི་ནི། རྩ་བ་ཆང་། ཕྱི་དྲོའི་ཟས། རིན་ཆེན་ལེན་པ། ཁྲི་སྟན་ཆེ་མཐོ། གླུ་གར། དྲི་ཉུག་པ་དང་བཅས་པའི་བསྲུང་བྱ་བཅུ་སྟེ། དེ་བཅུ་གང་བྱུང་ཡང་སྡོམ་པ་གཏོང་བས་སླར་ལེན་དགོས། འོན་ཀྱང་དེ་གང་ཡང་ཕམ་པ་མིན་ཅིང་ཕྱིར་བཅོས་བཏུབ། དགེ་སློང་ལ་ནི་བསླབ་པ་ཕུལ་བ་མ་གཏོགས་འཆབ་མེད་འཆབ་བཅས་སོགས་ཕམ་པ་བྱུང་བ་གསོར་མི་བཏུབ་ཟེར། བསྙེན་པར་རྫོགས་ནས་ལོ་ཞེ་ལྔ་ལོན་པ་ནི་དེ་བཞིན་བཤེགས་པའི་ཚངས་སྤྱོད་ཀྱི་སྐུ་ཚེའི་ཚད་རྫོགས་པ་ཞེས་དགྲ་བཅོམ་དང་ཞིང་མཉམ་པར་བརྩི།

    རབ་ཏུ་བྱུང་བའི་སྔ་རོལ་དུ་བསྒྲུབ་བྱ་དེ་རྒྱལ་པོའི་ཆས་སུ་བཅུག དེ་ལ་གཞོན་ནུ་དོན་གྲུབ་ཀྱི་ཆས་ཟེར། གླང་ཆེན་ལ་བསྐྱོན། གདུགས་དཀར་དང་རྔ་ཡབ་སོགས་འཁྱེར་ཏེ་གྲོང་མི་ཡོངས་རྫོགས་ཀྱིས་བསྐྱལ་ཏེ་མཚམས་ཀྱི་ནང་དུ་འོངས། རྒྱང་རིང་པོ་ནས་སྲུང་མ་སོགས་བཞག་སྟེ་དབང་བསྐུར་ལས་ཀྱང་བཀའ་རྒྱ་དམ་པ་བྱེད། ཐ་ན་བསླབ་པ་ཉམས་པ་དག་ཀྱང་སྔོན་ཇི་ལྟར་མཐོང་བ་སོགས་སྨྲ་བར་མི་བྱེད། བར་ཆད་དྲི་བ་སོགས་རང་རེ་དང་མཐུན་པར་ཡོད་ཟེར། འོན་ཀྱང་བར་ཆད་ཀྱི་ཆོས་རྣམས་རང་རེའི་དང་མི་མཐུན། འདིར་སིངྒལའི་དགེ་སློང་ཁྲོད་ན་ཕྱི་གླིང་པ་ཡང་མང་ཙམ་ཡོད་ལ། ཛྙཱནཏེལོཀ་བྱ་བའི་དགེ་སློང་མཁས་པ་ཤིན་ཏུ་གྲགས་ཆེན་ཞིག་བཞུགས་པ་དེ་ཡང་འཇར་མན་པ་ཡིན། འདིས་ཕྱི་པ་མང་པོ་ནང་པར་བཅུག འདུལ་འཛིན་གྱི་ཚད་དུ་བྱེད། འོ་ན་སྐྲ་སེར་ཅན་ལ་སྡོམ་པ་སྐྱེའམ་ཞེ་ན་དེ་དག་གི་ལུས་ཀྱི་ནང་དུ་སྡོམ་པ་ཇི་འདྲ་ཞིག་སྐྱེལ་ཡོད་པ་ནི། ང་ལ་རྒྱུས་མེད། ལར་དེ་ཕལ་ཆེར་སྐྲ་ནག་པོ་ཡིན། གནས་བརྟན་པ་དག་སྐྲ་སེར་བར་ཆད་ཀྱི་ཆོས་སུ་ཡང་མི་འདྲེན། སྤྱིར་རང་རེའི་ལོ་རྒྱུས་སུ་ཡང་ཤེད་བུ་སེར་སྐྱ་དེ་སྐྲ་སེར་སྐྱར་ཡོད་ཅེས་གསུངས་ལ། དེ་ནས་དེ་འོད་སྲུང་གི་དགེ་སློང་ཁྲོད་དུ་རབ་ཏུ་བྱུང་བ་དང་། སྡེ་སྣོད་གསུམ་པར་གྱུར་པ་ཡང་མ་གསུངས་སམ། དེ་བཞིན་གྲོ་བཞིན་བྱེ་བ་ཉི་ཤུ་པ་ལ་ཡང་རྐང་པའི་སྟེང་ན་སྤུ་གསེར་གྱི་མདོག་ཅན་སྐྱེས་ཡོད་ཚུལ་འདུག་པས། མགོའི་སྐྲ་ཡང་སེར་བ་ལས་འོས་མེད་སྙམ། རིགས་མ་ཉམས་པའི་བྲམ་ཟེ་ཐམས་ཅད་སྐྲ་སེར་པོར་ཡོད་པ་རྣམ་འགྲེལ་གྱི་འགྲེལ་པ་སོགས་དང་། གསེར་གླིང་ནས་བྲམ་ཟེ་སྐྲ་གསེར་གྱི་མདོག་ཅན་ཞིག་སླེབས་པ་སོགས་མཆོག་ཟུང་གི་བྱུང་བའི་སྐབས་དང་། ཁྱེའུ་སྤྲིན་གྱི་རལ་པ་གསེར་གྱི་མདོག་ཅན་མར་མེ་མཛད་ཀྱི་ཞབས་འོག་ཏུ་བཏིང་སོགས་མང་དུ་བཤད་ལ། བྲམ་ཟེ་ནི་རིགས་ཀྱི་མཆོག་ཡིན་པས་རབ་ཏུ་འབྱིན་པ་སུ་ཞིག་གིས་འགོག དེས་ན། པཱིཏཀེཤ་ཡུང་བའི་མདོག་འདྲ་བ་དང་ཀཔིལཀེཤསྤྲེའུའི་སྤུ་མདོག་འདྲ་བ་དེ་གཉིས་ལ་ཁྱད་འདྲ་ཡོད་པ་ཨེ་ཡིན། གང་ལྟར་ཡང་དུས་ཀྱི་དབང་གིས་ཕྱི་གླིང་པ་མང་པོ་ཡང་སངས་རྒྱས་ལ་མོས་རབ་འདུག་པས། བརྒྱ་ལ་ཁྱེད་ཅག་གི་དྲུང་ཨུ་རུ་སུ་ཞིག་རབ་ཏུ་འབྱིན་པར་འོངས་ན། ཕྱུངས་ཤིག་དང་འགལ་བ་མེད་པར་མངོན་ནོ། །སྤྱིར་སེར་སྐྱའི་སྐད་དོད་ཀཔིལ་བྱ་བར་བྱས་འདུག་ལ་ཨམརཀོཤར། པཱིཏོ་བྱ་བ་སེར་པོ་དང་། ཀཔིལ་བྱ་བ་ནག་སེར་དུ་བསྒྱུར་ནས་སྣང་། གླིང་འདིའི་གནས་བརྟན་གཙོ་བོ་གསུམ་ནི་རི་པོ་ཤྲཱིཔདཱ་སྟོན་པའི་ཚེམས་མཆེ་བ་དང་། བྱང་ཆུབ་ཤིང་རྣམས་ཡིན། ཤྲཱིཔདཱ་དཔལ་ཞབས་ནི་གླིང་གི་དབུས་སུ་ཡོད་ཅིང་། ཤིན་ཏུ་མཐོ། གནམ་ལྕགས་ཀྱི་འཇིགས་པ་ཆེ་བས་སོས་དུས་ཀྱི་ཟླ་བ་གཉིས་ཙམ་ལས་མཇལ་མི་ཐུབ། རི་འདི་ལ་ཧཱམྲཀུཊ་དང་སམནྟབྟདྲ་ཀུན་ཏུ་བཟང་སོགས་མིང་འགའ་ཙམ་ཡོད། རྩེ་ན་བྲག་གི་སྟེང་དུ་སངས་རྒྱས་ཀྱི་ཞབས་རྗེས་ཀྱང་ཁྲུ་གང་བ་ཞིག་ཡོད། དེ་རཱམཎའི་ཞབས་རྗེས་ཡིན་ཅེས་མུ་སྟེགས་རྣམས་ཀྱང་མཆོད། ཨཏཾ་གྱི་ཞབས་རྗེས་ཞེས་ཀླ་ཀློ་དག་ཀྱང་མཆོད། བདག་པོ་ནི་སངས་རྒྱས་པ་དག་ཡིན། དེ་ཡང་སྟོན་པ་གླིང་འདིར་ལན་གསུམ་བྱོན་པའི་དང་པོ་སངས་རྒྱས་པའི་ལོ་དེའི་ཏུརྡུདུའི་ཟླ་བའི་ཉ་ལ་རི་རྩེ་འདིར་བྱོན་ཏེ་སྲིན་པོ་རྣམས་ལ་ཆོས་བསྟན། དེ་ནས་ལོ་ལྔ་པའི་བཀའི་ཉ་ལ་ཀླུ་ལ་སྟོན་དུ་བྱོན་པ། དེའི་ཤུལ་དུ་མཡཱངྒ་སྒྱུ་མའི་ཡན་ལག་བྱ་བའི་མཆོད་རྟེན་བརྩིགས་པ་ཤར་ངོས་ཀྱི་ཐང་གི་ནགས་ཚལ་ཀླ་ཀློ་དག་གི་ཡུལ་དང་ཉེ་བར་བཞུགས། སངས་རྒྱས་པའི་ལོ་བརྒྱད་པའི་ས་གའི་ཉ་ལ་ལྷ་ལ་ཆོས་སྟོན་དུ་བྱོན་པ་དེའི་ཤུལ་དུ་མུཀྱངྒ་མུ་སྟེགས་ཡན་ལག་བྱ་བའི་མཆོད་རྟེན་བརྩིགས་པ་ད་ལྟ་བདོ་ལའི་གྲོང་ཁྱེར་དབུས་སུ་བཞུགས། གནས་དེ་ཀུན་གནས་བརྟན་དབང་ཆེན་སྡེས་ངོས་འཛིན་མཛད་ཅིང་། རྒྱལ་པོ་སྐར་རྒྱལ་གྱིས་མཆོད་རྟེན་བཞེངས་ཞེས་གྲགས། ཤྲཱིཔཱདཱའི་གནས་སྐོར་ལ་ལོ་རེ་བཞིན་ཡུལ་མིའི་སུམ་ཆ་ཙམ་རེ་འཆར་ཅན་དུ་འགྲོ། དེར་གནས་སྐོར〔བ〕ཐམས་ཅད་ལ་རྒྱགས་དང་སྡོད་གནས་སོགས་སྦྱིན་བདག་རྣམས་ཀྱིས་སྦྱོར། ཟླ་བ་ལྷག་མ་རྣམས་ལ་སྤྲེའུ་དང་། གླང་ཆེན་སོགས་མི་མ་ཡིན་པའི་འགྲོ་བ་ཀུན་གནས་སྐོར་ལ་འགྲོ་ཟེར། རི་དེ་ལ་རྒྱུན་དུ་གློག་འཁོར་ཞིང་། འཇའ་འོད་འཁྱིལ་བ་སོགས་ངོ་མཚར་ཡང་ཤིན་ཏུ་ཆེ། རི་རྩེ་ནས་གནམ་གཤིས་བཟང་ཚེ་ཉི་མ་རྒྱ་མཚོའི་དབུས་ནས་ཡར་ཐོན་ཡང་ནུབ་པ་ལྟ་བུའི་ཡ་མཚན་གྱི་སྣང་བ་མཐོང་བ་སོགས་ཡོད།

    དེ་ལ་འདིར་མིའི་འགྲོ་བ་ཐོག་མར་མཆེད་པའི་ཚུལ་མི་འདྲ་བ་དག་ལས་གཅིག་ནི་རྒྱལ་པོ་རྭམཎ་སྤྲེའུའི་འཁོར་དང་བཅས་ཏེ་སོང་བའི་གཏམ་རྒྱུད་མུ་སྟེགས་ལ་གྲགས་པ་དང་། གཞན་ནི་རྒན་ཞུགས་ཀྱི་བྱུང་བའི་སྐབས་གསུངས་པ། དེད་དཔོན་སིངྒལར་སོང་སྟེ་ཟངས་གླིང་གི་སྲིན་མོ་རྣམས་བསད་དེ་ཡུལ་བཟུང་བས་གླིང་གི་མིང་ཡང་དེ་སྐད་གྲགས་སོ་བྱ་བ་དེ་ཡིན་ལ། ཁོང་པ་དག་ལ་གྲགས་པའི་རྒྱལ་རྒྱུད་ཀྱི་ཐོག་མ་ནི། འཛམ་བུ་གླིང་གི་ཡུལ་བྷངྒའི་རྒྱལ་པོའི་བུ་མོ་གཟུགས་བྱད་བཟང་བ་ཞིག་དུད་འགྲོའི་ཆུང་མ་བྱེད་པར་ལུང་བསྟན་པར་འཇིགས་ནས་ཁང་བཟང་ས་ནང་སྦས་ཏེ་བཞག དེས་དར་ལ་བབས་པ་ན། དགའ་བ་མེད་པའི་ལང་ཚོ་ཅི་བྱ་སྙམས་ནས་བྲོས་པ་ལས་སེང་གེ་ཞིག་གིས་གྲོགས་ཚོང་པ་རྣམས་བསད་དེ་བུ་མོ་ནགས་སུ་ཁྱེར་ཏེ་འདོད་པ་སྤྱད་པས་ཇི་ཞིག་ན་བུ་སྐྱེས་པ་ལ་སེངྷབཧུ་དང་། བུ་མོ་སྐྱེས་པར་སིངྷཤིལིར་བཏགས། ཆེར་སྐྱེས་པ་ན་རང་གི་མས་མི་ཡུལ་གྱི་འབྱོར་པ་བཤད་པས། དེས་མ་དང་སྲིང་མོ་འཁྲིད་དེ་ཡུལ་ལལཱ་བྱ་བར་བྲོས་ནས་དེའི་རྒྱལ་པོར་གྱུར། དེ་ལ་བུ་མང་དུ་སྐྱེས་པའི་ཐུ་བོ་བིཛཡ་དེ་ཤིན་ཏུ་གཏུམ་ཞིང་བསྒོ་བ་མི་མཉན་པས། ཕས་དེ་འཁོར་དང་བཅས་པ་ཡུལ་ཕྱུངས་པ་དག་རྒྱ་མཚོ་ལ་ཞུགས་ནས་གྲུ་དང་པོ་ལ་སྐྱེས་པ། གཉིས་པར་བུད་མེད། གསུམ་པར་བྱིས་པ་དག་བཞག་སྟེ་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་ཉིན་མོ་དེ་ཁོ་ན་ལ་ལངྐའི་ཡུལ་དུ་སླེབས་སོ་ཞེས་གྲགས་སོ། །དེ་ནས་རྒྱལ་རབས་བདུན་པ་རྒྱལ་པོ་ཏིསྶ་སྐར་རྒྱལ་གྱིས་མ་འགགས་པའི་གྲོང་ན་སྲིད་སྐྱོང་བའི་ཚེ། ངྷརྨཨཤྭཀ་འཛམ་གླིང་གི་བདག་པོར་གྱུར་ཏོ། །དེ་ལ་གནས་བརྟན་པ་དག་གི་ལྟར་ན། མ་སྐྱེས་དགྲའི་ཁྲི་ལོ་བརྒྱད་པར་བསྡུ་བ་དང་པོ་བྱས། དེ་ལ་གནས་བརྟན་པའི་བཀའ་བསྡུ་ཟེར། དེ་ནས་ཨཤྭ་ནག་པོའི་དུས་སུ་དགྲ་བཅོམ་ནམ་གྲུ་དང་གྲགས་པ་སོགས་ཀྱིས་བསྡུས། དེ་ལ་ཕལ་ཆེན་པའི་བསྡུ་བ་ཟེར། དེ་ནས་མྱ་ངན་མེད་ཀྱི་དུས་ཀྱི་ཁྲི་ལོ་བཅུ་བདུན་པ་ལ་མཽགལ་བུ་སོགས་ཀྱི་བསྡུས་པ་བྱས། དེ་དུས་སྡེ་པ་བཅོ་བརྒྱད་ཀྱིས་ཟིན། དེ་ཡང་མ་སྐྱེས་དགྲའི་བུ་འཆར་ཀ། དེའི་བུ་མ་འགགས་པ། དེའི་བུ་སྤྱི་ཟླུམ། དེའི་བུ་ཀླུ་བྱིན། དེའི་བློན་པོའི་བུ་ཨཤྭ་ནག་པོ། དེའི་བུ་ཁྲི་ལོ་བཅུ་པར་སངས་རྒྱས་འདས་ནས་ལོ་བརྒྱ་སོང་། སངས་རྒྱས་འདས་ནས་ཉིས་བརྒྱ་དང་དོན་གཅིག་པ་ལ་རྒྱལ་པོ་མྱ་ངན་མེད་ཀྱི་ཁྲི་ལོ་ཚུགས་པ་སོགས་ཡིན་ནོ། །

    ནམཨཤྭཀས་དགེ་སློང་ས་ཡ་བརྒྱད་ཅུ་དག་ལ་ནར་མའི་བསྙེན་བཀུར་བྱེད་པ་ན། གནས་བརྟན་མཽགལིའི་བུ་ཆེན་པོ་ལ་དྲིས་པ། བཙུན་པ། དགེ་འདུན་ལ་བསྙེན་བཀུར་བྱེད་པ་དག་ལས་ལྷག་པ་ལྟ་འགའ་ཞིག་མཆིས་སམ། རྒྱལ་པོ་ཆེན་པོ། རེ་ཞིག་ཆོས་ཀྱི་རྗེ་ཞལ་བཞུགས་པ་ན་ཡང་ཁྱོད་ལྟ་བུ་མེད་ན། ད་ལྟ་ནི་ལྟ་ཅི་སྨོས། བཙུན་པ་དགེ་བའི་རྩ་བ་འདི་གཞན་འགའ་ཞིག་གིས་ཟིལ་གྱིས་གནོན་པར་མ་གྱུར་གྲང་། རྒྱལ་པོ་ཆེན་པོ། གང་གི་རང་ཉིད་ཀྱི་བུ་དང་། བུ་མོ་རབ་ཏུ་འབྱིན་པར་བྱེད་པ་དེ་དག་ཁོ་ནས་སོ། །ཨཤྭཀས། རང་གི་བུ་མཧེནྡྲ་དང་། བུ་མོ་སངྒ། མིཏྲཱ་གཉིས་བོས་ནས་ཁྱེད་ཅག་རབ་ཏུ་འབྱིན་པར་འདོད་དམ། གང་གི་ཚེ་ཞང་པོ་རབ་ཏུ་བྱུང་བ་དེའི་ཉིན་མོ་ཁོ་ན་ནས་འདོད་པར་གྱུར་ན། གལ་ཏེ་ཡབ་ཀྱིས་གནང་ན་དེང་ཉིད་དུ་འཚལ་ལོ། །དེའི་ཚེ་ཨཤྭཀ་ཁྲི་ལོ་དྲུག་པ་ལ་བབས་ཤིང་། དབང་ཆེན་སྡེ་ལོ་ཉི་ཤུ་དང་། སཾགམིཏྲཱ་བཅོ་བརྒྱད་ལོན་པ་གཉིས་རིམ་བཞིན་གནས་བརྟན་མཽགལལིའི་བུ་ཆེན་པོ་དང་། འཕགས་པ་ཆོས་སྐྱོང་མ་གཉིས་ཀས་རབ་ཏུ་ཕྱུངས་ཤིང་། གཙུག་ལག་ཁང་དེ་ཉིད་དུ་དབང་ཆེན་སྡེ་བསྙེན་པར་རྫོགས་སོ། །དེ་ལྟར་ན་གནས་བརྟན་དབང་ཆེན་སྡེ་ནི། མཽགལལའི་བུ་ཆེན་པོའི་མཁན་བུ་ཡིན་ལ། མཽགལལིའི་བུ་ནི་གནས་བརྟན་སིགྒལཱའི་དང་། དེ་གནས་བརྟན་སོརྞརྐའི་དང་དེ་གནས་བརྟན་ད་སཱཀའི་དང་། དེ་ཨུཔལའི་སྟེན། ཨུ་པ་ལི་ནི་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱི་སློབ་མར་གྱུར་ཏོ། །མི་རིང་བར་མིང་སྲིང་གཉིས་ཀས་ཀྱང་དགྲ་བཅོམ་པ་ཐོབ་ནས་གནས་བརྟན་མཽགལལིའི་བུ་ཆེན་པོས། དགེ་འདུན་གྱི་བྱ་བ་དག་མ་ཧེནྤྲ་ལ་གཏད་ནས། རང་ཉིད་གངྒའི་བྱང་གི་རི་བོ་ཨེམགངྒཱ་བྱ་བར་བྱོན་ཏེ། འགོག་པ་སྙོམས་པར་ཞུགས་སོ། །གང་གི་ཚེ་རྒྱལ་པོ་ཨཤྭ་ཀས་འཛམ་བུའི་གླིང་ཀུན་ཏུ་ཆོས་ཀྱི་ཕོ་ཉ་བཀྱེ་བ་ན། གནས་བརྟན་དབང་ཆེན་སྡེ་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་ལོན་ཏེ། རང་གི་ཡབ་ཀྱིས་བསྐུལ་བ་བཞིན་དགེ་སློང་བཞི་དང་། ཚ་བོ་དགེ་ཚུལ་སུམན་དང་བཅས་པ་ལངྒའི་ཡུལ་དུ་ཆོས་སྤེལ་བར་གཤེགས་སོ། །དེ་དག་མཐར་གྱིས་དེར་བྱོན་ཏེ་རི་བོ་ཨམྦཏལའི་ངོགས་ཨ་མྲའི་ལྗོན་པ་ཞིག་གི་གྲིབ་བསིལ་ལ་བཞུགས་པ་ན། རྒྱལ་པོ་སྐར་རྒྱལ་འཁོར་བཞི་སྟོང་དང་བཅས་ཏེ་རྔོན་བྱེད་དུ་འོངས་པས་མཐོང་ནས་གནོད་སྦྱིན་དུ་འཕྲུལ་ཏེ་མདའ་གཞུ་གྲབས་བྱས་པར། གནས་བརྟན་གྱིས་སྐར་རྒྱལ་འདིར་ཤོག་ཅིག་བདག་ཅག་འཛམ་བུའི་གླིང་ནས་ཁྱོད་ཁོ་ནའི་སླད་དུ་རྒྱལ་པོ་ངྷརྨཨཤྭཀས་བཏང་བའི་སངས་རྒྱས་ཀྱི་ཉན་ཐོས་དག་ཡིན་ནོ། །དེ་མྱ་ངན་མེད་ཀྱི་མིང་ཐོས་པས་འཇིགས་པ་དང་བྲལ་ཏེ་གནས་བརྟན་གྱི་དྲུང་དུ་བསྡད་ཅིང་། གཞན་རྣམས་ཀྱང་མཐོང་ནས་འཕགས་པ་འདི་དག་ཀྱང་སངས་རྒྱས་ཀྱི་ཉན་ཐོས་ལགས་སམ། འདི་དག་དང་བྲལ་བ་གཞན་ཡང་འཛམ་བུའི་གླིང་ན་ཡོད་དམ། རྒྱལ་པོ་ཆེན་པོ། རེ་ཞིག་འཛམ་བུའི་གླིང་ཉིད་འདི་ལྟ་བུ་དག་གིས་དམར་སེར་དུ་སྣང་ངོ་། །རྒྱལ་པོའི་དྲི་བ་རྫོགས་ནས་གནས་བརྟན་གྱིས་རྒྱལ་པོ་ཤིང་འདིའི་མིང་ཅི་ཞིག ཨ་མྲའོ། །ཨ་མྲ་གཞན་ཡང་མཆིས་སམ། འཕགས་པ་མང་དུ་མཆིས་སོ། །དེ་ལས་གཞན་པའི་ཤིང་འགའ་ཡང་མཆིས་སམ། འཕགས་པ། ཨ་མྲ་མ་ཡིན་པའི་ཤིང་མཐའ་དག་དེ་ཡིན་ནོ། །དེ་གཉིས་ལས་གཞན་དུ་གྱུར་པའི་ཤིང་འགའ་ཡང་མཆིས་སམ། །འཕགས་པ་གཅིག་ཁོ་ན་སྟེ། ཨ་མྲའི་ཤིང་འདིའོ། །རྒྱལ་པོ་ཤེས་རབ་ཅན་དུ་གཟིགས་ཏེ་ཆོས་བསྟན་པས་འཁོར་དང་བཅས་མོས་པར་གྱུར་ཏེ། རང་གི་ཤིང་རྟ་ལ་གནས་བརྟན་འཁོར་བཅས་བཞུགས་སུ་གསོལ་ཏེ། གྲོང་ཁྱེར་དུ་གདན་དྲངས། རྒྱལ་བུ་བྷནྡུ་ཐོག་མར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགྲ་བཅོམ་པ་ཉིད་བརྙེས། གནས་བརྟན་བྱོན་པའི་ས་མིག་དེར་སིངྒལའི་ཡུལ་གྱི་མཆོད་རྟེན་ཐོག་མ་བརྩིགས་པ་ད་ལྟའི་བར་གནས། ཕྱོགས་དེར་གནས་བརྟན་གཟིམས་པའི་བྲག་སྐྱིབས་སུ་མལ་ཁྲི་དང་རྔས་ཆ་སོགས་རྡོ་ལས་བྱས་པ་ཡང་སྣང་། བི་མནའི་མདོ་བཤད་པ་ན་རྒྱལ་པོའི་བུ་མོ་ཨུནུ་ལ་འཁོར་ལྔ་བརྒྱ་དང་བཅས་པས་བདེན་པ་མཐོང་། ཡབ་ལ་རབ་ཏུ་འབྱིན་པར་ཞུས་པ་གནས་བརྟན་ལ་གསོལ་བས། བདག་ཅག་ལ་བུ་མེད། རབ་ཏུ་འབྱིན་པར་མ་གནང་བས། བདག་གི་སྲིང་མོ་དགེ་འདུན་རྩ་ལག་མ་བྱ་བ་ཡོད་པས་གདན་དྲོངས་ཤིག རྒྱལ་པོ་སྐར་རྒྱལ་གྱིས་རང་གི་ཚ་བོ་རྒྱལ་བུ་འཆི་ལྟས་ཨརྵྚིཊ་བྱ་བ་ལ། གཡས་འཁྱིལ་དང་། མུ་ཏིག་ལ་སོགས་པའི་སྐྱེས་མང་པོ་དང་བཅས་སྐྱ་ནར་གྱི་བུར་བརྫངས་པས། མྱ་ངན་མེད་ཀྱིས་རྒྱལ་པོ་སྐར་རྒྱལ་ཆོས་ལ་མོས་པ་ཐོབ་པ་ཐོས་ནས་ཤིན་ཏུ་དགའ་བར་གྱུར་ཅིང་། རོང་གི་བུ་མོ་དགེ་འདུན་རྩ་ལག་མ་ཡང་བརྫངས། བྱང་ཆུབ་ཤིང་གི་ཡལ་ག་ཞིག་བླངས་ཏེ་གསེར་གྱི་ཡོལ་ཀོ་ལུས་ཚད་མཉམ་པའི་ནང་དུ་བཙུགས། ཉིན་བདུན་ལ་དུས་སྟོན་བྱས་ཏེ་དཔུང་གི་ཚོགས་ཆེན་པོ་དང་བཅས་པས་སིངྒལའི་གླིང་དུ་བསྐྱལ། རྒྱལ་པོ་སྐར་རྒྱལ་གྱིས་སྔོན་མ་མྱོང་བའི་བསུ་བ་བརྒྱ་ཆེན་པོ་བྱས་ཏེ། ཡལ་ཀ་དེ་སྤྲིན་ཆེན་པོའི་ཀུན་དགའ་རྭ་བར་བཙུགས་པ་ད་ལྟའི་བར་མ་འགགས་ཀྱི་གྲོང་ཁྱེར་ཨནུརུངྷཔུརན་ཤིན་ཏུ་རྒས་ཤིང་ཞུམ་པའི་རྣམ་པ་ཅན་དུ་བཞུགས་ཤིང་། སིངྒལ་པ་རྣམས་ཀྱིས་སྲོག་གི་སྙིང་པོ་ལྟར་གཅེས་སྤྲས་བྱེད། ཡ་ང་བའི་སྐབས་ཀུན་ཏུ་དམག་དཔུང་ཆེན་པོས་བསྐོར་ཏེ་བསྲུངས། འདབ་མ་རེ་ལ་ཡང་གསེར་དང་འདྲ་བའི་རྩིས་ཐང་བྱེད་དོ། །བྱང་ཆུབ་ཤིང་འདི་གདན་དྲངས་པའི་བསུ་བཀོད་རྣམས་རྒྱ་གར་སཉྩེའི་ཡུལ་ན་ཨཤྭཀ་རང་ཉིད་ཀྱིས་བཞེངས་པའི་མཆོད་རྟེན་ཆོས་ཀྱི་རྒྱལ་པོ་པ་ཞིག་ཡོད་པའི་རྭ་བའི་དྲྭ་མིག་གི་སྟེང་དུ་རྡོ་ལ་རི་མོར་བརྐོས་པ་དེང་སང་གི་བར་དུ་གནས་སོ། །

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག