མདུན་ཤོག- དཔལ་འབྱོར་འཚོ་བ།- ཚོང་ཁྲོམ་འགྱུར་སྟངས།

རྒྱལ་ཁབ་ས་ཁང་བདག་ཁོངས་ཐོན་ཁུངས་པུའུ་ཡིས་ཐོག་མ་བྱས་ཏེ་མཚོ་སྔོན་བོད་རིགས་འདུས་སྡོད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏང་བར་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཉེར་དྲུག་འགྲེམ་སྤེལ་བྱས་པ།

སྒྲོལ་མ་སྐྱིད།  མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2011-01-14 16:37

རྒྱལ་ཁབ་ས་ཁང་བདག་ཁོངས་ཐོན་ཁུངས་པུའུ་ཡིས་ཉེ་ལམ་«མཚོ་སྔོན་བོད་རིགས་འདུས་སྡོད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་སྐོར་གྱི་བསམ་འཆར།»འགྲེམ་སྤེལ་བྱས་ཏེ། ཕྱོགས་བདུན་གྱི་ཐད་ནས་མཚོ་སྔོན་གྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཉེར་དྲུག་བཏོན།

དེ་ནི་ད་ལོར«ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟི་ཁྲོན་དང་ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་བོད་རིགས་འདུས་སྡོད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར།»འགྲེམ་སྤེལ་བྱས་རྗེས། རྒྱལ་ཁབ་ས་ཁང་བདག་ཁོངས་ཐོན་ཁུངས་པུའུ་ཡིས་རྒྱལ་ཁབ་ཀྱི་པུའུ་ཨུ་སོ་སོའི་ཁྲོད་ཐོག་མར་མཚོ་སྔོན་བོད་རིགས་འདུས་སྡོད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་པུའུ་ཨུའི་ཡིག་ཆ་དང་པོ་འགྲེམ་སྤེལ་བྱས་པ་ནི། རྒྱལ་ཁབ་ས་ཁང་བདག་ཁོངས་ཐོན་ཁུངས་པུའུ་ཡིས་ཡུས་ཧྲུའུ་ཡི་ས་འགུལ་རྗེས་སུ་ཐོག་མར་«ཡུས་ཧྲུའུ་ཡི་ས་འགུལ་གནོད་འཚེ་རྗེས་ཀྱི་བསྐྱར་འཛུགས་ཀྱི་དམིགས་བསལ་རོགས་སྐྱོར་སྲིད་ཇུས་ལག་ལེན་བྱེད་པའི་སྐོར།»འགྲེམ་སྤེལ་བྱས་རྗེས་ཀྱི་མཚོ་སྔོན་གྱི་བོད་རིགས་འདུས་སྡོད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་རོགས་སྐྱོར་ཆེན་པོ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན།

སྲིད་ཇུས་དང་བྱེད་ཐབས་དེ་དག་ནི། ས་ཞིང་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ས་ཞིང་ལེགས་སྒྲིག་དང་ས་ཞིང་བཀོལ་སྤྱོད་གྲོན་ཆུང་དང་ལེགས་བསྡུས་བྱེད་པར་ཤུགས་སྣོན། ས་གཤིས་རྩད་ཞིབ་དང་གཏེར་རྫས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་པར་ཤུགས་སྣོན། ཚ་འདམ་གཞོང་གི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ས་ཁུལ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར། ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་དང་ས་གཤིས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཤུགས་སྣོན། ཚན་རིག་གི་འདེགས་སྐྱོར་ནུས་པ་དང་རྨང་གཞིའི་བྱ་བའི་ཆུ་ཚད་མཐོར་འདེགས། ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་སོགས་ཕྱོགས་བདུན་གྱི་ཐད་ལ་གཏན་ཁེལ་གསལ་བོ་བྱས་ཡོད། དེའི་ནང་དོན་ཕལ་ཆེར་རྒྱལ་ཁབ་ས་ཁང་བདག་ཁོངས་ཐོན་ཁུངས་ཀྱི་ཕྱོགས་སོ་སོར་ཁེབས་ཡོད་པས། སྲིད་ཇུས་ཐད་ནས་དམིགས་བསལ་གྱི་རོགས་སྐྱོར་བྱས་ཡོད་པར་མ་ཟད། མ་དངུལ་དང་ལག་རྩལ། ཤེས་ཡོན་ཅན་སྐྱེད་སྲིང་བྱེད་པ་སོགས་ཀྱི་ཐད་ནས་བཀོད་སྒྲིག་བྱས་ཤིང་། རོགས་སྐྱོར་བྱེད་ཤུགས་སྔར་ལས་ཆེ་ཞིང་ལག་བསྟར་རང་བཞིན་ཆེན་པོ་ལྡན་པ་རེད།

སྲིད་ཇུས་དང་བྱེད་ཐབས་དེ་དག་ནི། གཅིག མཚོ་སྔོན་ཞིང་ཆེན་གྱིས་འཆར་འགོད་དང་འཆར་གཞི་ལྟར། ཚ་འདམ་གཞོང་གི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ས་ཁུལ་གྱི་རྡོ་སོལ་དང་གཏེར་ཁ་འཚོལ་ཞིབ་དབང་ཆའི་ཆོག་མཆན་དཔང་ཡིག་དང་གཏེར་ཁ་སྔོག་འདོན་དབང་ཆའི་ཆོག་མཆན་དཔང་ཡིག་ལ་ཞིབ་བཤེར་ཆོག་མཆན་འགོད་པའི་དབང་ཆ་གནང་བ། གཉིས་ནི་མ་དངུལ་དང་ལག་རྩལ་ཐད་ནས་མཚོ་སྔོན་གྱི་འབར་ཆོག་པའི་འཁྱག་རོམ་རྩད་ཞིབ་དང་གསར་སྤེལ་ལག་རྩལ་ཐད་ལ་རྒྱབ་སྐྱོར་བྱེད་རྒྱུ་གཏན་ཁེལ་གསལ་བོར་བྱས་ཡོད་པ། གསུམ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཚ་འདམ་གཞོང་གི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ས་ཁུལ་གྱི་ས་ཞིང་དོ་དམ་ལམ་ལུགས་བཅོས་སྒྱུར་ཐད་ནས་སྔོན་མ་བྱས་ཏེ་ཚོད་ལྟ་ལག་བསྟར་བྱེད་པར་དབང་ཆ་གནང་བ། བཞི་ནི་ཚ་འདམ་གཞོང་གི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ས་ཁུལ་གྱི་བཟོ་ལས་ལས་གཞིས་ཞིང་བའི་ས་ཞིང་བཀོལ་སྤྱོད་བྱེད་དགོས་པ་དང་། ས་ཞིང་བཀོལ་སྤྱོད་བྱེད་འདོད་མཁན་གཅིག་མ་གཏོགས་མེད་ཚེ། གྲོས་མཐུན་བེད་སྤྱད་དེ་ཕྱིར་བཙོང་བའི་བྱེད་སྟངས་ལྟར་ས་ཞིང་འདོན་སྤྲོད་བྱེད་ཆོག་པའི་འཐད་པ་བྱུང་བ། ལྔ་ནི་ཚ་འདམ་གཞོང་གི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ས་ཁུལ་གྱིས་བྱེ་མ་ཅན་གྱི་ས་ཞིང་དང་ཞིང་རྒོད་སོགས་བེད་སྤྱད་དེ་ཚྭ་ཞིང་དང་ནུས་ཁུངས་གསར་བ། གཏེར་ཁ་སོགས་ཀྱི་ལས་གཞི་འཛུགས་སྐྲུན་བྱེད་པར་ས་ཞིང་གི་གཞི་རྩའི་རྣམ་པ་མི་འགྱུར་བའི་གནས་ཚུལ་འོག ས་ཞིང་མཁོ་འདོན་གྱི་བྱེད་ཐབས་འཚོལ་ཞིབ་བྱེད་ཆོག་པར་འཐད་པ་བྱུང་བ། དྲུག་ནི་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་གྱི་མཁར་གྲོང་འཛུགས་སྐྲུན་གྱི་ས་ཞིང་བཀོལ་སྤྱོད་འཕར་ཆག་གི་འབྲེལ་ལམ་འཛུགས་པའི་ཚོད་ལྟ་བྱེད་ས་ཞིག་ཡིན་པའི་ཆ་ནས། འཁོར་རྒྱུག་དམིགས་ཚད་བཀོལ་སྤྱོད་བྱེད་སྟངས་དང་ཕན་འབྲས་བགོ་བཤའ་རྒྱག་པའི་བྱེད་ཐབས་འཚོལ་ཞིབ་བྱེད་པའི་དབང་ཆ་གནང་བ། བདུན་ནི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བཟོ་ལས་བཀོལ་སྤྱོད་བྱེད་པའི་ས་ཞིང་གི་ཕྱིར་བཙོང་མ་དངུལ་གྱི་བྱེ་བྲག་གི་ལག་བསྟར་ཚད་གཞི་གཏན་ཁེལ་བྱེད་པ་དང་། གནས་ཚུལ་མི་འདྲ་བ་དེ«རྒྱལ་ཡོངས་ཀྱི་བཟོ་ལས་བཀོལ་སྤྱོད་ས་ཞིང་ཕྱིར་བཙོང་གི་ཆེས་དམའ་བའི་ཚད་གཞིའི»བརྒྱ་ཆའི་བཅུ་ནས་བརྒྱ་ཆའི་ལྔ་བཅུ་ལྟར་ལག་བསྟར་བྱེད་དགོས་པ་དང་། གསར་སྤེལ་ས་ཁུལ་དང་བཟོ་ལས་གཅིག་བསྡུས་ས་ཁུལ་འཛུགས་སྐྲུན་བཀོལ་སྤྱོད་ས་ཞིང་གི་ཚད་གཞིའི་ས་རིན་འོས་འཚམ་སྒོས་ཇེ་དམའ་རུ་གཏོང་ཆོག་པའི་དབང་ཆ་གནང་ཤིང་། མཚོ་སྔོན་དང་ཤར་ཕྱོགས་ས་ཁུལ་གྱིས་མཉམ་དུ་ཐོན་ལས་ས་ཁུལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་དང་ཞིང་ཆེན་གྱི་གནད་སའི་ལས་གཞིའི་ཁྲོད་འགོད་པ་དང་། ཐོག་མར་ས་ཞིང་བཀོལ་སྤྱོད་ཀྱི་འགྲོ་ལུགས་སྒྲུབ་ཆོག་པ་མ་ཟད། ལས་གཞི་མགྱོགས་མྱུར་སྒོས་དངོས་འབེབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། བརྒྱད་ནི་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྱི་ས་ཞིང་ལེགས་སྒྲིག་གི་གནད་ས་དང་དཔེ་སྟོན་ལས་གཞིའི་ཁྲོད་འགོད་པར་འཐད་པ་བྱུང་བ་ལ། ས་གནས་ཀྱི་ཆ་ཚང་མ་དངུལ་མེད་པར་གཏོང་རྒྱུ། དགུ་ནི་རྒྱལ་ཁབ་ཀྱིས་མ་དངུལ་ཐད་ནས་སྤྱི་ཆིངས་འབུམ་གཉིས་ལྷག་གི་གཏེར་ཁའི་ཁོར་ཡུག་སླར་གསོ་བཅོས་སྐྱོང་བཟོ་སྐྲུན་དང་ཚ་འདམ་གཞོང་གི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ས་ཁུལ་གྱི་ཁྲི་ལྔ་ཆའི་གཅིག་གི་ཆུ་དཔྱད་ས་གཤིས་ཁོར་ཡུག་གི་ས་གཤིས་རྟོག་ཞིབ་དཔྱད་འཇོག་བྱ་བར་རྒྱབ་སྐྱོར་བྱེད་པར་གཏན་ཁེལ་གསལ་བོ་བྱས་པ། བཅུ་ནི་མ་དངུལ་དང་ལག་རྩལ་ཐད་ནས་མཚོ་སྔོན་གྱི་རྒྱལ་ཁབ་ཐོན་ཁུངས་འཕྲིན་གསར་ཅན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་བཅས་རེད། །