མདུན་ཤོག- དཔལ་འབྱོར་འཚོ་བ།- འབྱོར་བའི་གཏམ་རྒྱུད།

ཚེ་ལྷ་རྒྱལ་དང་དུད་ཁྱིམ་སྟོང་གི་སྡེ་གསར།

མཚོ་སྔོན་གྱི་འབྲོག་པའི་གཏན་སྡོད་བཟོ་བཀོད་འཛུགས་སྐྲུན་གྱི་ལས་ཡུལ་དངོས་ཀྱི་གནས་ཚུལ་བཀོད་པ།

ཤ་བོ་རིན་མཚོ།  མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2011-01-14 16:38

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནས། ཚེ་ལྷ་རྒྱལ་ཞེས་གླེང་སྐབས། མི་མང་པོ་ཞིག་གིས་ཁོ་རང་སུ་ཡིན་ཤེས་ཀྱིན་མེད་མོད། འོན་ཀྱང་། ཐེམ་ཆེན་རྫོང་དུ་ཐོན་ན། ཚེ་ལྷ་རྒྱལ་ནི་མཚན་སྙན་ཆེན་པོ་ལྡན་པའི་མི་མིང་གྲགས་ཅན་ཞིག་རེད། ལོ་འདི་ཤས་རིང་ཚེ་ལྷ་རྒྱལ་གྱི་མཚན་སྙན་ཐེམ་ཆེན་རྩྭ་ཐང་དུ་དབྱར་སྐྱེས་རྔ་སྒྲ་བཞིན་གྲགས་པའི་རྒྱུ་མཚན་གཙོ་བོ་ནི་འབྲོག་པའི་གཏན་སྡོད་བཟོ་སྐྲུན་གྱི་དོན་རེད།

2009ལོའི་ཟླ10བའི་ཚེས27ཉིན། གསར་འགོད་པ་ཐེམ་ཆེན་རྫོང་བྲག་དམར་ཞང་གི་འབྲོག་པའི་གཏན་སྡོད་ས་ཁུལ་དུ་སོང་དུས་ཞིང་ཕྱུགས་ལས་ཀྱི་གཙོ་འགན་ཁུར་བའི་རྫོང་དཔོན་གཞོན་པ་ཚེ་ལྷ་རྒྱལ་དང་འཕྲད་བྱུང་། ཁོ་ནི་མིག་ཀོང་ཟབ་ལ། རྣའི་གཟེངས་མཐོ་བ། གཟུགས་ཅུང་ཐུང་ཞིང་ཤ་རྒྱགས་པའི་མི་སྤྱིར་བཏང་བ་ཞིག་རེད། འདི་ནི་རྫོང་དཔོན་གཞོན་པ་ཚེ་ལྷ་རྒྱལ་གྱིས་གསར་འགོད་པར་ཐོག་དང་པོར་བཞག་པའི་བག་ཆགས་རེད། ཉིན་དེར། གསར་འགོད་པ་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་བརྟག་དཔྱད་ཞིབ་འཇུག་ཞིབ་བཤེར་ཚན་ཁག་གི་བློ་མཐུན་རྣམས་དང་མཉམ་དུ་རྫོང་དཔོན་གཞོན་པ་ཚེ་ལྷ་རྒྱལ་གྱི་རྗེས་དེད་ནས་སྤྱི་ལེ་བརྒྱད་བཅུ་ཙམ་གྱི་ལམ་ལ་སོང་ནས། རྫོང་ཡོངས་ཀྱི་གཏན་སྡོད་བཟོ་བཀོད་འཛུགས་སྐྲུན་ལག་བསྟར་གནས་ཚུལ་རྒྱུས་ལོན་རགས་ཙམ་བྱུང་། ཉིན་དེར། ང་ཚོར་མྱོང་ཚོར་ཟབ་མོ་ཞིག་ཐོབ་པ་ནི་གྲངས་ཉུང་མི་རིགས་ས་ཁུལ་དུ་ཁོ་ལྟ་བུའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ནི་ཧ་ཅང་དགོས་གལ་ཆེ་བ་ཞིག་རེད་སྙམ། རྫོང་དཔོན་གཞོན་པ་ཚེ་ལྷ་རྒྱལ་གྱིས་བཤད་རྒྱུར། “འབྲོག་པའི་གཏན་སྡོད་བཟོ་སྐྲུན་གྱི་དགེ་མཚན་ནི་སྨྲས་མ་དགོས་ཤིག་ཡིན་ལ། འོན་ཀྱང་། མང་ཚོགས་ཀྱི་ལོ་མང་བའི་རིང་གོམས་པའི་འཚོ་བ་རོལ་སྟངས་བསྒྱུར་རྒྱུ་དེ་ནི་ཧ་ཅང་ལས་དཀའ་མོ་ཞིག་རེད། རྫོང་ཐོག་ཏུ་གཏན་སྡོད་བྱས་ཡོད་པའི་འབྲོག་པ་ཁྱིམ་ཚང་གི་ཁང་བའི་ནང་སྤྱོད་ཁང་ཞིག་ལས་རྒྱུ་དེ་གཅིག་པའི་ཆེད་དུའང་ཡར་རྒྱུག་མར་རྒྱུག་བྱས་ཏེ་ཁ་ལ་སློབ་གསོ་བཏང་སྟེ་དཀའ་ལས་ཆེན་པོ་མྱངས། བརྩོན་འགྲུས་ཅན་ལ་བསླུ་བ་མེད་ཅེས་པ་ལྟར། ཐེངས་མང་འབྲེལ་འདྲིས་དང་མཐུན་སྦྱོར་བྱས་འོག མང་ཚོགས་ཀྱིས་ད་གཟོད་དོན་དངོས་དེ་དང་ལེན་བྱས་པ་རེད།”

ཁོས་བཤད་པ་ཧ་ཅང་སྟབས་བདེ་ཡིན་མོད། འོན་ཀྱང་། ང་ཚོའི་སེམས་སུ་གསལ་ལར་འཆར་བ་ནི། འདི་ལྟ་བུའི་དོན་དག་ཅིག་གང་བྱུང་དུ་རྒྱུག་པ་དང་བཤད་པ་ཙམ་གྱིས་སྒྲུབ་མི་ཐུབ་ལ། ཚེ་ལྷ་རྒྱལ་གྱིས་དེའི་དོན་དུ་སེམས་ཤུགས་ཅི་ཙམ་ཕུལ་ཡོད་པ་དང་དཀའ་བ་སྤྱད་ཅི་འདྲ་ཞིག་སྤྱད་ཡོད་པ་ནི་བཤད་མི་དགོས་གངས་དཀར་སེམས་རེད། བྲག་དམར་ཞང་རྡོ་བཞི་སྡེ་བའི་བུན་ཁྲང་ཚང་ནས་ང་དང་གནས་ཚུལ་གོ་ཐོས་ཀྱིས་ཡོང་བའི་ཧྲེ་གཉིས་པའི་ཧྲུའུ་ཅི་ཨོ་བྷ་དང་མཉམ་དུ་ཚེ་ལྷ་རྒྱལ་གླེང་སྐབས། ཁོས་བཤད་རྒྱུར། གཏན་སྡོད་བཟོ་སྐྲུན་ལག་བསྟར་བྱས་པ་ནས་བཟུང་། རྫོང་དཔོན་གཞོན་པ་ཚེ་ལྷ་རྒྱལ་གཟའ་འཁོར་གཅིག་གི་ནང་ཞང་ཐོག་ཏུ་ཐེངས་གསུམ་བཞི་རེ་རྒྱུག་དགོས་ཏེ། གཅིག་ནས་བཟོ་སྐྲུན་གྱི་སྤུས་ཚད་ལ་དུས་ཐོག་ཏུ་ཞིབ་བཤེར་བྱེད་པ་དང་། གཉིས་ནས་འབྲོག་དམངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་རྒྱུ་དེ་རེད། མང་ཚོགས་ཚང་མས་ཁོ་ལ་གནས་ཚུལ་ཞུ་བ་དང་བསམ་འཆར་འདོན་རྒྱུར་དགའ་ལ། ཚང་མའི་སྣང་བར་དོན་དག་ཆེ་མ་ཆུང་གསུམ་ཅི་ཞིག་ཡིན་རུང་རྫོང་དཔོན་གཞོན་པ་ཚེ་ལྷ་རྒྱལ་གྱི་མདུན་ལ་སོང་ན། ཁོས་ཚང་མ་དོན་དག་གལ་ཆེན་ཞིག་ཏུ་བརྩིས་ནས། རང་ནུས་ཅིག་ལྕོགས་ཀྱིས་ཐག་གཅོད་ངེས་རེད། དེར་བརྟེན། ས་འདིའི་མི་ཚང་མས་ཁོ་ནི་རང་ཉིད་ཀྱི་ཁྱིམ་མི་ཞིག་དང་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཏུ་བརྩི་བཞིན་ཡོད།

བྲག་དམར་ཞང་ནས་ཐེམ་ཆེན་རྫོང་ཐོག་ཏུ་ཕྱིར་ཡོང་བའི་ལམ་བར་དུ། ང་ཚོས་རྫོང་དཔོན་གཞོན་པ་ཚེ་ལྷ་རྒྱལ་གྱིས་གླེང་བའི་དུད་ཁྱིམ་སྟོང་གི་སྡེ་གསར་དེ་མཐོང་བྱུང་། སྡེ་གསར་དེ་ནི་རྫོང་མཁར་གྱི་ནུབ་བྱང་མཚམས་སུ་ཡོད་ལ། ཐོག་མའི་གཞི་ཁྱོན་ཆགས་ཡོད། དུད་ཁྱིམ་སྟོང་གི་སྡེ་གསར་ཟེར་དོན་ནི་ཞིང་སྡེ་གསར་བ་འཛུགས་སྐྲུན་གྱི་ཁྲོད་ས་དེར་དབུལ་ཕོངས་ཁྱིམ་ཚང118བཀོད་སྒྲིག་བྱས་པ་དང་། གཏན་སྡོད་ཁྱིམ་ཚང882 བཀོད་སྒྲིག་བྱས་ཏེ་བསྡོམས་པའི་ཁྱིམ་ཚང་སྟོང་གཅིག་བཀོད་སྒྲིག་བྱེད་པའི་སྤྱི་ཡོངས་ཀྱི་འཆར་འགོད་དེ་ལ་ཟེར། སྡེ་བ་དེར་ཡོངས་ལ་ལྟ་སྐོར་བྱས་རྗེས། ང་ཚོས་ད་གཟོད་ཐེམ་ཆེན་རྫོང་གི་འབྲོག་པ་མང་ཚོགས་ཀྱིས་བཟོ་སྐྲུན་དེ་གཟི་བརྗིད་ཅིག་ཏུ་བརྩི་བཞིན་པའི་རྒྱུ་མཚན་ཧ་གོ་སོང་། སྡེ་གསར་གྱི་ཁྱིམ་ཚང་རེ་རེའི་ནང་དུ་ཆུ་དང་། གློག ལམ། ཁ་པར། དྲ་རྒྱ་སོགས་སྒྲིག་བཀོད་བྱས་ཏེ“ཆ་ཚང་བཅུའི”ཚད་གཞིར་ཐོན་ཡོད་པ་དང་། གཏན་སྡོད་ཁྱིམ་ཚང་རེར་ཡངས་ཤིང་དྲོ་ལ། མཛེས་ཤིང་སྤྱོད་བདེ་བ ། གཙང་ཞིང་མི་རིགས་ཀྱི་བཟོ་བཀོད་ཁྱད་ཆོས་ལྡན་པའི་གཏན་སྡོད་ཁོར་ཡུག་ཅིག་ཡོད་པའི་ཚད་གཞི་མངོན་འགྱུར་བྱས་ཡོད་པས། མཚོ་ནུབ་ཁུལ་གྱི་འབྲོག་པ་མང་ཚོགས་ཀྱི་གཏན་སྡོད་བཟོ་སྐྲུན་གྱི་མ་དཔེ་རེད་ཅེས་བཤད་ཆོག་ཆོག་རེད། རྫོང་དཔོན་གཞོན་པ་ཚེ་ལྷ་རྒྱལ་གྱིས་བཤད་རྒྱུར། སྤུས་ཚད་མཐོ་བའི་གཏན་སྡོད་བཟོ་སྐྲུན་ཞིག་ཡིན་ཚེ་འབྲོག་པ་མང་ཚོགས་ཀྱི་ཡིད་ཚིམས་པ་དང་སྲིད་གཞུང་གི་སེམས་བདེ་བའི་བཟོ་སྐྲུན་ཞིག་རེད། དེ་ལྟ་ཡིན་ཚེ་ད་གཟོད“ལོ་ལོན་དང་བྱིས་པ། ཚོང་བ”སོགས་གྲོང་རྡལ་དུ་ཡོང་ཐུབ་པ་དང་། “རྒན་པ་གསོ་སྐྱོང་དང་གཞོན་པ་གཉོར་སྐྱོང”བྱེད་པར་སྟབས་བདེ་བར་མ་ཟད། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་ད་གཟོད་བདེ་སྡོད་ལས་བརྩོན་གྱི་འཚོ་བ་རོལ་ཐུབ། །