མདུན་ཤོག- དཔལ་འབྱོར་འཚོ་བ།- འབྱོར་བའི་གཏམ་རྒྱུད།

ཕྱུག་འགྱུར་གྱི་སྣེ་ཁྲིད་མཁན་མཛངས་མ་པདྨ་མཁའ་འགྲོ།

ཤ་བོ་རིན་མཚོ།  མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2011-01-14 16:39

“བསམ་ཡུལ་ལས་འདས་པ་ཞིག་ནི། རྒྱ་མཚོ་ངོས་ལས་སྨིས་སུམ་སྟོང་ཡན་ཡོད་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྩྭ་ཐང་དུའང་བྲོ་བཅུད་ལྡན་པའི་ལ་ཕུག་དཀར་པོ་སྐྱེས་ཐུབ་པ་དེ་རེད།” ད་ལོའི་ཟླ8པའི་ཚེས18ཉིན། གསར་འགོད་པ་རྕེ་ཁོག་རྫོང་ཉིན་ཕྱུག་ཞང་བྲག་དཀར་སྡེ་བའི་པདྨ་མཁའ་འགྲོའི་ཁྱིམ་དུ་སོང་བ་ན། མོས་རང་གིས་བཏབ་པའི་ལ་ཕུག་དཀར་པོས་ཟས་བྲོ་བཅུད་ལྡན་པ་ཞིག་གཡོས་སྦྱོར་བྱས་འདུག སྦོམ་ལ་རིང་བའི་ལ་ཕུག་དཀར་པོ་འདི་ཟི་ལིང་གི་སྔོ་ཚོད་ཚོང་རའི་ནང་མཚམས་རེར་མཐོང་ཐུབ་ལ། འབྲོག་པའི་རྩྭ་ཐང་དུའང་ཚོང་རའི་ནང་གི་ལ་ཕུག་དང་གཉིས་སུ་མ་མཆིས་པའི་ལ་ཕུག་རིགས་འདི་ལྟ་བུ་འདེབས་འཛུགས་ལེགས་འགྲུབ་བྱུང་བ་ངོ་མ་བསམ་ཡུལ་ལས་འདས་པ་ཞིག་རེད།

ད་ལོ། པདྨ་མཁའ་འགྲོ་ཚང་གི་ཚོད་རའི་ཞོག་ཁོག་དང་རྒྱ་སྲན། སྲན་མའི་གང་བུ་སོགས་སྔོ་ཚོད་ཀྱི་རིགས་ཇེ་མང་དུ་སོང་འདུག ཞོག་ཁོག་གི་ཐོན་ཚད་རྒྱ་མ་སུམ་སྟོང་བརྒལ་འདུག རང་གི་བཟའ་རྒྱུ་ལས་གཞན་ཞོག་ཁོག་ལྷག་མ་རྣམས་ཞང་གི་བཅའ་སྡོད་སློབ་གྲྭ་དང་ཞང་གི་ཟ་ཁང་དུ་བཙོངས་པ་རེད། ན་ནིང་གི་ལ་ཕུག་དཀར་པོ་དང་ཞོག་ཁོག རྒྱ་སྲན་སོགས་ཀྱི་ཡོང་སྒོ་རྐྱང་རྐྱང་སྒོར3800ལ་སླེབས་ཟིན།

སྡེ་བ་དེའི་དཔལ་ལྡན་དང་དབང་རྡོ་གཉིས་ཀྱིས་བཤད་རྒྱུར“པདྨ་མཁའ་འགྲོ་ནི་སྡེ་བའི་ནང་གི་མི་ནུས་པ་ཅན་ཞིག་ཡིན། རྩྭ་ས་ནས་གནས་སྤོར་བྱས་ཏེ་ཅུང་མ་འགོར་བར་ཚོད་མ་འདེབས་འཛུགས་ཀྱི་ལག་རྩལ་ཤེས་བྱུང་། ཁོས་ད་དུང་གཞན་པའི་མང་ཚོགས་རྣམས་ལ་ཚོད་མ་འདེབས་འཛུགས་སྐོར་གྱི་ཤེས་བྱའང་མཛུབ་སྟོན་བྱེད་ཐུབ། ངོ་མ་བུད་མེད་འཇོན་ཐང་ཅན་ཟེར་བ་རེད”ཟེར་བཞིན་གསར་འགོད་པར་མཐེ་བོང་སྒྲེངས་བྱུང་། དབང་རྡོ་ཡིས་བཤད་རྒྱུར་“ད་ལོ་ངེད་ཚང་གི་སྔོ་ཚོད་དྲོད་ཁང་དུ་པདྨ་མཁའ་འགྲོས་མཛུབ་སྟོན་བྱས་ནས་བཏབ་པའི་ཚོད་མ་མགོ་ལོག་དང་ཧོང་ཀྭ་གཉིས་ཀྱི་ཐོན་ཚད”བཟང་ཟེར། དེ་ནས་པདྨ་མཁའ་འགྲོས་གསར་འགོད་པ་ཁོ་ཚང་གི་སྔོ་ཚོད་དྲོད་ཁང་དུ་ཁྲིད་པ་ན། སྨིས་གྲུ་བཞི་མ་ལྔ་བཅུ་ལྷག་ཡོད་པའི་སྔོ་ཚོད་དྲོད་ཁང་དུ་སྔོ་ཚོད་ཀྱི་རིགས་སྣ་ཚོགས་ཤིག་སྔོ་ལྡེམ་ལྡེམ་ངང་གསོན་ཤུགས་ཤིག་རྒྱས་འདུག

དུས་དེར་རྩེ་ཁོག་རྩྭ་ཐང་དུ་ཡུན་རིང་འཚོ་བའི་ཉིན་ཕྱུག་ཞང་གི་དམངས་ཆེན་གྱི་ཀྲུའུ་རིན་དབང་ཆེན་རྒྱལ་དང་ཞང་ཀྲང་གཞོན་པ་ལོ་བརྒྱ་ཚེ་རིང་གཉིས་ཀྱིས་མགོ་བོ་གཡུག་གཡུག་བྱེད་བཞིན་མིག་མདུན་གྱི་རྣམ་པ་འདིར་ཡིད་མི་ཆེས་པ་ལྟར་མཚར་སྣང་ཞིག་སྐྱེས་འདུག ཁོ་ཚོས་བཤད་རྒྱུར་གལ་ཏེ་ཕྱུགས་བསྐྱུར་གནས་སྤོར་བྱས་མེད་ཚེ། བྲག་དཀར་སྡེ་བའི་འབྲོག་དམངས་རྣམས་མི་ཚེ་གང་བོར་སྡུག་གི་མུན་པ་ལས་ཐར་ཐབས་མེད། པདྨ་མཁའ་འགྲོ་ཚང་ལ་མཚོན་ནས་བཤད་ན། གནས་སྤོར་མ་བྱས་སྔོན། ཁོ་ཚང་གི་མི་བཞི་བོ་ལོག་ལ་ཉེ་བའི་ཁང་བ་གྱན་གཅིག་གི་ནང་འཚང་ནས་འདུག་དགོས། རྩ་ས་ཉམས་ཞན་དུ་གྱུར་བས་ཁོ་ཚང་གི་རྩྭ་སའི་སྟེང་ནོར7དང་ལུག་50འང་མི་སོས་པའི་ཚད་ལ་ལྷུང་འདུག ལོ་གཅིག་གི་ཡོང་སྒོ་སྒོར980ལ་བརྟེན་ནས་ཁྱིམ་མི་གང་བོའི་ཉི་མ་འཁྱོལ་ཐུབ་བྱེད་བཞིན་ཡོད་པས་འཚོ་བར་ཧ་ཅང་དཀའ་ངལ་ཆེ། ད་ལྟ་ཁོ་ཚང་གཞི་ནས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྔོ་ཚོད་བཙོངས་པའི་ཡོང་སྒོ་ལས་གཞན་དཔྱིད་ཀར་དབྱར་རྩྭ་བརྐོ་བ་དང་། ཁོམ་གསེང་ཡོད་ཚེ་ཁྱོ་གས་རྡོ་ཡི་མ་ཎི་དང་འདྲ་སྐུ་སོགས་བརྐོས་ནས་ཡོང་སྒོ་བཙལ་སྟབས་ལོ་རེ་ཡི་ཡོང་སྒོ་རྐྱང་རྐྱང་སྒོར1200བརྒལ། ངེད་ཚང་གི་འཚོ་བ་ད་ལྟ་ངོ་མ་བཟང་འདུག འདི་ནི་པདྨ་མཁའ་འགྲོ་བཟའ་ཟླ་གཉིས་ཀྱི་གདོང་ལ་དགའ་སྤྲོ་དང་བདེ་སྐྱིད་གཞི་གཅིག་ཏུ་འདྲེས་ནས་འཛུམ་མདངས་རྒྱས་ཏེ་གསར་འགོད་པར་བཤད་པའི་སེམས་ཁོངས་ནས་བརྡོལ་བའི་སྙིང་གཏམ་ཚིག་ཅིག་རེད།

སོ་ཕག་ལས་གྲུབ་པའི་པདྨ་མཁའ་འགྲོའི་ཁྱིམ་དུ་འཛུལ་མ་ཐག་ཡངགསརའགོད་པའི་མིག་ལམ་དུ་མངོན་པ་ནི་འབོལ་ཁྲི་དང་བརྙན་འཕྲིན། དུས་ཀྱི་འགྲོས་དང་མཐུན་པའི་ཁྱིམ་སྤྱོད་གློག་ཆས་སོགས་གྲལ་དག་བསྒྲིགས་འདུག་ལ། ཐང་ལ་བཏིང་བའི་སོ་ཕག་ཁྱིམ་བདག་མས་གད་བདར་གཙང་མ་བྱས་ནས་དམར་ལྷང་ལྷང་དུ་འདུག། སྟེང་དུ་ས་རྡུལ་ཕྲན་ཙམ་ཡང་མི་འདུག ཚ་ཐབ་ཀྱི་རྩིག་ངོས་སུ་ཇེ་ཆེར་བཏང་ཟིན་པའི་འདྲ་པར་རྙིང་བ་ཞིག་བཀལ་འདུག པདྨ་མཁའ་འགྲོས་འདྲ་པར་དེ་བླངས་ནས་ལག་པས་བྱིལ་བྱིལ་གཏོང་བཞིན་བཤད་རྒྱུར“འདྲ་པར་འདི་ངེད་ཚང་ཡུལ་འདིར་གནས་སྤོར་མ་བྱས་སྔོན་གྱི་ཁང་བའི་མདུན་ནས་བླངས་པའི་ངེད་བཟའ་མི་གང་བོ་རེད། སྔོན་ཆད་ངེད་བཟའ་མི་གང་བོ་ལོག་ལ་ཉེ་བའི་ཁང་བ་འདིའི་ནང་འཚོ་བ་བསྐྱལ་ཐབས་བྱས”ཟེར་བཞིན་མིག་མཐར་མཆི་མ་འཁོར་བྱུང་།

མོ་ཚང་གི་མཆོད་སྒྲོམ་སྟེང་དམར་ལམ་ལམ་གྱི་ཕྱུག་འགྱུར་སྣེ་ཁྲིད་དཔང་ཡིག་དེ་གསལ་ལེར་གསར་འགོད་པའི་མིག་ལམ་དུ་མངོན་བྱུང་། རྒྱུས་ལོན་བྱུང་བ་ལྟར་ན། 2005ལོར། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་ལས་གཞི་དངོས་སུ་ལག་བསྟར་བྱེད་འགོ་བརྩམས་པ་ནས་བཟུང་། རྒྱ་ཆེ་བའི་ལས་བྱེད་མི་སྣ་དང་ལས་གཞི་ལག་རྩལ་མི་སྣ་རྣམས་ཀྱིས་དཀའ་ངལ་བརྒྱ་ཕྲག་ཁྱད་དུ་སེལ་ནས་ཧུར་བརྩོན་སྒོས་ལས་གཞི་སོ་སོ་བསྒྲུབས་མཐར་ལེགས་འགྲུབ་བྱུང་། སྔོན་ཐོན་མི་སྣ་དང་སྡེ་ཁག་ལ་རྟིང་སྐུལ་དང་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གཞི་སྔར་ལས་ལྷག་པར་འཛུགས་སྐྲུན་བྱེད་ཆེད། ད་ལོའི་ཟླ7པར། ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྔོན་ཐོན་ལས་ཁུངས་37དང་ ། སྔོན་ཐོན་མི་སྣ65 ཕྱུག་འགྱུར་སྣེ་ཁྲིད་མཁན19བཅས་ལ་བྱ་དགའ་གནང་། པདྨ་མཁའ་འགྲོ་ཡང་དེ་ནང་གི་གཅིག་ཡིན་ལ། མོས་རང་ལ་གནང་བའི་འཛིན་བྱང་བཟུང་ནས་བཤད་རྒྱུར། “ཕྱིན་ཆད་ངས་ད་དུང་སྔར་ལས་ཀྱང་ཧུར་བརྩོན་བྱས་ནས་རང་གི་ཡུལ་མི་སྤུན་ཟླ་རྣམས་ལ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་བུ་ཞིག་འཚོལ་རྒྱུ་ཡིན”ཟེར།

འདི་ནི་བོད་རིགས་འབྲོག་མོ་ཕལ་བ་ཞིག་གིས་རང་གི་བློ་རིག་དང་ལག་ཟུང་ལ་བརྟེན་ནས། སྔོན་ཆད་རང་གི་དཀའ་སྡུག་དང་དབུལ་ཕོངས་ཀྱི་ལམ་ནས་ཁ་གསོ་ཐབས་བྱེད་པའི་འཚོ་ཐབས་བཅོས་བསྒྱུར་བྱས་ཏེ། ཕྱུག་འགྱུར་གྱི་ལམ་ཆེན་དེར་མདུན་སྐྱོད་ཀྱི་གོམ་པ་དང་པོ་སྤོས་བྱུང་བ་རེད། གོང་གི་གཏམ་རྒྱུད་ཐུང་ཐུང་འདི་ལས་“མི་ལ་བརྩོན་འགྲུས་ལྡན་གྱུར་ན།། འཇིག་རྟེན་འདི་ན་དཀའ་བ་མེད།།”ཅེས་པའི་ལེགས་བཤད་དེའི་གནས་ལུགས་ངང་ངམ་ཤུགས་ཀྱིས་རྟོགས་འོངས། །