མདུན་ཤོག- དཔལ་འབྱོར་འཚོ་བ།- འབྱོར་བའི་གཏམ་རྒྱུད།

ཧྲུའུ་ཅི་མདོ་བདེ་ང་ཚོའི་དྲིན་ཅན་ཡིན།

གཟུངས་སྐྱིད།  མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2011-01-14 16:40

གསར་འགོད་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དབྱི་ཁི་བུའུ་ལན་ཞང་ལ་སོང་ནས་བཅར་འདྲི་བྱེད་སྐབས། སྡེ་བའི་ལས་བྱེད་པ་ཡིན་ན་འདྲ་མང་ཚོགས་ཡིན་ན་འདྲ། ཚང་མའི་ཁ་ནས་ཟློ་བཞིན་པ་ནི་ཁོ་ཚོའི་ཧྲུའུ་ཅི་མདོ་བདེའི་གནས་ཚུལ་རེད། མང་ཚོགས་ཀྱི་བསྟོད་བྱའི་ཡུལ་དང་བསྔགས་བྱའི་གཞི་རུ་གྱུར་ཡོད་པར་གསར་འགོད་པ་ཞིག་གི་ཆ་ནས་མྱུར་བ་མྱུར་དུ་དེར་བཅར་འདྲི་བྱེད་འདོད་ཀྱི་སེམས་པ་དབང་མེད་དུ་སྐྱེས་པ་ནི་བཤད་མ་དགོས་པ་ཞིག་རེད།

མདོ་བདེ་ཡིས་2001ལོའི་ཟླ་བཅུ་གཉིས་པར་དབྱི་ཁི་བུའུ་ལན་ཞང་གི་ཞང་ཀྲང་གི་འགན་ཁུར། ལོ་ལྔའི་རྗེས་སུ་ཞང་ཏང་ཨུའི་ཧྲུའུ་ཅི་དང་ཞོར་དུ་ཞང་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་ནས། ད་ལོ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ལ་ལས་གནས་སྤར། ཕལ་ཆེར་ལོ་བཅུའི་རིང་ལ། མདོ་བདེ་ཡིས་རྟ་དང་ཡང་ན་འཕྲུལ་རྟར་ཞོན་ནས་དབྱི་ཁི་བུའུ་ལན་ཞང་གི་རི་ལུང་རྫ་གསུམ་དུ་སོང་བ་དང་། དེའི་རིང་ལ་ཁོས་འབྲོག་པ་མང་ཚོགས་ལ་དཀའ་ཁག་གང་མང་སེལ་རོགས་བྱས་ཤིང་། མང་ཚོགས་ལ་བསྒྲུབས་པའི་དོན་དངོས་ནི་བགྲང་གིས་མི་ལོངས་ཞེས་བཤད་ཆོག

གཅིག སློབ་གསོ་བསྒྲུབས་ནས། སློབ་ལོ་རན་པའི་བྱིས་པ་རེ་རེ་གང་ཐབས་ཀྱིས་སློབ་གྲྭར་བཅུག་པ།

དབྱི་ཁི་བུའུ་ལན་ཞང་ནི་བོད་རིགས་གཙོ་བོ་ཡིན་པའི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་ཞང་ཞིག་རེད། ཤར་ནས་ནུབ་བར་སྤྱི་ལེ་བདུན་བཅུ་ལྷག་ཡོད། 2002ལོར། སྐབས་དེར་ཞང་ཀྲང་གི་འགན་ཁུར་ཡོད་པའི་མདོ་བདེ་རྟར་ཞོན་ནས་ཉིན་གཉིས་ཀྱི་ལམ་ཐག་བཅད་དེ་ཞང་ཡོངས་ཀྱི་ཆེས་ནུབ་མཐའ་ན་ཡོད་པའི་ཇོ་སྐོར་གོང་མ་སྡེ་བའི་བ་ཡན་ས་ཁུལ་ལ་བྱ་བ་བསྒྲུབ་ཏུ་སོང་། ལམ་མི་བཟང་བས། བྱིས་པ་ཚོ་ཞང་དཀྱིལ་སྙིང་བཅའ་སྡོད་སློབ་ཆུང་དུ་འགྲོ་ན། རྟར་ཞོན་ནས་ཕར་འགྲོ་ཚུར་འོང་བྱེད་ཐེངས་གཅིག་ལ་ཉིན་བཞི་དགོས་པས། འབྲོག་པ་མང་པོ་ཞིག་གིས་རང་གི་བྱིས་པ་སློབ་གྲྭར་སྐྱེལ་མ་ཐུབ་པར་ཕྱུགས་རྫི་བྱེད་དུ་མི་འཇུག་ག་མེད་རེད།

ཇོ་སྐོར་གོང་མ་སྡེ་བའི་སྡེ་དཔོན་རྡོ་རྗེ་རྒྱལ་གྱིས་བཤད་རྒྱུར། “སྐབས་དེར་བ་ཡན་ས་ཁུལ་ཡོངས་ཀྱི་འབྲོག་པ་ཁྱིམ་ཚང་བརྒྱད་ཅུའི་ནང་། སློབ་གྲྭར་བཅུག་པའི་བྱིས་པ་གཉིས་མ་གཏོགས་མེད། སློབ་ལོ་རན་པའི་བྱིས་པ་དེ་འདྲ་མང་པོ་ཞིག་སློབ་གྲྭར་འགྲོ་མི་ཐུབ་པའི་གནད་དོན་དེར་སྡེ་བའང་ཅི་བྱ་གཏོལ་མེད་དུ་གྱུར། ཞང་ཀྲང་མདོ་བདེ་ཡིས་གནས་ཚུལ་དེ་གོ་རྗེས། ཡང་ནས་ཡང་དུ་རྫོང་ཐོག་ལ་གནས་ཚུལ་ཡར་ཞུ་དང་མ་དངུལ་བརྩོན་ལེན་བྱས་ནས། དུས་ཡུན་ཐུང་ཐུང་ནང་བ་ཡན་ས་ཁུལ་དང་དེ་མིན་ལམ་ཐག་ཅུང་རིང་བའི་སྡེ་བ་གཞན་ཞིག་ནས་སོ་སོར་སློབ་ཁྲིད་བྱེད་ས་རེ་བཙུགས་ནས། བྱིས་པ་ཚོར་ད་བཟོད་སློབ་གྲྭར་འགྲོ་ཐུབ་པའི་སྐལ་བ་ཐོབ།”ཟེར།

སྐབས་དེར་དབྱི་ཁི་བུའུ་ལན་ཞང་བཅའ་སྡོད་སློབ་གྲྭའི་སློབ་ཁྲིད་སྤུས་ཚད་དང་སློབ་མའི་ཟ་འཐུང་དང་འདུག་སའི་ཆ་རྐྱེན་དེ་འདྲ་བཟང་རྒྱུ་མེད་པས། ཁྱིམ་བདག་ཚོས་རང་གི་བུ་ཕྲུག་སློབ་གྲྭར་སྐྱེལ་འདོད་མེད། ཞང་ཡོངས་ཀྱི་བྱིས་པ་ཚང་མ་གང་མགྱོགས་ཀྱིས་སློབ་གྲྭར་འཇུག་པའི་ཆེད་དུ། མདོ་བདེ་ཡི་བསམ་པར་རང་གི་འགན་ཁུར་ཆེ་བར་སྙམ། དེའི་དོན་དུ་ཁོས་སྡེ་བ་དྲུག་གི་ཧྲུའུ་ཅི་དང་སྡེ་དཔོན་ཁྲིད་དེ་རྟ་དང་འཕྲུལ་རྟར་ཞོན་ནས་ཁྱིམ་ཚང་རེ་རེར་སོང་ནས་ཁ་བརྡ་སློབ་གསོ་བཏང་། ཇོ་སྐོར་ཞོལ་མ་སྡེ་བའི་འབྲོག་པ་གོད་མེད་ལ་བྱིས་པ་གཉིས་ཡོད་ཅིང་། ཆེ་བོ་ལོ་དགུ་ལ་བུད་ཡོད་རུང་སྔར་བཞིན་སློབ་གྲྭར་བཅུག་མེད། རྒྱུ་མཚན་ནི། གོད་མེད་ཀྱི་བསམ་པར་བྱིས་པ་རང་ཡུལ་དང་བར་ཐག་ཅུང་རིང་བའི་ཞང་ཐོག་ཏུ་སློབ་གྲྭར་སོང་ན་ལྟ་སྐྱོང་བྱེད་དུ་འགྲོ་མི་ཐུབ་པའི་རྐྱེན་གྱིས་རེད། གནས་ཚུལ་དེ་མདོ་བདེ་ཡིས་ཤེས་རྗེས། ཁོས་སློབ་གྲྭའི་ཉེ་འདབས་སུ་ཁང་བ་གྱན་གཅིག་བཙལ་རོགས་བྱས་ནས་བྱིས་པ་དེའི་ཨ་མྱེས་འདུག་རོགས་སུ་མངགས། དེ་ནས་བཟུང་གོད་མེད་ཀྱི་བྱིས་པ་སློབ་གྲྭ་འགྲིམ་པའི་སྐལ་བ་རྙེད། ཁྱིམ་བདག་རྣམས་ཀྱིས་བྱིས་པ་ཁེར་རྐྱང་དུ་ཞང་ཐོག་ལ་བསྐྱལ་དེ་སློབ་གྲྭར་བཅུག་ན་སེམས་མི་བདེ་ཀྱི་མི་འདུག་པའི་གནས་ཚུལ་དེར་རྒྱུས་ལོན་བྱུང་རྗེས། མདོ་བདེ་ཡིས་མ་དངུལ་བསྡུ་སྒྲིག་བྱས་ནས་ཞང་ཐོག་ཏུ་ཁང་བ་གྱན་དྲུག་ལས་ཏེ་སློབ་མ་དང་ཁྱིམ་བདག་ཚོ་འདུག་ཏུ་བཅུག་པའི་དུས་མཚུངས་སུ། སློབ་གྲྭའི་ཉེ་འདེབས་ནས་ས་རྟགས་བརྒྱབ་ཏེ་སྡེ་བ་ལྔ་ལ་སོ་སོར་རང་རང་གི་བྱིས་པར་འདུག་རོགས་བྱེད་སའི་ཁང་བ་ལས་སུ་བཅུག 2005ལོར། ཞང་སྲིད་གཞུང་གཞུང་ལས་ཁང་གསར་བར་སྤར་རྗེས། ཁང་བ་གྱན་བཅུ་ཕྲག་འགའ་ཡོད་པ་ཚང་མ་རིན་གཅིག་ཀྱང་མ་བླངས་པར་སློབ་མའི་ཁྱིམ་བདག་འདུག་ཏུ་བཅུག།

སློབ་མ་ཚོའི་སློབ་གྲྭའི་འཚོ་བའི་སྤུས་ཚད་ལ་འགན་སྲུང་བྱེད་ཆེད། མདོ་བདེ་ཡིས་སྡེ་བ་དྲུག་གི་ཏང་ཀྲི་པུའུ་ཧྲུའུ་ཅིར་རེས་སྐོར་གྱིས་སློབ་གྲྭའི་དོ་དམ་པའི་འགན་ཁུར་དུ་བཅུག་ཅིང་། ཁོ་ཚོར་སློབ་མ་ཚོའི་ཉིན་གང་ཐུན་གསུམ་གྱི་ཟ་མ་དང་འདུག་སའི་ལེགས་བཅོས་བྱེད་དགོས་པའི་ཁག་བགོས་པས། འབྲོག་པ་ཚོས་རང་གི་བྱིས་པ་སློབ་གྲྭར་སྐྱེལ་བའི་བསམ་པ་མངོན་གསལ་སྒོས་ཇེ་དྲག་ཏུ་གྱུར།

ཞང་ཡོངས་སུ་སློབ་གྲྭར་ཡོད་པའི་སློབ་མ་ལོ་བཅུའི་སྔོན་གྱི་མི་ཉིས་བརྒྱ་ནས་ད་ལྟའི་མི་དྲུག་བརྒྱར་འཕར། སློབ་ལོ་རན་པའི་སློབ་མ་སློབ་གྲྭར་ཞུགས་ཚད་ཀྱང་2001ལོའི་བརྒྱ་ཆའི་བཞི་བཅུ་ནས་ད་ལྟའི་བརྒྱ་ཆའི་གོ་བརྒྱད་དུ་སླེབས། དེའི་ནང་མདོ་བདེའི་སེམས་ཤུགས་གང་མང་འདུས།

གཉིས། མང་ཚོགས་ཀྱི་དཀའ་ཁག་སེམས་ལ་བཅངས་ཏེ། ཁང་བ་ལས་པ་དང་ལམ་ཕུད་པ། ཆུ་འདྲེན་པ་སོགས་དམངས་ཕན་ལས་གཞི་ཆེ་ཆེར་སྤེལ།

འབྲོག་པ་མང་ཚོགས་ཀྱི་བགྲོད་ལམ་དང་། འཐུང་ཆུ། གློག་ལ་སོགས་པའི་དཀའ་ཁག་ཐག་གཅོད་པའི་ཆེད་དུ། མདོ་བདེ་ཕལ་ཆེར་ལོ་རྒྱུན་དུ་ཡངས་པའི་རྩྭ་ཐང་སྟེང་ན་ཡར་རྒྱུག་མར་རྒྱུག་བྱས་ནས་ཁོམ་གྱིན་མེད། 2003ལོར། མ་དངུལ་སྒོར་མོ་ས་ཡ་གསུམ་བཏང་བའི་མི་ཟོག་གི་འཐུང་ཆུའི་བཟོ་བཀོད་བདེ་བླག་ངང་གྲུབ་ཅིང་། ཁྱིམ་ཚང་བརྒྱ་ལྷག་གི་འཐུང་ཆུའི་དཀའ་ཁག་ཐག་བཅད། འོན་ཀྱང་མདོ་བདེ་ཁོ་རང་ཉིད་ལ་ལུང་མང་པོ་བརྒྱུད་ནས་ཆུ་འདྲེན་སྦུག་ལམ་འཐེན་ས་བཙལ་བ་དང་དེ་ཐག་གཅོད་པའི་ལམ་བར་དུ་རྟ་འདྲོག་ནས་རྩི་གུ་གཉིས་བཅག ཁོས“ ལས་ཡུལ་དངོས་སུ་བལྟ་རུ་མ་སོང་ན་སེམས་མི་བདེ།”ཞེས་བཤད་ཀྱིན་འདུག

2006ལོའི་ལུགས་རྙིང་གི་ལོ་སར་སྐབས། མདོ་བདེ་ཡིས་རྟ་ཞོན་ནས་ཞང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་མིང་ཐོ་རེའུ་མིག་བཟུང་སྟེ་རྒྱ་ལོ་ཚེས་མགོ་ནས་ཚེས་གསུམ་ཉིན་བར་ཞང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་ཞེ་གཉིས་ལ་རེ་རེ་བཞིན་ལོ་གསར་གྱི་འཚམས་འདྲིར་སོང་།

དབུལ་ཕོངས་ཁྱིམ་ཚང་གི་ཁང་བ་ལོ་མང་བོར་ཞིག་གསོ་བྱེད་ཐུབ་མེད་པ་མཐོང་རྗེས། མདོ་བདེའི་སེམས་བདེ་ལ་འབབ་མ་ཐུབ། དབུལ་ཕོངས་ཁྱིམ་ཚང་ལ་ཁང་བ་གསར་བ་ལས་པའི་ཆེད་དུ། ཞང་སྲིད་གཞུང་གི་ནོར་སྲིད་དཀའ་ཁག་ཆེ་བའི་གནས་ཚུལ་འོག ཁྱིམ་ཚང་རེ་རེར་ཁ་གསབ་སྒོར་མོ་སྟོང་གཉིས་རེ་བྱིན་ནས། ཁང་བ་མེད་པའི་འབྲོག་པ་ཁྱིམ་ཚང་ལ་སྐུལ་མ་བཏང་ནས་གྱོ་མོག་དང་ཤིང་ཆས་གྲུབ་པའི་ཁང་བ་ལས་སུ་བཅུག ལོ་མཇུག་བར། ཞང་ཡོངས་ཀྱི་ཁང་བ་མེད་པའི་ཁྱིམ་ཚང་བཞི་བཅུ་ཚང་མ་ཁང་བ་གསར་བའི་ནང་དུ་རུ་སྤར།

ཉེ་བའི་ལོ་འགར། རྒྱལ་ཁབ་ཀྱིས་འབྲོག་པའི་གཏན་སྡོད་བཟོ་བཀོད་ལག་བསྟར་བྱས། མདོ་བདེ་སྡེ་བ་རེ་རེར་སོང་སྟེ། སྡེ་བའི་མགོ་ཁྲིད་ཚན་ཁག་ཁྲིད་དེ། ཁྱིམ་ཚང་རེ་རེར་ལྟ་ཞིབ་བྱས་པ་དང་། ཁུལ་དང་རྫོང་གི་རྒྱབ་སྐྱོར་ཆེན་པོའི་འོག ཞང་སྲིད་གཞུང་གིས་མུ་མཐུད་དུ་མ་དངུལ་བསྡུ་སྒྲིག་བྱས་ནས། དབྱི་ཁི་བུའུ་ལན་ཞང་གི་དབང་བོ་སྐྱོན་ཅན་དབུལ་ཕོངས་ཁྱིམ་ཚང་ཚང་མ་གྱོ་མོག་དང་ཤིང་ཆས་གྲུབ་པའི་ཁང་བ་གསར་བའི་ནང་འདུག་དུ་བཅུག་པ་དང་། ལོ་འགའི་ནང་། ཧྲུའུ་ཅི་མདོ་བདེའི་མགོ་ཁྲིད་འོག ཞང་ཡོངས་ཀྱིས་ཞིང་ལས་གོང་འཕེལ་གཏོང་བའི་ལས་གཞི་བཅུ་ལྷག་བརྩོན་ལེན་ཐོབ། ར་ལུག་ལ་དྲོད་ཁང་ལས་ཚད་2001ལོའི་བརྒྱ་ཆའི་བརྒྱད་ནས་ད་ལྟའི་བརྒྱ་ཆའི་དྲུག་ཅུར་འཕར། སྡེ་བ་སོ་སོར་གློག་འཐེན་པའི་ཚད་དང་ལམ་ལས་ཚད། འཐུང་ཆུ་དྲངས་ཚད་ཚང་མ་བརྒྱ་ཆའི་གོ་ལྔ་ཡན་དུ་བསླེབས་ཡོད།

གསུམ། དཀའ་ཁག་སེལ་བ་དང་རྒུད་སྐྱོབ་བྱས་ནས། མང་ཚོགས་ཁྲིད་དེ་ཕྱུག་འགྱུར་ལམ་དུ་ཆས།

དབུལ་ཕོངས་མང་ཚོགས་ལ་ཡོང་འབབ་བརྟན་འཇགས་ཡོད་ན་ད་གཟོད་ཞང་ཡོངས་ཀྱི་དབུལ་ཕོངས་ཀྱི་རྣམ་པ་ཁྱོན་ཡོངས་ནས་བསྒྱུར་ཐུབ་ངེས་རེད། 2003ལོ་ནས་བཟུང་། མདོ་བདེའི་རྩ་འཛུགས་འོག ཞང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་དང་ཕྱུག་ཟོག་མེད་པའི་ཁྱིམ་ཚང་གི་རྩྭ་ས་གཅིག་བསྡུས་བྱས་ཏེ་མཉམ་ལས་ཁང་ལ་བོགས་མར་བཏང་བས། དབུལ་ཕོངས་ཁྱིམ་ཚང་ལ་རྩྭ་ས་མུའུ་རེར་སྒོར་མོ་བཅུ་རེའི་ཡོང་འབབ་བརྟན་པོ་ཡོད་པར་གྱུར། དེ་དང་མཉམ་དུ་སྡེ་བའི་ལས་བྱེད་པ་ཚན་གཙོ་བྱས་ནས་དབུལ་ཕོངས་ཁྱིམ་ཚང་གི་མགོ་ཁྲིད་དེ་སྤྱི་པའི་རྩྭ་ས་རུ་ཤ་མོ་འཐུ་བ་དང་། སྨན་རྩྭ་བརྐོ་བ། མཚོ་བོད་ལྕགས་ལམ་དང་། ཡང་ན་ཞང་གིས་རྩ་འཛུགས་བྱས་པའི་ལས་ཀ་ལས་སར་ཞོར་ལས་སུ་སོང་བས། དབུལ་ཕོངས་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་མོ་དྲུག་བརྒྱ་འཕར། ལོ་འགའི་ནང་ཞང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་སུམ་བརྒྱ་ལྷག་ནང་གི་ཁྱིམ་ཚང་བརྒྱ་ལྷག་དབུལ་ཕོངས་ལས་ཐར།

“ལག་རྩལ་མེད་ན། ཡོང་འབབ་འཕར་སྣོན་བྱེད་དཀའ།”ཞེས་པ་ནི་མདོ་བདེ་ཡིས་དུས་རྒྱུན་དུ་སྡེ་བའི་ལས་བྱེད་པ་དང་འབྲོག་པ་ཚོར་བཤད་པའི་སྐད་ཆ་ཞིག་རེད། ལས་གཞི་རྒྱབ་རྟེན་བྱས་འོག 2003ལོ་ནས་བཟུང་། ཞང་ཡོངས་ཀྱིས་སྔ་གཞུག་ཏུ་མི་སུམ་ཅུ་ཞུགས་པའི་འཕྲུལ་རྟ་དང་གློག་གི་ཚ་ལ་རྒྱག་པའི་གསོ་སྦྱོང་འཛིན་གྲྭ་དང་། མི་ཞེ་གཉིས་ཞུགས་པའི་རླངས་འཁོར་ཁ་ལོ་བའི་གསོ་སྦྱོང་འཛིན་གྲྭ། མི་ཞེ་ལྔ་ཞུགས་པའི་དུས་ཚིགས་ལྟར་བལ་འབྲེག་པའི་འཛིན་གྲྭ། མི་བརྒྱ་ཡི་ཐང་ཀ་བཞེངས་པའི་འཛིན་གྲྭ། མི་ཉེར་བརྒྱད་ཞུགས་པའི་རྡོ་བརྐོས་གསོ་སྦྱོང་འཛིན་གྲྭ། མི་དྲུག་ཅུ་ཞུགས་པའི་ཕྱུགས་ནད་སྨན་བཅོས་གསོ་སྦྱོང་འཛིན་གྲྭ་བཅས་བཙུགས།

ཇོ་སྐོར་ཞོལ་མ་སྡེ་བའི་མཚོ་འགྲམ་དང་། ཡང་ན་རི་ལུང་ཟབ་མོའི་རྒན་གསོ་ཁང་། ཇོ་སྐོར་གོང་མའི་འབྲོག་པའི་ཁྱིམ་ཚང་། ད་རུང་ཞང་སྲིད་གཞུང་གི་མཐའ་སྐོར་གྱི་འབྲོག་དམངས་འདུས་སྡོད་ས་ཁུལ་སོགས་གང་དུ་སོང་སྟེ་རང་ས་ཆའི་འགྱུར་ལྡོག་གླེང་ཡོང་དུས། ཞང་གི་ལས་བྱེད་པ་ཡིན་ན་འདྲ། སྡེ་བའི་མང་ཚོགས་ཡིན་ནའང་འདྲ་ཚང་མས་མཛུབ་མོ་བསྟན་ནས་“འདི་ཚང་མ་ཧྲུའུ་ཅི་མདོ་བདེ་ཡི་དྲིན་ཡིན།”ཞེས་བསྟོད་བསྔགས་ཡང་ཡང་བྱེད་བཞིན་ཡོད། །