མདུན་ཤོག- དཔལ་འབྱོར་འཚོ་བ།- འབྱོར་བའི་གཏམ་རྒྱུད།

ཉམས་ཐག་དབུལ་བོའི་བློས་ཐུབ་གྲོགས་པོ།

_ཐེམ་ཆེན་རྫོང་ཞིན་ཡོན་གྲོང་རྡལ་མཉམ་ལས་ཁང་བཞི་བའི་ཀྲི་པུའུ་ཧྲུའུ་ཅི་ཚེ་ཡག་རྒྱལ་གྱི་གནས་ཚུལ་བཀོད་པ།

ཤ་བོ་རིན་མཚོ།  མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2011-01-14 16:40

ཐེམ་ཆེན་རྫོང་ཞིན་ཡོན་གྲོང་རྡལ་གྱི་མཉམ་ལས་ཁང་བཞི་བ་ནི་ཅུང་མཐའ་འཁོབ་ཏུ་གནས་ཡོད་ཅིང་། ས་རྒྱ་ཆེ་ལ་འགྲིམ་འགྲུལ་སྟབས་མི་བདེ་བ་དང་། ཆ་འཕྲིན་འབྱོར་དཀའ་བས་འབྲོག་པ་མང་ཚོགས་ཀྱིས་ཕྱི་རོལ་དུ་འབྲེལ་འདྲིས་བྱེད་པ་ཉུང་བ་དང་། བསམ་བློའི་འདུ་ཤེས་རྙིང་བ་ཡིན་པ། འབྲོག་པ་ཚང་མས་སྲོལ་རྒྱུན་ལྟར་དབྱར་ཁ་དང་སྟོན་ཁར་བལ་རྩིད་བཙོང་བ་དང་དགུན་ཁར་སྐམས་ལུག་བཙོང་བའི་རྣམ་པས་ཁྱིམ་ཚང་གི་ཡོང་སྒོ་ཇེ་མང་དུ་གཏོང་ཐབས་བྱས། ཡིན་ནའང་ཚོང་རར་འགྱུར་ལྡོག་ཆེ་བ་དང་རང་བྱུང་གནོད་འཚེ་མང་བའི་རྐྱེན་གྱིས་དུས་ཡུན་རིང་བོར་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཧ་ཅང་ཉུང་།

གསར་སྐྲུན་གྱི་རིགས་ལམ་མེད་ན་འཕེལ་རྒྱས་མེད་པས། ཚེ་ཡག་རྒྱལ་གྱིས་གནས་ཚུལ་དེ་མཐོང་རྗེས། འབྲོག་པ་མང་ཚོགས་རྩ་འཛུགས་བྱས་ནས་དུས་བཅད་ལྟར་ཚོང་རའི་དཔལ་འབྱོར་གནས་ཚུལ་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱས་ཏེ། འབྲོག་པས་ཚན་རིག་ལྟར་ཕྱུགས་གསོ་བའི་རྣམ་པས་ཐོན་སྐྱེད་བདག་གཉེར་བྱེད་པར་ཁྲིད་སྟོན་བྱས་པས་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་མ་ཟད། ཁྱིམ་ཚང་རེའི་མོ་ཕྱུགས་ཀྱི་བསྡུར་ཚད་བརྒྱ་ཆའི་རེ་ལྔ་ལ་ཇེ་མཐོར་སོང་། ཁོས་ཀྲི་པུའུ་ཡི་སྣེ་ཁྲིད་དེ་དོན་དངོས་གནས་ཚུལ་གཞིར་བཟུང་ནས་བྱེད་ཐབས་མང་པོ་སྤྱད་དེ་མཉམ་ལས་ཁང་ནང་ཁུལ་ནས་ཕན་ཚུན་རོགས་སྐྱོར་བྱས་པ་དང་། འབྲོག་དམངས་ཀྱི་བསམ་བློ་བཅིངས་འགྲོལ་བྱེད་པ་དང་འདུ་ཤེས་བསྒྱུར་བ། ཧུར་བརྩོན་ཡར་བསྐྱེད་བཅས་བྱེད་ཆེད་དབུལ་སྐྱོར་གནོད་སེལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ལ། མཉམ་ལས་ཁང་གི་ཏང་ཡོན་ཡོངས་དང་དབུལ་ཕོངས་ཁྱིམ་ཚང་བར་དབུལ་ཐར་ཕྱུག་བསྒྱུར་གྱི་འོས་གྲོས་བཞག་པར་མ་ཟད། རང་འགུལ་སྒོས་ཆེས་དབུལ་བོའི་ཁྱིམ་ཚང་གསུམ་དབུལ་ཕོངས་ལས་ཐར་དུ་འཇུག་པའི་འགན་ཁུར། དུས་མཚུངས་སུ་བསྟུད་མུར་ལོ་ངོ་བཅུ་ཡི་རིང་ལ་དབུལ་ཕོངས་ཁྱིམ་ཚང་དབུལ་ཕོངས་ལས་ཐར་ཆེད། ཁོས་རིན་སྐར་གང་ཡང་མ་བླངས་བར་འགན་གཙང་ལེན་བྱས་པའི་རྩྭ་ས་མུའུ་དྲུག་བརྒྱ་དང་བདུན་ཅུ་ཁོ་ཚོར་གཡར།

ཚེ་ཡག་རྒྱལ་གྱིས་དབུལ་ཕོངས་ཁྱིམ་ཚང་དབུལ་ཕོངས་ལས་ཐར་བར་འབད་པ་བྱས་ཏེ། འབྲོག་པ་མང་ཚོགས་དབུལ་ཕོངས་ལས་ཐར་བར་རོགས་རམ་བྱེད་པའི་བྱེད་ཐབས་བཏོན་ལ། ཁོས་ཡུལ་བབ་དང་བསྟུན་ཅིང་སྤྱི་བསྡོམས་དང་དབྱེ་ཞིབ་བྱས་ནས། འབྲོག་པ་མང་ཚོགས་ལ་དངོས་གནས་ཕྱུག་པོའི་འཚོ་བ་རོལ་དུ་འཇུག་དགོས་ན་སྣ་གཅིག་རྐྱང་གི་ཕྱུགས་ལས་གཉེར་སྟངས་ཁོ་ནས་དབུལ་ཐར་ཕྱུག་བསྒྱུར་བྱེད་མི་ཐུབ་པའི་ངེས་ཤེས་ཟབ་མོ་རྙེད་དེ། 2003ལོར་ཁོས་སྤོབས་པ་ཆེན་པོས་མ་དངུལ་སྒོར་ཁྲི་གཅིག་དང་སྟོང་བརྒྱད་བཏང་སྟེ་ཐེན་ཕུང་ས་ཁུལ་དུ“ཚོད་མ་བཏབ་ནས་ལུག་གསོ་བའི་མཐུན་ཚོགས”བཙུགས་ཏེ། རིགས་དགར་ནས་ལས་སྣོན་དང་གཅིག་གྱུར་གྱིས་ཕྱིར་འཚོང་། ཚན་རྩལ་འདུས་ཚད་མཐོ་བ་བཅས་ཀྱི་རྣམ་པས་ཕྱུགས་ལས་ཚན་རྩལ་གསར་བ་ཁྱབ་གདལ་དུ་བཏང་ནས། འབྲོག་པ་མང་ཚོགས་ལ་རིན་མི་ལེན་པར་ཞབས་འདེགས་ཞུས་པས་འབྲོག་པ་རྣམས་ནོར་ལུག་གི་བལ་རྩིད་དང་ཤ་སོགས་ཕྱིར་འཚོང་བར་སེམས་ཁུར་བྱེད་མི་དགོས་པར་གྱུར། ལོ་ངོ་དྲུག་ལྷག་གི་རིང་ལ་འཕེལ་རྒྱས་བྱུང་བས་མཐུན་ཚོགས་འདིར་གཞི་ཁྱོན་ངེས་ཅན་ཞིག་ཆགས་ཡོད་ལ། འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་སོང་ཞིང་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་སོང་ནས། འབྲོག་ཁྱིམ་མང་པོ་ཞིག་གིས་ཁྱིམ་དུ་དེང་རབས་ཅན་གྱི་ཁྱིམ་ཆས་ཆ་ཚང་ཉོས་ཡོད་པར་མ་ཟད་ད་དུང་རླངས་འཁོར་ཆུང་བ་ཉོས་ཡོད་པས། ཁོ་ཚོའི་འཚོ་བར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

ཚེ་ཡག་རྒྱལ་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས་ཁོས་ཐོག་མཐའ་བར་གསུམ་དུ་ཏང་ཀྲི་པུའུ་ལྟེ་བ་ཡིན་པའི་སྡེ་བ་རིམ་པའི་རྩ་འཛུགས་འཛུགས་སྐྲུན་བྱེད་པར་གཙིགས་ཆེན་བྱས་པ་དང་། ཁྱད་པར་དུ་ཀྲི་པུའུ་ཚོགས་པ་དང་ཏང་ཡོན་གྱི་བསམ་བློའི་བྱ་སྤྱོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཧུར་ཐག་གིས་ཀྲི་པུའུ་ཚོགས་པ་དང་ཏང་ཡོན་རྣམས་ཀྱིས་འབྲོག་པ་མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་བྱས་ནས་འབྱོར་འབྲིང་གི་ལམ་དུ་བསྐྱོད་པར་སྣེ་འཁྲིད་པའི་སྟོབས་ལྡན་དཔུང་སྡེ་རུ་གྱུར། ཧྲེ་འདིས་གྲོང་རྡལ་ཏང་ཨུས་ཧྲེ་སོ་སོར་མངགས་ནས་གནད་ས་སྦྲེལ་བའི་ལས་བྱེད་པས་བྱ་བ་སྒྲུབ་པའི་གོ་སྐབས་དམ་འཛིན་བྱས་ཏེ། ཏང་ཡོན་ཚོགས་ཆེན་རྩ་འཛུགས་བྱས་ནས་གནད་སྦྲེལ་ལས་བྱེད་པར་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས། རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་དུ་བཅུག་ནས་འབྲོག་པ་མང་ཚོགས་ཀྱི་བསམ་བློའི་ངོས་ཟིན་ཇེ་མཐོར་བཏང་།

དེ་མིན་མཉམ་ལས་ཁང་དེའི་ཏང་ཡོན་དང་མང་ཚོགས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་དང་སྤུས་ཚད་ཇེ་མཐོར་གཏོང་ཆེད། ཚེ་ཡག་རྒྱལ་གྱིས་རང་ཁྱིམ་གྱི་ཁང་བ་གྱན་གཉིས་ཕུད་ཅིང་རང་ཉིད་ཀྱིས་སྒོར་མོ་བྱིན་ནས་དཔེ་ཆ་དང་དུས་དེབ། ཚགས་པར། ཞིང་ཕྱུགས་ཤེས་བྱ་དང་ཕྱུག་བསྒྱུར་གྱི་ཆ་འཕྲིན་ཤེས་བྱའི་སྐོར་གྱི་དཔེ་དེབ་ཉོས་ནས་བལྟ་རུ་བཅུག་པ་དང་། ཟླ་རེར་ཏང་ཡོན་རྣམས་ཀྱིས་ཐེངས་གསུམ་ལ་སློབ་སྦྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་འབྲོག་པ་མང་ཚོགས་ལ་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་དང་ཞིང་ཆེན་ཕྱི་ནང་གི་སྔོན་ཐོན་ཉམས་མྱོང་མཚམས་སྦྱོར་བྱས་པར་མ་ཟད། མགྱོགས་མྱུར་ངང་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་བསྒྱུར་བས་འབྲོག་པ་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་འབྲོག་ཁུལ་གསར་བ་འཛུགས་སྐྲུན་བྱེད་པའི་འདུ་ཤེས་ཇེ་མཐོར་བཏང་བ་དང་། རིག་གནས་རོལ་རྩེད་བྱ་འགུལ་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་སོང་བས་གཞི་རིམ་གྱི་རིག་གནས་དྲིལ་བསྒྲགས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པར་མ་ཟད། འབྲོག་པ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བའང་ཕུན་སུམ་ཇེ་ཚོགས་སུ་བཏང་།

གཞི་རིམ་ནས་བྱ་བ་སྒྲུབ་ན་རང་དཔེ་གཞན་སྟོན་བྱས་ཏེ་དམངས་སེམས་འགུག་པ་ནི་ཆེས་གནད་འགག་ཅིག་ཡིན། ཐེམ་ཆེན་རྫོང་ཞིན་ཡོན་གྲོང་རྡལ་གྱི་མཉམ་ལས་ཁང་བཞི་བ་ནི་མཚོ་སྔོན་པོའི་བཞུར་རྒྱུན་གཙོ་བོ་སྟེ་བུ་ཧ་ཆུ་བོའི་ལྷོ་ཕྱོགས་སུ་ཡོད་པ་དང་། མཚོ་བོད་ལྕགས་ལམ་ཕྱུགས་ལས་ཁང་འདིའི་ཁྱབ་ཁོངས་བརྒྱུད་ནས་འགྲོ་དགོས་པས། མཚོ་སྔོན་པོའི་གསེར་ཉས་བུ་ཧ་ཆུ་བོ་ནས་ཉ་ཕྲུག་གཏོང་སྐབས་སུ་ཉ་འཛིན་དུ་མི་འཇུག་པ་དང་མཚོ་བོད་ལྕགས་ལམ་ཉེ་འགྲམ་དུ་ཕྱུགས་འཚོ་རུ་མི་འཇུག་པ། ལྕགས་ལམ་ལ་གཏོར་བརླག་མི་ཐེབས་ཆེད་ཁོས་རང་དཔེ་གཞན་སྟོན་བྱས་ནས་རང་འགུལ་གྱིས་འགན་དང་ལེན་བྱས་ཤིང་། འབྲེལ་ཡོད་དོ་དམ་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་ཁྲིམས་འགལ་པར་རྡུང་རྡེག་བྱས་པར་མ་ཟད། འབྲོག་པ་མང་ཚོགས་རྣམས་ལ་མཚོ་སྔོན་པོའི་གསེར་ཉ་དང་རི་སྐྱེས་སྲོག་ཆགས། མཚོ་བོད་ལྕགས་ལམ་བཅས་ལ་སྲུང་སྐྱོབ་བྱེད་དགོས་པའི་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པས་དགེ་མཚན་ལྡན་པའི་ནུས་པ་ཐོན་ལ། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དོ་མཉམ་ཡོང་བར་བྱས་རྗེས་བཞག་པ་དང་། ལོ་མང་པོའི་རིང་ལ་ཞིན་ཡོན་གྲོང་རྡལ་ལམ་རྒྱུད་ཀྱི་མཚོ་བོད་ལྕགས་ལམ་ལ་གཏོར་བརླག་ཐེབས་པའི་གནས་ཚུལ་གཅིག་ཀྱང་མ་བྱུང་།

ཉམས་ཐག་དབུལ་བོ་དང་དབང་བོ་སྐྱོན་ཅན། མི་ཧྲེང་རྒས་འཁོགས་བཅས་ལ་རོགས་སྐྱོར་བྱེད་རྒྱུ་ནི་ཁོའི་འོས་འགན་ཞིག་ཏུ་བརྩིས་ཡོད། ཁོས1998ལོ་ནས་ད་ལྟའི་བར་ཆེ་བ་ལོ་བརྒྱད་ཅུ་ནས་ཆུང་བ་ལོ་བདུན་བར་གྱི་མི་ཧྲེང་རྒས་འཁོགས་དང་དབང་བོ་སྐྱོན་ཅན། དྭ་ཕྲུག་བཅས་བསྡོམས་པས་མི་རེ་བདུན་གཉོར་སྐྱོང་བྱས། དེའི་ནང་གི་དབང་བོ་སྐྱོན་ཅན་བཅོ་བརྒྱད་ཀྱི་འགྲོ་འདུག་སྤྱོད་གསུམ་ཚང་མ་ཁོས་འགན་འཁུར་གྱིན་ཡོད། 2002ལོ་ནས་བཟུང་ཁོས“དབང་བོ་སྐྱོན་ཅན་གྱི་གཞིས་ཁྱིམ”ཞིག་སྐྲུན་པར་བསམ་བློ་བཏང་སྟེ། ཁོས་མ་དངུལ་སྒོར་ཁྲི་གཉིས་བཏང་སྟེ་ཁང་མིག་གྱན་བཅུ་གསུམ་ཡོད་པའི་ར་སྐོར་ཆེན་པོ་ཞིག་ལས་པར་མ་ཟད་འཚོ་བའི་མཁོ་ཆས་སོགས་ཉོས་པས། སྟབས་བདེ་ཞིང་དྲོད་སྐྱིད་ལྡན་པའི“དབང་བོ་སྐྱོན་ཅན་གྱི་གཞིས་ཁྱིམ”ཞིག་ལེགས་འགྲུབ་བྱུང་ནས་བེད་སྤྱོད་བྱེད་འགོ་བརྩམས། 2009ལོར་ཁོས་ཡང་བསྐྱར་མ་དངུལ་སྒོར་འབུམ་གཅིག་དང་ཁྲི་གཅིག་སྟོང་བརྒྱད་དྲུག་བརྒྱ་བཏང་ནས“དབང་བོ་སྐྱོན་ཅན་གྱི་གཞིས་ཁྱིམ”ནང་འདུག་ཁང་གྱན་དགུ་དང་སྤྱོད་ཁང་གྱན་གཉིས་བཅས་གསར་དུ་བསྣན་པར་མ་ཟད། འཚོ་བའི་ཡོ་བྱད་སོགས་ཉོས་ནས་དབང་བོ་སྐྱོན་ཅན་རྣམས་ལ་དྲོད་སྣང་སྦྱིན། ཁོས་དེ་ལྟར་རང་ནུས་ཡོད་རྒུས་དཀའ་ཁག་ཆེ་བའི་མང་ཚོགས་ལ་སེམས་ཁུར་དང་ཉམས་ཆུང་ཚོགས་སྤྱི་ལ་རོགས་རམ་བྱས་པ་ཞིག་ཁོ་རང་ཉིད་དང་རང་ཁྱིམ་གྱི་བཟའ་མི་ལ་དེ་ལྟར་བསྒྲུབས་མེད་ཅེས་བཤད་ཀྱང་ཆོག

དོན་བཟང་གཅིག་སྒྲུབ་རྒྱུ་ནི་དེ་འདྲའི་མི་དཀའ་མོད། མི་ཚེ་གང་བོར་དོན་བཟང་སྒྲུབ་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན། ཡིན་ནའང་ཚེ་ཡག་རྒྱལ་གྱིས་དེ་ལྟར་མི་ལོ་སུམ་ཅུའི་རིང་ལ་སེམས་སུ་མང་ཚོགས་བཅངས་ལ་མང་ཚོགས་ལ་དོན་དངོས་དང་དོན་བཟང་བསྒྲུབས་པ་རེད། ཁོས་རང་ཉིད་ཀྱི་ལང་ཚོ་དང་སྤོབས་ཤུགས་ཡོད་ཚད་རྩྭ་ཐང་དུ་ཕུལ་ནས་རང་ཉིད་ཀྱི་ཐོབ་ཤོར་དང་ཁེ་ཕན་ལ་གཏན་ནས་མི་བལྟ་བར་ཏང་གི་དྲོད་སྐྱིད་དེ་ཁོ་ཚོ་མཉམ་ལས་ཁང་གི་མང་ཚོགས་ཚང་མའི་སེམས་སུ་བསྐྱལ་ནས། མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་བསྒྱུར་བྱས་པ་དང་། རང་དཔེ་གཞན་སྟོན་བྱས་ཏེ་རོགས་རམ་བྱེད་དགོས་པའི་མི་རྣམས་ལ་རོགས་རམ་བྱས་པས། མང་ཚོགས་ཡོངས་ཀྱིས་ཁས་ལེན་པའི་དབུལ་ཐར་ཕྱུག་བསྒྱུར་གྱི་སྣེ་ཁྲིད་པ་དང་ཉམས་ཐག་དབུལ་བོའི་བློས་ཐུབ་གྲོགས་པོར་གྱུར་ཡོད། །