མདུན་ཤོག- དཔལ་འབྱོར་འཚོ་བ།- ཚོང་ཁྲོམ་འགྱུར་སྟངས།

མཉམ་ལས་ཁང་གི་བདག་གཉེར་གྱིས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ནང་རྐྱེན་གསར་བསྐྲུན་བྱས།

སྒྲོལ་མ་སྐྱིད།    2011-01-17 15:22

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་དུ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་བདག་གཉེར་ཚོད་ལྟའི་བྱ་བ་སྤེལ་ཏེ། རྩྭ་སའི་མི་དང་ཕྱུགས་གྲངས་ཇེ་ཉུང་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱུགས་ལས་ཐོན་སྐྱེད་ཀྱི་ཕན་འབྲས་མཐོར་འདེགས་གཏོང་བ། འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱས་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་བཅས་ཀྱི་ཕན་འབྲས་མང་པོ་བླངས། ཆེས་མཁས་པས་བཤད་རྒྱུར། མཉམ་ལས་ཁང་གི་ཕྱུགས་ལས་ཁྱིམ་ཚང་གི་ཐོན་སྐྱེད་མཉམ་འབྲེལ་འགན་གཙང་ལེན་ལམ་ལུགས་ཀྱི་རྨང་གཞིའི་སྟེང་བཙུགས་པའི་སྒྲིག་སྲོལ་ལམ་ལུགས་གསར་བ་ཞིག་ཡིན་ཞིང་། དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པས། འབྲོག་ཁུལ་ཡོངས་སུ་ཁྱབ་སྤེལ་བྱེད་འོས་པ་རེད་ཟེར།

དང་པོ། མཉམ་ལས་ཁང་གི་བཅོས་སྒྱུར་ལ་ཡོང་སྒོ་མང་ཞིང་ཕན་འབྲས་མཐོ་བ།

རང་རྒྱལ་གྱི་ཕྱུགས་ལས་འཕེལ་རྒྱས་ཀྱི་རྟེན་གཞི་གཙོ་བོའི་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་ལ་བེད་སྤྱོད་ཆོག་པའི་རྩྭ་ས་མུའུ་དུང་ཕྱུར་བཞི་དང་བྱེ་བ་བཞི་ས་ཡ་བདུན་ཡོད་པ་དང་། དེའི་གཞི་ཁྱོན་གྱིས་རྒྱལ་ཡོངས་ཀྱི་ཨང་བཞི་བ་ཟིན་ཡོད། ཡིན་ན་ཡང་། མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ལས་འཕེལ་རྒྱས་ཀྱི་ཆུ་ཚད་ཆེས་དམའ་ཞིང་། རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་ཀྱི་དཔེ་དབྱིབས་ཁོ་ན་དེས་ཚད་ལས་བརྒལ་ཏེ་ཕྱུགས་འཚོ་བའི་སྣང་ཚུལ་ཚབས་ཆེན་བཟོས་ཏེ། རྩྭ་ས་ཉམས་ཞན་ཏུ་གྱུར་བ་དང་། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་ལ་ཐོན་འཕེལ་བྱུང་ནའང་ཡོང་སྒོ་འཕར་སྣོན་འབྱུང་མི་ཐུབ་པ་དང་། “ཀྲུང་ཧྭའི་ཆུ་མཛོད”དུ་འབོད་པའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་ལ་འཇིགས་སྐུལ་ཐེབས།

2008ལོར་མཚོ་སྔོན་ཞིང་ཆེན་གྱིས་ཐོག་མར་འབྲོག་ཁུལ་གྱི་སྡེ་བ་བདུན་ནས་སྐྱེ་ཁམས་ཕྱུགས་ལས་ཀྱི་ཆེད་ལས་མཉམ་ལས་ཁང་བཅོས་སྒྱུར་ཚོད་ལྟའི་བྱ་བ་སྤེལ། 2010ལོར་ཡང་བསྐྱར་ཞིང་ཆེན་ཡོངས་ཀྱི་མི་རིགས་རང་སྐྱོང་ཁུལ་དྲུག་ནས་སྡེ་བ་སུམ་ཅུ་བདམས་ཏེ་དཔེ་སྟོན་སྡེ་བར་བཞག ཕྱུགས་ལས་སྡེ་བ་སུམ་བརྒྱ་ཚོད་ལྟ་མགོ་རྩོམ་པའི་སྡེ་བར་བཞག་ནས། སྐྱེ་ཁམས་ཕྱུགས་ལས་ཀྱི་མཉམ་ལས་ཁང་བཙུགས། འབྲོག་པ་མང་ཚོགས་ཀྱིས་རྩྭ་ས་དང་ཕྱུགས་ཟོག གཟན་རྩྭ་དང་གཟན་ཆས་སོགས་ཐོན་སྐྱེད་རྒྱུ་ཆའི་རིན་གོང་ཐག་བཅད་དེ་མ་རྐང་དུ་བཞག་ནས། སྔར་ཡོད་ཀྱི་ཐོན་སྐྱེད་རྒྱུ་ཆ་དེ་མ་རྐང་དབང་ཆའི་བྱེད་སྟངས་བསྒྱུར་བ་ནས་རྨ་རྩ་འཇོག་པའི་རང་བཞིན་གྱི་རྒྱུ་ནོར་དུ་བཞག་པའི་དུས་མཚུངས་སུ། མཉམ་ལས་ཁང་དུ་ཕྱུགས་ལས་གཉེར་བ་སོགས་ཐོན་སྐྱེད་བརྒྱུད་ནས་གླ་ཆ་ལེན་པ་དང་། ངལ་རྩོལ་པ་ལྷག་མ་ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པ་གཉེར་བའི་ཕྱོགས་སུ་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ཕྱུགས་ལས་ཁྲུའུ་ཡི་ཁྲུའུ་ཀྲང་མ་ཆིན་ཏི་ཡིས་བཤད་རྒྱུར། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དང་མཉམ་ལས་ཁང་གཞན་པར་ངོ་བོའི་སྟེང་གི་ཁྱད་པར་ཡོད་ལ། དེ་ནི་མང་ཚོགས་རང་ཉིད་ཀྱིས་རྩ་འཛུགས་བྱས་ནས་བཙུགས་པའི་བདག་གཉེར་རང་བཞིན་གྱི་རྩ་འཛུགས་ཁོ་ན་ཙམ་མིན་པར་ཐོན་སྐྱེད་བྱེད་སྟངས་བསྒྱུར་བཅོས་བྱེད་པའི་བྱེད་སྟངས་ཤིག་ཡིན། ཁྱིམ་ཚང་གི་ཐོན་སྐྱེད་མཉམ་འབྲེལ་འགན་གཙང་ལེན་ལམ་ལུགས་ཀྱི་ནང་གཏན་ལ་ཕབ་པའི་འབྲོག་པ་མང་ཚོགས་ཀྱིས་རྩྭ་ས་འགན་གཙང་ལེན་བྱེད་པའི་ལམ་ལུགས་མི་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་འོག དེས་ཐོན་སྐྱེད་རྒྱུ་ཆ་གཅིག་བསྡུས་བྱས་པ་དང་། དེང་རབས་ཕྱུགས་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པར་བྱས། སྡེ་བ་རེ་ནས་ཕྱུགས་ལས་མཉམ་ལས་ཁང་གཅིག་རེ་འཛུགས་པ་དང་། མཉམ་ལས་ཁང་དུ་ཞུགས་པའི་འབྲོག་པ་མང་ཚོགས་ཀྱིས་འདེམ་ཤོག་འཕངས་ནས་མཉམ་ལས་ཁང་གི་ལས་འཛིན་པ་དང་ཕྱུགས་རྫི་སོགས་འདེམ་བསྐོ་བྱས་ནས། ཐུན་མོང་གི་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་ལག་བསྟར་བྱེད་རྒྱུ་གཏན་ཁེལ་བྱས།

རྒྱུས་ལོན་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཚོད་ལྟ་ལག་བསྟར་བྱས་པའི་ས་ཁུལ་གྱིས་དུས་ཡུན་ཐུང་ཐུང་ལོ་གཉིས་ཀྱི་ནང་རྩྭ་སའི་མི་གྲངས་དང་ཕྱུགས་གྲངས་ཇེ་ཉུང་དུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ། ཕྱུགས་ལས་ཕན་འབྲས་མཐོར་འདེགས་གཏོང་བ་སོགས་ཀྱི་ཕན་འབྲས་མང་པོ་བླངས། ཆེས་ཐོག་མར་ཚོད་ལྟའི་བྱ་བ་སྤེལ་བའི་སྡེ་བ་བདུན་གྱིས་བསྡོམས་པས་ཕྱུགས་ཟོག་ཁྲི་གཅིག་ལྷག་ཇེ་ཉུང་དུ་བཏང་ནས། ཕྱུགས་ཟོག་ཚད་ལས་བརྒལ་བ་ཇེ་ཉུང་དུ་གཏོང་བའི་ལས་འགན་ཡོངས་འགྲུབ་བྱས། 2010ལོར་ཚོད་ལྟའི་བྱ་བ་སྤེལ་བའི་སྡེ་བ་སུམ་བརྒྱ་དང་སུམ་ཅུ་ཁྲོད་ཀྱི་སྡེ་བ་བརྒྱ་དང་བདུན་ཅུ་ལྷག་གིས་ཕྱུགས་གྲངས་ཇེ་ཉུང་དུ་གཏོང་བའི་ལས་འགན་གྱི་དམིགས་ཚད་དུ་བསླེབས། གཞན་ད་རུང་ཚོད་ལྟའི་སྡེ་བའི་ཕྱུགས་རིགས་དང་ཕྱུགས་ཁྱུའི་གྲུབ་ཚུལ་ལ་ལེགས་བཅོས་ཆེན་པོ་བྱུང་། སོན་ཕྱུགས་ནང་འདྲེན་བྱས་ཏེ་གསོ་སྤེལ་བྱེད་པ་དང་། རྒྱུད་མི་བཟང་བའི་སོན་ཕྱུགས་མེད་པར་བཟོ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ནུས་ཡོད་སྒོས་བོད་ལུག་རང་གི་རྒྱུད་ངོ་མ་མ་ནོག་པ་འདེམ་གསོ་དང་། ནོར་ནག་དང་བལ་འཇམ་ལུག་གི་ཕྱུགས་རྒྱུད་ཇེ་ལེགས་སུ་གཏོང་བའི་བྱ་བར་སྐུལ་འདེད་བཏང་། ཕྱུགས་ཟོག་གསོ་ཁ་ནས་བུད་ཚད་དང་དགུན་ཁར་རྩེབ་པའི་ལུ་གུ་ལག་ཆགས་ཚད་འདྲ་མཉམ་ཡིན་པ་དང་། མདོག་མི་གཅིག་པའི་གྲངས་ཀ་བརྒྱ་ཆའི་གྲངས་ཐིག་བཅུ་ཇེ་དམའ་རུ་སོང་། གཅིག་གྱུར་སྒོས་དོ་དམ་བྱེད་པའི་ཕྱུགས་ཁྱུའི་མོ་ཕྱུགས་ཀྱི་བསྡུར་ཚད་བརྒྱ་ཆའི་བརྒྱད་ཅུར་བསླེབས་ཏེ། སྔོན་ལོ་ལས་བརྒྱ་ཆའི་སོ་ལྔ་ཇེ་མཐོར་སོང་།

ཐོན་སྐྱེད་བྱེད་སྟངས་བསྒྱུར་བ་ལས་ཕྱུགས་ལས་ཐོན་སྐྱེད་ཀྱི་ཕན་འབྲས་མངོན་གསལ་སྒོས་མཐོར་འདེགས་བྱུང་། ས་ཁུལ་སོ་སོས་ཕྱུགས་རིགས་ཁྱུ་བགོས་ནས་ཐོན་སྐྱེད་མིན་པའི་ཕྱུགས་རིགས་འཕེལ་རྒྱས་སུ་གཏོང་བ་དང་། ལུ་གུ་འཚོ་གསོ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པས། ཕྱུགས་ཁྱུ་འཁོར་རྒྱུགས་སྔར་ལས་ཇེ་མགྱོགས་སུ་སོང་བ་དང་། ཕྱུགས་ལས་ཀྱི་ཕན་འབྲས་མངོན་གསལ་སྒོས་ཇེ་མཐོར་སོང་། དེའི་ནང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་བརྡལ་ཕ་ཡག་སྡེ་བས་2009ལོར་ཕྱུགས་ཕྲུག་ཁྲི་གཅིག་དང་འབུམ་གཉིས་ལྷག་འཚོ་གསོ་བྱས་བ་དང་། ཚོད་ལྟ་མ་བྱས་པའི་སྔོན་དང་བསྡུར་ན་ཕྱུགས་ཕྲུག་སྟོང་གཅིག་དང་སུམ་བརྒྱ་ལྷག་འཕར་སྣོན་བྱུང་། ཕྱུགས་ཟོག་ཁྲི་གཅིག་དང་སྟོང་ལྔ་ལྷག་གསོ་ཁ་ནས་བུད་པ་དེ་ཚོད་ལྟ་མ་བྱས་པའི་སྔོན་དང་བསྡུར་ན་ཕྱུགས་ཟོག་སྟོང་བཞི་དང་བརྒྱད་བརྒྱ་ལྷག་འཕར་སྣོན་བྱུང་། ཕྱུགས་ལས་ཀྱི་ཐོན་རིན་སྒོར་མོ་ས་ཡ་ལྔ་དང་འབུམ་ལྔ་ཁྲི་དྲུག་མངོན་འགྱུར་བྱས་པ་དང་། དེ་ཚོད་ལྟ་མ་བྱས་པའི་སྔོན་དང་བསྡུར་ན་ཐོན་རིན་སྒོར་མོ་ས་ཡ་གཉིས་དང་འབུམ་ལྔ་འཕར་སྣོན་བྱུང་། མི་གྲངས་དང་ཕྱུགས་གྲངས་ཇེ་ཉུང་དུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག ཕན་འབྲས་མཐོར་འདེགས་བྱུང་བར་བརྟེན་ནས་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཡང་རྒྱུན་སྲིང་དང་བརྟན་འཇགས་ངང་འཕར་སྣོན་བྱུང་།

2009ལོར། ཚོད་ལྟའི་སྡེ་བའི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་སྟོང་བཞི་དང་བཞི་བརྒྱ་ལྷག་ཡིན་པ་དང་། དེ་2007ལོ་དང་བསྡུར་ན་སྒོར་མོ་སྟོང་གཅིག་དང་ཉིས་བརྒྱ་རེ་གཅིག་འཕར་སྣོན་བྱུང་ནས། བརྒྱ་ཆའི་སོ་དགུ་དང་གྲངས་ཆུང་རེ་གཉིས་ལ་བསླེབས།

གཉིས་པ། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་བཏང་སྟེ་འགྱུར་ལྡོག་མངོན་འགྱུར་བྱུང་བ།

ཆེད་མཁས་པས་བལྟས་ན། ལོ་གཉིས་རིང་གི་ཚོད་ལྟའི་བྱ་བ་ལས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཕྱུགས་ལས་དེ་མཉམ་ལས་ཁང་གི་བདག་གཉེར་འགྲོ་ལམ་དུ་བསྐྱོད་ནས་ཐོག་མའི་གྲུབ་འབྲས་བླངས་ཤིང་། སྲོལ་རྒྱུན་གྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་དུས་སྐབས་ཀྱི་ཐར་ཐོར་བདག་གཉེར་བྱེད་སྟངས་ཀྱིས་ཐོན་སྐྱེད་ནུས་ཤུགས་ལ་ཚོད་འཛིན་བྱེད་པ་གཏོར་ཏེ། ཐོན་སྐྱེད་བྱེད་སྟངས་ཐད་ནས་འཕོ་འགྱུར་ཆེན་པོ་བཞི་མངོན་འགྱུར་བྱས།

གཅིག་ནི་ཕྱུགས་ལས་ཐོན་སྐྱེད་ཀྱི་བདག་གཉེར་བྱེད་སྟངས་ལ་འགྱུར་ལྡོག་བྱུང་། ཕྱུགས་ལས་ཐོན་སྐྱེད་ཀྱི་བདག་གཉེར་བྱེད་སྟངས་དེ་རགས་ལས་དང་ཕན་འབྲས་དམའ་བའི་ཕྱོགས་ནས་ལེགས་བསྡུས་ཞིབ་གཉེར་ཅན་དང་ཕན་འབྲས་མཐོ་བའི་ཕྱོགས་སུ་བསྒྱུར་བའི་འཕེལ་ཕྱོགས་མངོན་གསལ་ཡིན་པ་དང་། འབྲོག་ཁུལ་དུ་མཉམ་ལས་ཁང་འཛུགས་པ་དེ་བྱེད་ཐབས་ཤིག་ཏུ་བརྩིས་ཏེ། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་ཚོད་ལྟའི་བྱ་བ་སྤེལ་ནས། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཀྱི་ཐོན་སྐྱེད་བྱེད་སྟངས་དེ་རིམ་བཞིན་ཁེར་རྐྱང་དུ་བདག་གཉེར་བྱེད་པ་ནས་མཉམ་འབྲེལ་སྒོས་ཐོན་སྐྱེད་བྱེད་པའི་གཞི་ཁྱོན་འོས་འཚམ་གྱི་བདག་གཉེར་ཕྱོགས་སུ་བསྒྱུར་བའི་ཕན་ནུས་ལྡན་པའི་དཔེ་དབྱིབས་འཚོལ་ཞིབ་བྱུང་། རྨང་གཞི་དེའི་སྟེང་རིམ་བཞིན་ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་གྱི་སྡེ་བ་བརྒྱད་བརྒྱ་ལྷག་ལ་ཁྱབ་སྤེལ་བྱས་བ་དང་། དེའི་ནང2010ལོར་སྡེ་བ་སུམ་བརྒྱ་སུམ་ཅུ་རྩ་འཛུགས་བྱས་ཏེ། རྩྭ་ས་དང་གཟན་རྩྭ་འདེབས་ས། ཕྱུགས་ཟོག་སོགས་ཐོན་སྐྱེད་རྒྱུ་ཆ་ལེགས་སྒྲིག་བྱས་ནས། འབྲོག་ཁུལ་གྱི་ཁྱིམ་ཚང་གིས་ཐར་ཐོར་དུ་བདག་གཉེར་བྱེད་པའི་སྲོལ་རྒྱུན་གྱི་བྱེད་སྟངས་དེ་གྲུབ་ཆ་གཙོ་བོ་ཡིན་པའི་ཕྱུགས་ལས་ཐོན་སྐྱེད་བདག་གཉེར་བྱེད་སྟངས་བསྒྱུར་བ་དང་། ཕྱུགས་ལས་ཐོན་སྐྱེད་ཀྱི་སྦས་ཤུགས་ནུས་ཡོད་སྒོས་སྔོན་འདོན་བྱས། གཉིས་ནི་ཕྱུགས་ལས་ཀྱི་རྩ་འཛུགས་དང་དོ་དམ་བྱེད་སྟངས་ལ་འགྱུར་ལྡོག་བྱུང་། རོང་འབྲོག་མང་ཚོགས་ཀྱི་རྩ་འཛུགས་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་ནས། རོང་འབྲོག་མང་ཚོགས་ཞིང་ཕྱུགས་ལས་སྤྱི་ཚོགས་ཅན་གྱི་ཐོན་སྐྱེད་ཆེན་པོའི་དུས་རིམ་སོ་སོར་རྩ་འཛུགས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས«མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་པ་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་གི་བཅའ་ཁྲིམས་ལག་བསྟར་བྱེད་ཐབས།»གཏན་ཁེལ་འགྲེམ་སྤེལ་བྱས་ཤིང་། རང་མོས་ཀྱིས་མཉམ་སྡེབ་དང་འོས་འཚམ་སྒོས་གཅིག་བསྡུས། མང་ཚོགས་ཀྱིས་སྒྲུབ་པ་དང་། མང་ཚོགས་ཀྱིས་དོ་དམ། མང་ཚོགས་ལ་ཁེ་ཕན་ཐོབ་པ་བཅས་ཀྱི་རྩ་དོན་ལྟར། འབྲོག་དམངས་མཉམ་ལས་རྩ་འཛུགས་དང་ཆེད་ལས་མཐུན་ཚོགས་བཙུགས། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་ནས། འབྲོག་ཁུལ་གྱི་སྲོལ་རྒྱུན་གྱི་ཁེར་རྐྱང་དུ་ཐོན་སྐྱེད་བདག་གཉེར་བྱེད་སྟངས་བསྒྱུར་བ་དང་། མཉམ་ལས་ཁང་ལེགས་སྒྲིག་བསྐྱར་སྡེབ་བྱས་ནས། ཕྱུགས་ལས་ཀྱི་གཅིག་གྱུར་ཐོན་སྐྱེད་དང་གཅིག་གྱུར་བདག་གཉེར་གྱི་རྩ་འཛུགས་དོ་དམ་བྱེད་སྟངས་འཚོལ་ཞིབ་དང་ལག་ལེན་བྱས་བས། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མེ་ལོང་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དང་། མཚོ་ལྷོ་ཁུལ་གུང་ཧོང་རྫོང་ཕ་ཡག་སྡེ་བ་དང་གཡོན་རུ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་སོགས་དོན་ངོ་མའི་ཐོག་ནས་རོང་འབྲོག་མང་ཚོགས་ལ་སྣེ་ཁྲིད་བྱེད་ཐུབ་པ་དང་། རོང་འབྲོག་མང་ཚོགས་རྩ་འཛུགས་བྱས་ཏེ་གཅིག་གྱུར་གིས་ཐོན་སྐྱེད་དང་གཅིག་གྱུར་གིས་ཕྱིར་འཚོང་། གཅིག་གྱུར་གིས་ཞབས་ཞུ་བཅས་བྱེད་པའི་རོང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་རྩ་འཛུགས་སྐོར་མང་པོ་བྱུང་ནས། ཕྱུགས་ལས་འཕེལ་རྒྱས་སུ་འགྲོ་བར་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་བཏིང་། གསུམ་ནི་ཕྱུགས་ལས་ཀྱི་བདག་གཉེར་བྱེད་སྟངས་ལ་འགྱུར་ལྡོག་བྱུང་། གཞི་ཁྱོན་ཅན་གྱི་གསོ་སྤེལ་འཕེལ་རྒྱས་དང་རོང་འབྲོག་མང་ཚོགས་ཀྱི་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོར་འདེགས་བྱུང་བ་དང་བསྟུན་ནས། ཕྱུགས་ལས་ཀྱི་དངོས་སྤྱོད་ལག་རྩལ་ཁྱབ་སྤེལ་བྱེད་པར་རྨང་གཞི་བཏིང་། ཚད་གཞི་ཅན་གྱི་ཐོན་སྐྱེད་རིམ་བཞིན་ཁྱབ་སྤེལ་བྱས་པ་དང་། ཕྱུགས་ཁྱུའི་གྲུབ་ཚུལ་སྔར་ལས་ལེགས་བཅོས་བྱུང་བས། ས་གནས་སོ་སོས་ལུ་གུ་དང་བེའུ་གསོ་ཁ་ནས་བུད་ཚད་ཇེ་ཆེར་བཏང་བ་དང་། དུས་ཐོག་ཏུ་ཐོན་སྐྱེད་མིན་པའི་ཕྱུགས་ཟོག་མེད་པར་བཟོ་བ། མོ་ཕྱུགས་ཀྱི་བསྡུར་ཚད་བརྒྱ་ཆའི་གྲངས་ཐིག་ལྔ་ཙམ་ཇེ་མཐོར་སོང་བ། རྩྭ་སའི་ད་ཡོད་ཀྱི་ཕྱུགས་གྲངས་རིམ་བཞིན་ཇེ་ཉུང་དུ་འགྲོ་བའི་གནས་ཚུལ་འོག གསོ་ཁ་ནས་བུད་ཚད་བརྟན་འཇགས་ངང་འཕར་སྣོན་བྱུང་། ཕྱུགས་ལས་ཀྱི་འཕར་སྣོན་བྱེད་སྟངས་དེ་སྲོལ་རྒྱུན་གྱི་གྲངས་ཀ་ནས་སྤུས་ཚད་དང་ཕན་འབྲས་ཀྱི་ཕྱོགས་སུ་བསྒྱུར་མགོ་བརྩམས། བཞི་ནི་ཕྱུགས་ལས་ཀྱི་བགོ་བྱའི་བྱེད་སྟངས་ལ་འགྱུར་ལྡོག་བྱུང་། རྩོལ་བསྟུན་ཐོབ་ལེན་དང་ཁེ་སྤོགས་མ་རྩ་ལྟར་བགོ་བ་གཙོ་ཡིན་པའི་བགོ་བྱ་རྒྱག་སྟངས་འཚོལ་ཞིབ་བྱས་ཏེ། སྔོན་ཆད་ཀྱི་རྩོལ་བསྟུན་ཐོབ་སྤྲོད་ཀྱི་ཁེར་རྐྱང་གི་རྣམ་པ་རྙིང་བ་བསྒྱུར། འབྲོག་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་པ་བརྒྱུད་ནས། འབྲོག་པ་མང་ཚོགས་ཀྱིས་རྩྭ་ས་དང་ཕྱུགས་ཟོག གཟན་རྩྭ་འདེབས་ས་སོགས་གོང་ཚད་བཅད་དེ་མ་རྐང་དུ་འཇོག་པ་དང་། སྔར་ཡོད་ཀྱི་ཐོན་སྐྱེད་རྒྱུ་ཆ་དེ་མ་རྐང་དབང་ཆའི་བྱེད་སྟངས་ནས་དངུལ་གཏོང་རང་བཞིན་གྱི་མ་རྩ་རུ་བསྒྱུར་བའི་དུས་མཚུངས་སུ། མཉམ་ལས་ཁང་དུ་ཕྱུགས་ལས་གཉེར་བ་སོགས་ཐོན་སྐྱེད་བརྒྱུད་དེ་ཐོབ་ཆ་བླངས་ནས། མ་རྩ་དང་ལག་རྩལ། ངལ་རྩོལ་བཅས་བགོ་བྱའི་ནང་མཉམ་དུ་ཞུགས་པའི་གནས་བབ་གསར་བ་ཆགས། ངལ་རྩོལ་དང་རྩྭ་ས། མ་རྩ། ལག་རྩལ། དོ་དམ་སོགས་ཐོན་སྐྱེད་རྒྱུ་ཆ་བགོ་བྱའི་ནང་ཞུགས་པའི་དཔེ་དབྱིབས་གསར་བ་དེར་ཉེན་ཁ་མཉམ་ཁུར་དང་ཁེ་ཕན་མཉམ་རོལ་གྱི་བཟང་ཆ་ཡོད་པ་མ་ཟད། ད་རུང་བདག་གཉེར་པའི་བརྩོན་སེམས་སྐུལ་སློང་དང་། ཕྱུགས་ལས་འཕེལ་རྒྱས་ལ་ཕན་པའི་གསོན་ཤུགས་སྐུལ་སྤེལ་བྱེད་ཐུབ།

གསུམ་པ། གོམ་གང་མདུན་སྤོས་སྒོས་སྐྱེ་ཁམས་ཕྱུགས་ལས་བཅོས་སྒྱུར་གྱི་ཚོད་ལྟའི་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས།

མཚོ་སྔོན་གྱི་སྐྱེ་ཁམས་ཕྱུགས་ལས་ཀྱི་སྒྲིག་སྲོལ་གསར་སྐྲུན་ཐད་གྲུབ་འབྲས་ཅུང་ཆེན་པོ་བླངས་མོད། འོན་ཀྱང་ཆེད་མཁས་པས་བཤད་རྒྱུར། ཚོད་ལྟའི་བཅོས་སྒྱུར་བྱ་བའི་ཐད་སྔར་བཞིན་སྲིད་ཇུས་འཐུས་ཚང་མིན་པ་དང་། ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་དང་ལས་ཞུགས་ཐབས་ལམ་བལྟོས་བཅས་ཀྱིས་སྣ་གཅིག་པ། ཕྱུགས་ལས་རྒྱུན་མཐུད་སྒོས་ཐོན་འཕར་དང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་མཐུད་སྒོས་འཕར་སྣོན་གྱི་གནོན་ཤུགས་ཆེ་བ་སོགས་ཀྱི་གནད་དོན་གནས་ཡོད་པས། གོམ་གང་མདུན་སྤོས་ཚོད་ལྟའི་བྱ་བ་གཏིང་ཟབ་ཏུ་་སྤེལ་དགོས་པར་མ་ཟད། ད་རུང་ཁྱབ་སྤེལ་བྱེད་དགོས་ཟེར།

མྭ་ཆིན་ཏེ་ཡིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ལས་ཁུལ་དྲུག་གི་རང་བྱུང་རྩྭ་སའི་ཐོག་གི་ཕྱུགས་གྲངས་ཆེས་མང་ཞིང་། རྩྭ་སའི་ཤོང་ཚད་ལས་བརྒལ་བའི་སྣང་ཚུལ་ཅུང་ཁྱབ་ཆེ་བས། དོན་དངོས་ཐོག་ཕྱུགས་ཟོག་བྱེ་བ་གཅིག་དང་ས་ཡ་ལྔ་རྩྭ་སའི་ཤོང་ཚད་ལས་བརྒལ་ཡོད། རྩྭ་སའི་ཤོང་ཚད་ལས་བརྒལ་བའི་ཕྱུགས་ཟོག་ཞིབ་བཤེར་ཉུང་འཕྲི་བྱེད་པ་ནི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་གནད་ས་ཡིན་ལ། མཉམ་ལས་ཁང་གི་བདག་གཉེར་གྱི་ཐོག་མའི་རེ་འདུན་ཀྱང་ཡིན། ཡིན་ན་ཡང་། མིག་སྔར་རྩྭ་སའི་སྐྱེ་ཁམས་ཀྱི་ཁ་གསབ་སོགས་ཕྱོགས་ཀྱི་སྲིད་ཇུས་དང་རྒྱབ་སྐྱོར་ཞན་པའི་དབང་གིས། ཕྱུགས་གྲངས་ཇེ་ཉུང་དུ་གཏོང་བ་དང་རྩྭ་ས་ལྟར་ཕྱུགས་གྲངས་གཏན་ཁེལ་བྱེད་པའི་དཀའ་ཁག་ཅུང་ཆེ་བ་རེད། ཅུང་མ་འགོར་བའི་སྔོན་ལ་བསྡུས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ནས། སང་ལོ་ནས་བཟུང་མཚོ་སྔོན་སོགས་ཕྱུགས་ལས་གཉེར་བའི་ཞིང་ཆེན་གཙོ་བོ་བརྒྱད་དུ་ཁྱོན་ཡོངས་ནས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་རོགས་རམ་བྱ་དགའི་ནང་རྐྱེན་འཛུགས་རྒྱུ་ཐག་བཅད། ནང་རྐྱེན་དེས་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དང་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནས་མགོ་བརྩམས་ཏེ། འབྲོག་པ་མང་ཚོགས་ཀྱིས་རྩྭ་ས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་ཧུར་བརྩོན་རང་བཞིན་དང་གསར་སྐྲུན་རང་བཞིན་གནད་སར་བཞག་ནས་མཐོར་འདེགས་གཏོང་རྒྱུ་རེད། མ་ཆིན་ཏི་ཡིས་བཤད་རྒྱུར། མཚོ་སྔོན་གྱིས་སྲིད་ཇུས་ཀྱི་ཕྱོགས་སྟོན་ལ་ཞིབ་འཇུག་ནན་མོ་བྱས་ཏེ། མཉམ་ལས་ཁང་གི་བཅོས་སྒྱུར་དང་ཁ་གསབ་ནང་རྐྱེན་ཕན་ཚུན་ཟུང་དུ་འབྲེལ་ནས། མཉམ་ལས་ཁང་འཛུགས་སྐྲུན་བྱེད་པ་དེ་ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་དུ་ཁྱབ་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་ལས་ཞུགས་ཀྱི་ཐབས་ལམ་བལྟོས་བཅས་ཀྱིས་སྣ་གཅིག་པའི་གནད་དོན་དེར་དམིགས་ནས། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་ཚོ་ཧོང་གིས་བཤད་རྒྱུར། འབྲོག་པ་མང་ཚོགས་མཉམ་ལས་ཁང་དུ་ཞུགས་རྗེས། ངལ་རྩོལ་པ་ལྷག་མ་འབོར་ཆེན་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་ལས་ཞུགས་དེ་གཙོ་བོ“ཉི་འོད་བཟོ་སྐྲུན”ལ་བརྟེན་དགོས་ལ། དེའི་ཁར་འབྲོག་པ་མང་ཚོགས་ལ་སློབ་གསོ་ཐོབ་ཚད་ཉུང་བ་དང་། འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འབྱུང་ཚད་དལ་བས། འབྲོག་པ་མང་ཚོགས་ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པ་གཉེར་བའི་དཀའ་ཁག་ཅུང་ཆེ་བ་རེད། དེར་བརྟེན་སྲིད་གཞུང་གིས་ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་དང་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱ་བསྐྱེད་དེ། ཕྱོགས་མང་པོ་ནས་ཇུས་འགོད་དང་ཐབས་ལམ་མང་པོ་ནས་གསར་སྤེལ། ཁྱབ་ཁོངས་མང་པོ་ནས་རྒྱབ་སྐྱོར་བཅས་བྱེད་དགོས།

རྒྱུས་ལོན་བྱུང་བ་ལྟར་ན། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཛུགས་སྐྲུན་གྱི་ཚོད་ལྟའི་བྱ་བ་སྤེལ་རྗེས། ཚོད་ལྟ་དང་དཔེ་སྟོན་ས་ཁུལ་ཁག་ཅིག་གིས་ཕྱུགས་གྲངས་ཉུང་འཕྲི་བྱེད་པའི་ཁྲོད་ནས་ཕྱུགས་ལས་ཀྱི་ཐོན་འཕར་དང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་མངོན་འགྱུར་བྱས་ན་ཡང་། ཚད་ཆེས་ཆེན་པོ་ཞིག་གི་སྟེང་ནས་རྩྭ་སའི་ཤོང་ཚད་ལས་བརྒལ་བའི་ཕྱུགས་ཟོག་ཕྱིར་བཙོང་བ་དེ་ཐོན་སྤེལ་ཡོང་སྤར་གྱི་འབྱུང་ཁུངས་གཙོ་བོར་འཇོག་བཞིན་ཡོད། ཐོན་སྤེལ་ཡོང་སྤར་གྱི་བྱེད་སྟངས་དེ་ནི་གནས་སྐབས་རང་བཞིན་ཙམ་ཞིག་ཡིན་པས། སྐྱེ་ཁམས་འཛུགས་སྐྲུན་གྱི་ཕན་འབྲས་སྲ་བརྟན་ཏུ་གཏོང་དཀའ་བ་རེད། དེར་བརྟེན་ཕྱུགས་ལས་རྒྱུན་མཐུད་སྒོས་ཐོན་འཕར་དང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་མཐུད་སྒོས་འཕར་སྣོན་འབྱུང་བའི་གནོན་ཤུགས་ཅུང་ཆེ། ཆེད་མཁས་པས་བཤད་རྒྱུར། མཚོ་སྔོན་གྱི་ཕྱུགས་ལས་འཕེལ་རྒྱས་ཀྱིས་ངེས་པར་དུ་འཕེལ་རྒྱས་ཀྱི་ཆོས་ཉིད་བརྩི་འཇོག་གང་ལེགས་བྱས་ཏེ། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། འཕེལ་རྒྱས་བྱེད་སྟངས་བསྒྱུར་བར་སྐུལ་འདེད་བཏང་ནས། ཕྱུགས་ལས་རྒྱུན་མཐུད་སྒོས་ཐོན་འཕར་དང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་མཐུད་སྒོས་འཕར་སྣོན་འབྱུང་བའི་གནད་དོན་རྩ་བ་ནས་ཐག་གཅོད་དགོས་ཟེར།  །