མདུན་ཤོག- དཔལ་འབྱོར་འཚོ་བ།- མ་རྩ་འདེབས་ཕྱོགས།

དེང་རབས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་སྐབས་དོན་ཚན་འགའ་ལ་ལྷག་པར་དུ་མཉམ་འཇོག་དགོས།

སྒྲོལ་མ་སྐྱིད།    2011-01-17 15:22

མིག་སྔར། མཚོ་སྔོན་གྱིས་དེང་རབས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དེ་ད་རུང་འཚོལ་ཞིབ་དང་ཚོད་ལྟའི་དུས་རིམ་དུ་གནས་ཡོད་པས། ས་གནས་སོ་སོར་ཁྱད་འཕགས་རང་བཞིན་གྱི་གྲུབ་འབྲས་མི་དམན་པ་ཞིག་ཐོབ། གོམ་རིམ་རྗེས་མར་ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་སྟེང་། ཡུལ་བབ་དང་བསྟུན་པ་དང་རིགས་བཀར་ནས་མཛུབ་སྟོན་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་ལྷོ་ཕྱོགས་ཕྱུགས་ལས་ས་ཁུལ་གྱིས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གནད་སར་བཞག་ནས་སྐུལ་འདེད་དང་། མཚོ་སྔོན་པོ་མཐར་འཁོར་ས་ཁུལ་གྱིས་ཕན་འབྲས་མཐོ་བའི་དེང་རབས་ཕྱུགས་ལས་དམ་འཛིན་བྱེད་པ། ཤར་ཕྱོགས་ཞིང་ལས་ས་ཁུལ་གྱིས་གཞི་ཁྱོན་ལྡན་པའི་གསོ་སྤེལ་དེ་གནད་ས་ཡིན་པའི་ཞིང་ལས་ས་ཁུལ་གྱི་དེང་རབས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ། ཤུགས་ཆེན་པོས་མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་ས་བོན་དང་རྒྱུ་ཆ་བཟང་བོ་དང་བྱེད་ཐབས་བཟང་བོ་ཁྱབ་སྤེལ་བྱས་ཏེ། ཁྱོན་ཡོངས་ནས་མཐོ་སྒང་གི་ཁྱད་ཆོས་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཕྱུགས་ལས་སྤྱི་ཡོངས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་གཏོང་དགོས། བྱེ་བྲག་གི་བྱ་བའི་ཁྲོད་གཤམ་གྱི་གནད་དོན་འགའ་ལ་མཉམ་འཇོག་སྟེ།

གཅིག་ནས་དེང་རབས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དེ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་ཟུང་འབྲེལ་བྱེད་དགོས། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ནི་ཞིང་ཕྱུགས་ལས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། དེང་རབས་ཕྱུགས་ལས་འཕེལ་རྒྱས་ཀྱི་འགན་སྲུང་ཀྱང་ཡིན། རང་ཞིང་གི་ཕྱུགས་ལས་འཕེལ་རྒྱས་སུ་འགྲོ་ཚད་ཅུང་དལ་བའི་རྒྱུ་རྐྱེན་གཙོ་བོ་ནི་དངོས་ཤུགས་དང་རྒྱུ་ཤུགས། བྱང་ཚད་མཐོ་བའི་མི་ཤུགས་བཅས་ཀྱི་ཐད་ནས་ཕྱུགས་ལས་འཕེལ་རྒྱས་ཀྱི་རེ་བ་གསར་བའི་རྗེས་མི་ཆོད་པ་དེ་རེད། རྗེས་ཕྱོགས་སུ་ལས་གཞིའི་སྐུལ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། མ་དངུལ་ལེགས་སྒྲིག་བྱས་ཏེ། ཚད་ངེས་ཅན་ཞིག་གི་སྟེང་ནས་ལས་གཞི་འཛུགས་སྐྲུན་བྱས་ནས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་དགོས། དེ་ཡང་རྩྭ་ར་བསྐོར་བ་དང་། ཕྱུགས་སྤྱིལ་ལས་བ། རིམས་འགོག་སྨན་ཁབ་རྒྱག་སའི་ར་སོགས་ནང་དོན་གཙོ་བོ་ཡིན་པའི་རྩྭ་སའི་རྨང་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཚད་ལྡན་གྱི་ཕྱུགས་སྤྱིལ་ནང་དུ་ཕྱུགས་གསོ་བ་དང་། འཚོ་རྩྭ་འདེབས་པ། རྩྭ་ར་བསྐོར་ནས་རེས་མོས་ཀྱིས་ཕྱུགས་འཚོ་བ། ཆུ་དང་གློག ལམ་བཅས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལག་བསྟར་བཟང་བོ་བྱེད་དགོས།

གཉིས་ནས་དེང་རབས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དེ་འབྲོག་པ་མང་ཚོགས་ཀྱི་གཏན་སྡོད་བཟོ་སྐྲུན་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་དགོས། མིག་སྔར་ཆེད་དུ་འབྲོག་པ་མང་ཚོགས་ཀྱི་གཏན་སྡོད་བཟོ་སྐྲུན་དེ་ཕྱུགས་ལས་ཐོན་སྐྱེད་བདག་གཉེར་བྱེད་སྟངས་བསྒྱུར་དང་། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་ས་གཙོ་བོར་འཇོག་དགོས། “སྤྱི་ཡོངས་ནས་སྐུལ་འདེད་དང་གཅིག་བསྡུས་སྒོས་སྔོན་ལ་འཛུགས་སྐྲུན་བྱེད་པ། ཐོག་མར་སླ་ཞིང་རྗེས་སུ་དཀའ་བ། གཞི་ཁྱོན་ལ་ཚོད་འཛིན་མེད་པ། དཔེ་མཚོན་གྱིས་སྣེ་ཁྲིད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས”ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། འཛུགས་སྐྲུན་གྱི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བ་དང་། རོང་འབྲོག་མང་ཚོགས་མཁར་གྲོང་དུ་གཅིག་བསྡུས་བྱེད་པ་དང་འགྲིམ་འགྲུལ་སྟབས་བདེ་ཡིན་སར་གཅིག་བསྡུས་བྱེད་པར་སྣེ་ཁྲིད་དགོས། གཏན་སྡོད་བཟོ་སྐྲུན་ལག་བསྟར་བྱེད་པ་བརྒྱུད་དེ། འབྲོག་པ་མང་ཚོགས་དང་རྩྭ་སའི་བར་གྱི་ཁེ་ཕན་འབྲེལ་བ་མི་ཆད་པ་དང་། འགན་གཙང་ལེན་དབང་ཆ་མི་འགྱུར་བ། ཡོང་སྒོ་ཇེ་ཉུང་དུ་མི་འགྲོ་བ་བཅས་ལ་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྩྭ་ས་དེ་ཁྱིམ་ཚང་མང་པོར་གཅིག་སྡུད་བྱེད་པ་དང་། ཕྱུགས་ཟོག་ཁྱིམ་ཚང་མང་པོར་གཅིག་སྡུད་བྱེད་པ། མི་གྲངས་མཁར་གྲོང་དུ་གཅིག་སྡུད་བྱེད་པ་མངོན་འགྱུར་བྱེད་དགོས། དུས་མཚུངས་སུ་ཕྱུགས་ལས་གཉེར་བའི་མི་གྲངས་ཇེ་ཉུང་དུ་བཏང་ནས། མི་སྣ་ལྷག་མ་ཕྱུགས་ལས་གཉེར་བ་ནས་མཁར་གྲོང་དུ་གཏན་སྡོད་བྱེད་དུ་བྱེད་པ་དང། ཁོ་ཚོར་ཕྱུགས་ལས་མིན་པའི་ཐོན་ལས་གཉེར་ཏུ་བཅུག་ཏེ། ནུས་ཡོད་སྒོས་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་དགོས།

གསུམ་ནས་དེང་རབས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དེ་ཚན་རྩལ་གསར་གཏོད་དང་ཟུང་འབྲེལ་བྱེད་དགོས། ཚན་རྩལ་གསར་གཏོད་ནི་དེང་རབས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་ཆུ་མགོའི་བཞུར་ཆུ་ལྟ་བུ་ཡིན། ཚན་རྩལ་གསར་གཏོད་དང་ཚན་རྩལ་ཁྱབ་སྤེལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཕྱུགས་ལས་དཔལ་འབྱོར་གྱི་གྲུབ་ཚུལ་ལེགས་སྒྲིག་དང་ཕྱུགས་ལས་ཐོན་རྫས་ལས་སྣོན་ཁེ་ལས་ཀྱི་ལག་རྩལ་ཡར་ཐོན་ལ་དམིགས་ཏེ། ཤུགས་ཆེན་པོས་རྩྭ་སའི་སྐྱེ་ཁམས་དང་ཕྱུགས་ནད་འགོག་བཅོས། རྒྱུད་བཟང་གསོ་སྤེལ། གཟན་ཆས་ཐོན་ཁུངས་གསར་སྤེལ་བེད་སྤྱོད། ཐོན་ཁུངས་གྲོན་ཆུང་། ཕྱུགས་ལས་ཐོན་རྫས་ལས་སྣོན་བཟང་བོ་བྱེད་པ་སོགས་གནད་ས་ཡིན་པའི་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་བྱེད་པ་དང་། ཚན་རྩལ་གྲུབ་འབྲས་དེ་ཐོན་སྐྱེད་ནུས་ཤུགས་མངོན་འགྱུར་བྱེད་པའི་ཕྱོགས་སུ་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། ད་ཡོད་ཀྱི་སྐྱེ་ཁམས་ཕྱུགས་ལས་ཀྱི་ཚོད་ལྟའི་སྡེ་བ་ཁ་ཤས་ཀྱི་རྨང་གཞིའི་སྟེང་། ཚོད་ལྟའི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། སྐྱེ་ཁམས་ཕྱུགས་ལས་ཀྱི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱས་ཏེ། འབྲོག་པ་མང་ཚོགས་ཀྱིས་ཐད་ཀར་དུ་ཚན་རིག་ལག་རྩལ་གྱིས་ཕྱུགས་ལས་ཐོན་སྐྱེད་ཐད་འཁྱེར་ཡོང་བའི་བཟང་ཆ་མཐོང་ཐུབ་པ་དང་། དཔེ་སྟོན་ས་ཁུལ་གྱིས་ཕྱུགས་ལས་ཀྱི་ཚན་རྩལ་གྲུབ་འབྲས་འགྱུར་བའི་ཁྲོད་ཀྱི་སྐུལ་ཁྲིད་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱེད་དགོས།

བཞི་ནས་དེང་རབས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དེ་འབྲོག་ཁུལ་གྱི་ངལ་རྩོལ་པ་ལྷག་མའི་གསོ་སྦྱོང་ལ་ཤུགས་སྣོན་པ་དང་ཟུང་འབྲེལ་བྱེད་དགོས། དེང་རབས་ཕྱུགས་ལས་འཕེལ་རྒྱས་སུ་བཏང་ན་འབྲོག་པ་མང་ཚོགས་སྔར་ལས་མང་པོ་ཞིག་ཕྱུགས་ལས་ཁོ་ན་གཉེར་བ་ནས་ཕྱིར་བུད་དེ་ལས་ཀ་གཞན་པ་གཉེར་ཆོག་པ་དང་། ཁོ་ཚོའི་ངལ་རྩོལ་ནུས་རྩལ་གསར་བའི་གསོ་སྦྱོང་ལ་ཤུགས་སྣོན་བྱེད་རྒྱུ་དེ་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་མདུན་དུ་ལྷག་པའི་ཁ་ཚ་དགོས་གཏུག་གི་ལས་དོན་ཞིག་རེད། འབྲོག་ཁུལ་གྱི་ངལ་རྩོལ་པ་ལྷག་མ་ཞོར་ལས་ལ་འགྲོ་བའམ་ལས་ཀ་གཞན་པ་གཉེར་བར་སྐུལ་འདེད་གཏོང་བའི་ལམ་ལུགས་སྣ་ཚོགས་འཛུགས་པ་དང་འཐུས་ཚང་དུ་བཏང་ཏེ། ཧུར་ཐག་གིས་རོང་འབྲོག་པ་མང་ཚོགས་གནས་སྤོ་བ་དང་རོང་འབྲོག་པ་མང་ཚོགས་ཕྱུག་པོར་གཏོང་དགོས། མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་བ་དང་གསོ་སྦྱོང་ཐོན་ཁུངས་ལེགས་སྒྲིག་བྱེད་པ། གསོ་སྦྱོང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གསོ་སྦྱོང་བྱེད་སྟངས་གསར་བཟོ་བྱེད་དགོས། འབྲོག་པ་མང་ཚོགས་ཀྱི་སློབ་གསོ་ཐོབ་ཚད་དང་ས་གནས་ཀྱི་ཞིང་ལས་མིན་པའི་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་ཆོས་ལྟར། རིམ་པ་དང་ཁྱབ་ཁོངས་མང་བའི་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་སྤེལ་ཏེ། འབྲོག་པ་མང་ཚོགས་ཀྱི་ཤེས་བྱའི་ཆུ་ཚད་དང་ལས་ཞུགས་གསར་སྐྲུན་ནུས་ཤུགས་མཐོར་འདེགས་བཏང་ནས། ཕྱུགས་ལས་མིན་པའི་ཐོན་ལས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་དགོས།

ལྔ་ནས་དེང་རབས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དེ་རོང་འབྲོག་ཁུལ་དང་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཟུང་འབྲེལ་བྱེད་དགོས། མཚོ་བྱང་ཁུལ་མིན་ཡོན་རྫོང་སུའུ་ཅི་ཐན་ཞང་གི་སུའུ་ཅི་བན་སྡེ་བ་དང་ཡོ་ཚོ་ལེང药草梁སྡེ་བ་གཉིས་ཀྱིས་“ཀྲི་པུའུ་དང་མཉམ་ལས་ཁང་”གི་བདག་གཉེར་དཔེ་དབྱིབས་ལག་བསྟར་བྱས་ཏེ། གཞི་རིམ་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་ནས་ཞིང་ཕྱུགས་ལས་ཀྱི་ཆེད་ལས་མཉམ་ལས་ཧྲེ་བཙུགས་པ་དང་། ཀྲི་པུའུ་ཧྲུའུ་ཅིས་ལས་འཛིན་འགོ་གཙོའི་འགན་ཁུར་བ། སྡེ་བའི་ཏང་ཡོན་ཚང་མས་སྣེ་ཁྲིད་དེ་མཉམ་ལས་ཁང་ནང་ཞུགས་པ། ཐོན་སྐྱེད་བྱེད་སྟངས་དང་བདག་གཉེར་བྱེད་སྟངས་ལ་འཕོ་འགྱུར་དང་། སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ལ་མཉམ་དུ་གྲུབ་འབྲས་ཆེན་པོ་ཐོབ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་དེ། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་འཛིང་གི་ནུས་པ་ཇེ་དྲག་ཏུ་བཏང་། རྗེས་ཕྱོགས་སུ་ཧུར་ཐག་གིས་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་གྱི་ཕན་འབྲས་ལྡན་པའི་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། མུ་མཐུད་དུ་“གསོ་སྦྱོང་གསུམ་དང་སྣེ་ཁྲིད་གཉིས”ཀྱི་བྱ་འགུལ་སྤེལ་ནས། ཞིང་སྡེའི་ཏང་ཡོན་རྣམས་ཕྱུག་འགྱུར་ཐབས་མཁས་ཅན་ཏུ་སྐྱེད་སྲིང་བྱེད་པ་དང་། ཕྱུག་འགྱུར་ཐབས་མཁས་ཅན་ཏང་ཡོན་དུ་སྐྱེད་སྲིང་བྱེད་པ། ཏང་ཡོན་ཕྱུག་འགྱུར་ཐབས་མཁས་ཅན་སྡེ་བའི་ལས་བྱེད་པར་སྐྱེད་སྲིང་བྱེད་པ། ཏང་ཡོན་དང་ལས་བྱེད་པས་མང་ཚོགས་ཀྱི་ཁྲོད་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་ཁྲིད་སྟོན་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་དང་ཕྱུགས་ལས་ཀྱི་འབྲེལ་ཡོད་བདག་གཉེར་དོ་དམ་རྩ་འཛུགས་ཕན་ཚུན་ཟུང་འབྲེལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རོང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་དང་མཉམ་ལས་མཐུན་ཚོགས། ས་ཆ་གཞན་ནས་ལས་ཀ་གཉེར་བ་དང་ཚོང་རྒྱག་པའི་མི་སྣ་བལྟོས་བཅས་ཀྱིས་གཅིག་བསྡུས་བྱེད་ས་བཅས་ནས་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་ཁྱབ་སྤེལ་བྱས་ཏེ། འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱས་ནས་དེང་རབས་ཕྱུག་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཕྱུག་ལས་འཕེལ་རྒྱས་སུ་བཏང་ནས་ཏང་གིས་འབྲོག་ཁུལ་གྱི་སྲིད་འཛིན་རྨང་གཞི་སྲ་བརྟན་ཏུ་གཏོང་དགོས།

དྲུག་ནས་དེང་རབས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དེ་ཤུགས་ཆེན་པོས་ཕྱུགས་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་བཅོས་བྱེད་པ་དང་ཟུང་འབྲེལ་བྱེད་དགོས། ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དམངས་ཕན་སྲིད་ཇུས་ལག་ལེན་དངོས་འབེབས་བྱས་ཏེ། དོན་དངོས་ལྟར་དངོས་འབེབས་བྱེད་ཐབས་གཏན་འབེབས་དང་། ཐོན་ལས་སྲིད་ཇུས་དང་ཡིད་རྟོན་དངུལ་བུན་སྲིད་ཇུས་སོགས་འབྲེལ་ཡོད་ཀྱི་གཟིགས་སྐྱོང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རྫོང་རིམ་པའི་ཕྱུགས་ལས་ཐོན་རྫས་ཀྱི་རིམ་ཉོ་ཚོང་ཚོ་ར་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། གཞི་ཁྱོན་ངེས་ཅན་ལྡན་ཞིང་ཆ་རྐྱེན་ཅུང་བཟང་བའི་ས་ཁུལ་ནས་ཕྱུགས་ལས་ཐོན་རྫས་སྡེབ་འཚོང་ཚོང་ར་དང་འཁོར་རྒྱུགས་ལྟེ་གནས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། རྒྱུན་ཆད་མེད་པར་ཕྱུགས་ལས་ཐོན་རྫས་ཀྱི་ཐོན་སྐྱེད་རྒྱུ་ཆའི་ཚོང་ར་ལེགས་བཅོས་བྱེད་དགོས། གཞི་ཁྱོན་ངེས་ཅན་ལྡན་ཞིང་སྐུལ་ཁྲིད་ནུས་པ་ཆེན་པོ་ལྡན་པའི་ཁེ་ལས་གཙོ་བོ་སྐོར་ཞིག་འཕེལ་རྒྱས་སུ་བཏང་ནས། ཁེ་ལས་གཙོ་བོའི་ཁེ་ལས་ཐོན་སྐྱེད་དང་མ་དངུལ། ལག་རྩལ་སོགས་ཐད་ཀྱི་དཀའ་ཁག་དང་གནད་དོན་མཐུན་སྦྱོར་དང་ཐག་གཅོད་བྱེད་དགོས། ཕྱུགས་ལས་གསོ་སྤེལ་ཐོན་སྐྱེད་ཀྱི་བརྒྱུད་རིམ་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་པའི་དུས་མཚུངས་སུ། ཕྱུགས་ལས་ཐོན་རྫས་ཀྱི་འཕྲོད་བསྟེན་བདེ་འཇགས་ཤེས་བྱ་དང་། ཐོན་སྐྱེད་བྱེད་མཁན་གྱི་ཐོན་རྫས་ཚད་གཞིའི་འདུ་ཤེས་དང་ཟས་རིགས་སྤུས་ཚད་ཀྱི་བདེ་འཇགས་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་ནས། ཕྱུགས་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་སྲུང་བྱེད་དགོས། དྲིལ་སྒྲོག་ལ་ཤུགས་སྣོན་དང་ཞབས་ཞུའི་འདུ་ཤེས་སྐྱེད་སྲིང་། རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་བཏང་ནས། ཕྱུགས་ལས་ཀྱི་ཁེ་ལས་གཙོ་བོ་དང་གནད་སའི་ཁེ་ལས་ཁ་ཤས་ནང་འདྲེན་བྱས་ཏེ། ཕྱི་ཤུགས་ལ་བརྟེན་ནས་རང་ཞིང་གི་ཕྱུགས་ལས་ཐོན་སྐྱེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། །