མདུན་ཤོག- དཔལ་འབྱོར་འཚོ་བ།- ཁྱིམ་ཇུས་ནོར་གཉེར།

འཛད་སྤྱོད་པའི་ཁེ་དབང་དང་བདག་གཉེར་མཁན་གྱི་འོས་འགན།

ལྷ་སྟག་འཚོ།  མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2011-01-20 11:37

ཚོང་རྫས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་ཁྱིམ་སྤྱོད་གློག་ཆས་དང་རྫས་འགྱུར་ཚི་སྣའི་བཟོས་ཆས། ངོ་འཕུར་དང་བཏུང་ཆུ།ཟས་རིགས། སྨན་རྫས་སོགས་ཀྱི་དངོས་པོ་འབོར་ཆེན་སྒོས་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པས། འཛད་སྤྱོད་པའི་འཚོ་བའི་དགོས་མཁོ་བསྐངས་མོད། འོན་ཀྱང་སྐབས་འགར་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེའང་གཏོང་གིན་ཡོད་པ་རེད། ཐོན་རྫས་ལ་སྐྱོན་ཆ་ཡོད་པའི་དབང་གིས་འཛད་སྤྱོད་པའི་མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་བཟོ་བའི་སྣང་ཚུལ་མི་ཉུང་བ་འབྱུང་གིན་ཡོད་དེ། དཔེར་ན་རླངས་འབར་ཆུ་སྐོལ་འཕྲུལ་ཆས་ཀྱི་སོལ་རླངས་ཕྱིར་ཤོར་བ་དང་ཞལ་རས་མཛེས་བཟོ་བྱས་པ་ལས་ངོ་གདོང་ལ་སྐྱོན་ཤོར་བ། གློག་གདན་གྱི་གློག་སྐུད་ཆད་པས་མི་ལ་ཤི་རྨས་བཟོས་པ། ཟས་དུག་ཕོག་པ་སོགས་ཀྱི་དོན་རྐྱེན་རྒྱུན་དུ་འབྱུང་གིན་ཡོད་པས། འཛད་སྤྱོད་པའི་མི་ལུས་བདེ་འཇགས་དང་རྒྱུ་ནོར་ཐད་ཀྱི་ཁེ་དབང་ལ་འཇིགས་སྐུལ་ཚབས་ཆེན་ཐེབས་ཀྱིན་ཡོད།«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས»ནི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཆེད་སྤྱོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཞིག་ཡིན་པས། དེའི་སྟེང་དུ་འཛད་སྤྱོད་པས་ལོངས་སུ་སྤྱོད་ཆོག་པའི་དབང་ཆ་དང་བདག་གཉེར་མཁན་གྱི་འོས་འགན། རྒྱལ་ཁབ་ཀྱིས་འཛད་སྤྱོད་པར་སྲུང་སྐྱོབ་ཇི་ལྟར་བྱེད་ཚུལ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཟོས་པའི་བཅའ་ཁྲིམས་སྟེང་གི་འགན་འཁྲི་སོགས་གཏན་འཁེལ་བྱས་ཡོད་ལ། དེ་དང་མཉམ་དུ་ད་རུང«ཐོན་རྫས་སྤུས་ཀའི་བཅའ་ཁྲིམས»དང«ཟས་རིགས་འཕྲོད་བསྟེན་བཅའ་ཁྲིམས»།«ཚུལ་དང་མི་མཐུན་པའི་འགྲན་རྩོད་ལ་རྒོལ་བའི་བཅའ་ཁྲིམས»བཅས་ཀྱི་སྟེང་དུ་ཐོན་སྐྱེད་མཁན་དང་ཕྱིར་འཚོང་མཁན་གྱིས་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་བཅའ་ཁྲིམས་ཀྱི་འོས་འགན་དང་ཐོན་རྫས་ཀྱི་སྤུས་ཀའི་ཚད་གཞི་སོགས་གཏན་འཁེལ་བྱས་ཡོད་པ་རེད། དུས་རྒྱུན་འཚོ་བའི་ཁྲོད་དུ་ང་ཚོས་རྒྱུན་མཁོའི་དངོས་པོ་ཙག་ཙིག་ཉོ་སྐབས་གོང་གི་གནས་ཚུལ་དེ་དག་ལ་རྒྱུན་དུ་འཕྲད་ཀྱིན་ཡོད་མོད། འོན་ཀྱང་རང་ཉིད་ཀྱི་ཁེ་དབང་སྲུང་མཁན་དང་ཡང་ན་སྲུང་ཤེས་མཁན་ནི་ཉིན་མོའི་སྐར་མ་ལས་ཀྱང་དཀོན་པས། གཤམ་དུ་འཛད་སྤྱོད་པའི་ཁེ་དབང་སྲུང་བའི་སྐོར་གྱི་རྒྱུན་ཤེས་འགའ་ངོ་སྤྲོད་བྱས་ཡོད་པས། རྒྱ་ཆེའི་ཉན་མཁན་རྣམས་གནས་ཚུལ་འདི་རིགས་དང་འཕྲད་སྐབས་ཡིད་འཇོག་བྱས་ཏེ་བཅའ་ཁྲིམས་ཀྱི་ལམ་ནས་རང་ཉིད་ཀྱི་ཁེ་དབང་སྲུང་གང་ཐུབ་བྱེད་འོས།

འཛད་སྤྱོད་པ་དང་བདག་གཉེར་མཁན་གྱི་ཁྱབ་ཁོངས།

འཛད་སྤྱོད་པའི་ནང་དུ་ཚོང་རྫས་བཀོལ་སྤྱོད་བྱེད་མཁན་དང་མངག་ཉོ་བྱེད་མཁན་གཉིས་འདུས་པར་མ་ཟད། ཞབས་ཞུ་དང་ལེན་བྱེད་མཁན་ཡང་དེའི་ནང་དུ་འདུས་པ་རེད། གལ་ཏེ་སྤྱི་ཚོགས་ཀྱི་ཁོངས་མི་ཞིག་གིས་ཚོང་རྫས་གང་ཞིག་ཉོ་བའམ་བཀོལ་སྤྱོད་བྱེད་པ་དང་། ཡང་ན་ཞབས་ཞུ་དང་ལེན་བྱེད་པའི་སྐབས་སུ་ཚོང་རྫས་དང་ཡང་ན་ཞབས་ཞུ་དེ་བརྒྱུད་སྤྲོད་བྱེད་པའི་ཆེད་མིན་ལ། ཆེད་དུ་ཚོང་རྫས་དེ་ཉོ་འཚོང་བྱེད་པའི་བྱ་འགུལ་ལ་ཞུགས་པའང་མ་ཡིན་པར། འཚོ་བའི་འཛད་སྤྱོད་ཀྱི་དགོས་མཁོ་དབང་གིས་ཡིན་པས་ན་དེ་ལ་འཛད་སྤྱོད་པ་ཟེར། བདག་གཉེར་མཁན་གྱི་ནང་དུ་ཐོན་སྐྱེད་མཁན་དང་ཕྱིར་འཚོང་མཁན། སྡེབ་འཚོང་མཁན། སིལ་འཚོང་མཁན་སོགས་འདུས་ཤིང་། བདག་གཉེར་མཁན་ལ་ངེས་པར་དུ་གཤམ་གསལ་གྱི་ཁྱད་ཆོས་འགའ་ཚང་དགོས། དང་པོ། ཁེ་བཟང་གཉེར་རྒྱུ་དམིགས་ཡུལ་ཡིན་པ། བདག་གཉེར་མཁན་དཔལ་འབྱོར་བྱ་འགུལ་ནང་ཞུགས་པའི་ཆེས་མཐའ་མཇུག་གི་དམིགས་ཡུལ་ནི་ཁེ་ལས་ཀུང་ཟིའི་འཚོ་གནས་དང་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན་པར་མ་ཟད། ད་རུང་དེའི་ཁྲོད་དུ་ཁེ་བཟང་གཉེར་རྒྱུ་དེ་རེད། གཉིས་པ། བདག་གཉེར་མཁན་ནི་འཛད་སྤྱོད་པ་དང་ཁ་གཏད་དུ་ལངས་པའོ་དོན་ཐོག་པ་ཕྱོགས་གཞན་ཞིག་ཡིན་ལ། བདག་གཉེར་མཁན་གྱིས་འཛད་སྤྱོད་པར་ཚོང་རྫས་དང་ཞབས་ཞུ་འདོད་སྤྲོད་བྱེད་པའི་སྐབས་སུ་ངེས་པར་དུ་རང་ཉིད་ལ་གླ་ཡོན་ཐོབ་དགོས་པ་དང་། འཛད་སྤྱོད་པས་ཚོང་རྫས་དང་ཞབས་ཞུ་དང་ལེན་བྱས་རྗེས་བདག་གཉེར་མཁན་ལ་དེའི་གླ་ཡོན་སྤྲད་དགོས། འདི་ནས་མཉམ་འཇོག་བྱེད་དགོས་པ་ཞིག་ནི། བདག་གཉེར་མཁན་ལ་བཅའ་ཁྲིམས་སྟེང་གཏན་འཁེལ་བྱས་པའི་ལས་ཞུགས་ཐོབ་ཐང་དང་བདག་གཉེར་ཐོབ་ཐང་ཡོད་མེད་གང་ཡིན་རུང་། གལ་ཏེ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཟོ་བའི་བྱ་སྤྱོད་ལྡན་ན། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་ཀྱི་འབྲེལ་ཡོད་བདག་གཉེར་མཁན་གྱི་ཆོད་དོན་ལྟར་འགན་འཁུར་དགོས། གསུམ་པ། བདག་གཉེར་མཁན་ནི་སྤྱི་ཚོགས་ཀྱི་ཁོངས་མི་ཡིན་པ་དང་། རང་རྒྱལ་དུ་མི་སྒེར་གྱི་བཟོ་ཚོང་ཁྱིམ་ཚང་དང་མི་སྒེར་རང་གིས་མ་རྩ་བཞག་པའི་ཁེ་ལས། མཉམ་ལས་ཁེ་ལས། ཀུང་ཟི་དང་ཁེ་ལས་གཞན་དག་བཅས་འདུས་ཤིང་། ཐོན་སྐྱེད་ཕྱིར་འཚོང་གི་འཕེལ་རིམ་ལྟར་ན། དེ་ལ་ཐོན་སྐྱེད་ཚོང་པ་དང་ཕྱིར་འཚོང་ཚོང་པ། སྡེབ་འཚོང་ཚོང་པ། སིལ་འཚོང་ཚོང་པ་བཅས་འདུས།

འཛད་སྤྱོད་པའི་མཐུན་ཚོགས་ཀྱི་འགན་ནུས།

འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཆོད་དོན་ལྟར་ན། འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་གཤམ་གསལ་གྱི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས་པ་དང་འཛད་སྤྱོད་ཁྲིད་སྟོན་གྱི་འགན་འཁུར་དགོས། (1)འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་འཛད་སྤྱོད་ཤེས་བྱ་དྲིལ་བསྒྲགས་བྱེད་དགོས། (2)འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་འབུར་ཐོན་བཞག་པའི་བདག་གཉེར་མཁན་ལ་གཟེངས་བསྟོད་དང་། འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་བྱ་སྤྱོད་ལྡན་ན་མཚང་འབྱིན་དང་སྐྱོན་བརྗོད་བྱེད་དགོས་པ་དང་། གནས་ཚུལ་ཚབས་ཆེན་ཡིན་ན། ཚགས་པར་དུ་འགོད་པ་དང་བརྡ་སྦྱོར་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་འཛད་སྤྱོད་པར་ཤེས་སུ་འཇུག་དགོས། (3)འཛད་སྤྱོད་པས་འཛད་སྤྱོད་ཁ་ཕྱོགས་ལ་ཞིབ་བཤེར་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་གིས་རྩ་འཛུགས་བྱས་བའི་ཚོང་རྫས་དང་ཞབས་ཞུའི་སྤུས་ཀ རིན་གོང་། བྱེད་ནུས་སོགས་ལ་ཞིབ་གཤེར་བྱེད་ན། དངོས་ཡོད་དང་དྲང་བཞག་གི་སྒོ་ནས་མཇུག་འབྲས་ཁྱབ་བསྒྲགས་བྱེད་པ་དང་། བདག་གཉེར་མཁན་དང་འཛད་སྤྱོད་པར་འཛད་སྤྱོད་ཆ་འཕྲིན་འདོན་སྤྲོད་བྱེད་པ་དང་འཛད་སྤྱོད་ཁྲིད་སྟོན་བྱེད་དགོས། (4)འཛད་སྤྱོད་པས་ཚོང་རྫས་དང་ཞབས་ཞུ་ཐད་བཏོན་པའི་བསམ་འཆར་དང་བླང་བྱར་བརྟག་དཔྱད་བྱས་ཏེ། ཧུར་བརྩོན་སྒོས་ཐོན་སྐྱེད་བདག་གཉེར་ལས་ཁུངས་དང་ལྟ་སྐུལ་དོ་དམ་སྡེ་ཁག་ལ་ཡར་ཞུ་བྱེད་དགོས། (5)འཛད་སྤྱོད་པས་ཚོང་རྫས་དང་ཞབས་ཞུའི་སྤུས་ཀ་དང་རིན་གོང་། འཕྲོད་བསྟེན། བདེ་འཇགས། ཚད་གཞི། གྲངས་འབོར། ཕྱི་ཐུམ། ཚོང་རྟགས། བརྡ་འཕྲིན་བཅས་གནད་དོན་ཐད་ཀྱི་ཞུ་གཏུག་བྱེད་ན། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་གདན་འདྲེན་བྱས་ཏེ། དུས་ལྟར་ཐག་གཅོད་བྱེད་དགོས། (6)རྩོད་གཞི་ཚབས་ཆེན་བྱུང་བའི་ཚོང་རྫས་དང་ཞབས་ཞུ་ལ་དགོས་ངེས་ཀྱི་བརྟག་དཔྱད་དང་ཞིབ་བཤེར་བྱེད་དགོས་པར་མ་ཟད། གནས་ཚུལ་དང་བསྟུན་ནས་དེའི་མཇུག་འབྲས་ཁྱབ་བསྒྲགས་བྱེད་དགོས། (7)འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་པའི་བྱ་སྤྱོད་ཡོད་ན། གནོད་འཚེ་ཐེབས་པའི་འཛད་སྤྱོད་པ་དེས་ཞུ་གཏུག་བྱེད་པར་རྒྱབ་སྐྱོར་བྱེད་དགོས། (8)འཛད་སྤྱོད་པའི་ཁེ་དབང་ལ་སྲོང་སྐྱོང་བྱེད་པའི་འབྲེལ་ཡོད་དུས་དེབ་པར་སྐྲུན་བྱེད་པ་དང་རྒྱལ་སྤྱིའི་འབྲེལ་འདྲིས་སྤེལ་བ། རྒྱལ་སྤྱི་རང་བཞིན་དང་མངའ་ཁོངས་རང་བཞིན་གྱི་འཛད་སྤྱོད་པའི་རྩ་འཛུགས་དང་འབྲེལ་ཡོད་བྱ་འགུལ་ལ་ཞུགས་དགོས།

འཛད་སྤྱོད་པའི་གྱོང་གུན་ལ་སྐྱིན་ཚབ་འཇལ་བ།

འཛད་སྤྱོད་པས་ཚོང་རྫས་ཉོ་བའམ་བཀོལ་སྤྱོད་བྱེད་པའི་སྐབས་སུ། དེའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐེབས་ན་ཕྱིར་འཚོང་མཁན་ལ་སྐྱིན་ཚབ་འཇལ་དགོས་པའི་རེ་བ་འདོན་ཆོག་པ་དང་། ཐོན་སྐྱེད་མཁན་གྱི་འགན་འཁྲི་དང་ཡང་ན་ཕྱིར་འཚོང་མཁན་གྱིས་འདོན་སྤྲོད་བྱས་པའི་ཚོང་རྫས་དེའི་ཕྱིར་འཚོང་མཁན་གཞན་དག་གི་འགན་འཁྲི་གང་ཞིག་ཡིན་རུང་། ཕྱིར་འཚོང་མཁན་དེས་སྐྱིན་ཚབ་འཇལ་རྗེས། ཐོན་སྐྱེད་མཁན་དང་ཕྱིར་འཚོང་མཁན་གཞན་དག་ལ་སྐྱིན་ཚབ་བདའ་འདེད་བྱེད་རྒྱུའི་དབང་ཆ་ཡོད། འཛད་སྤྱོད་པས་ཞབས་ཞུ་དང་ལེན་བྱེད་སྐབས། དེའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐབས་ན། ཞབས་ཞུ་མཁན་ལ་སྐྱིན་ཚབ་འཇལ་རྒྱུའི་རེ་བ་འདོན་ཆོག །