མདུན་ཤོག- དཔལ་འབྱོར་འཚོ་བ།- ཁྱིམ་ཇུས་ནོར་གཉེར།

སློབ་གྲྭ་ཆེན་མོ་པའི་ལས་ཞུགས་གནད་དོན་ལ་གཞིགས་ནས་བོད་ཀྱི་མཐོ་རིམ་སློབ་གསོའི་སྒྲིག་གཞི་བཅོས་སྒྱུར་བྱེད་དགོས་པའི་སྐོར་གླེང་བ།

ཀུན་དགའ་ཡེ་ཤེས།  2010ལོའི་མཚོ་སྔོན་བོད་ཀྱི་སློབ་གསོ་དེབ་བཞི་པ།  2011-01-20 11:37

བཟོ་ལས་ཤེས་རིག་གི་འཕེལ་རྒྱས་ཀྱིས་འཇིག་རྟེན་ཧྲིལ་བོ་སྡོད་བཟོད་མེད་པར་བྱས་ཤིང་། ཚོང་རའི་དཔལ་འབྱོར་ལས་བྱུང་བའི་འགྲན་རྩོད་ཀྱིས་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་ལ་རྡོག་བརྫིས་ཐེབས་བཞིན་པའི་སྐབས་འདིར། དེང་རབས་སློབ་གསོ་ལག་ལེན་བྱས་པའི་ལོ་རྒྱུས་ལ་ཕལ་ཆེར་མི་ལོ་ལྔ་བཅུ་ཡས་མས་ལས་མེད་པའི་བོད་མི་རིགས་ལ་མཚོན་ན། དུས་ཡུན་ཐུང་ཐུང་ཙམ་གྱི་ཡུན་ལ་ཏང་དང་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བ་ལ་བརྟེན་ནས། ས་ཆ་གང་སར་བོད་སྐད་བོད་ཡིག་གི་སྟེང་ནས་སློབ་ཁྲིད་བྱེད་པའི་དེང་རབས་སློབ་གསོའི་རྣམ་པ་གཏན་ཆགས་བྱུང་སྟེ་བོད་ཀྱི་སྤྱི་ཚོགས་འདིའི་ལས་གནས་ཁག་གི་དགོས་མཁོ་སྐོང་ཐུབ་པ་བྱུང་ཡོད་པ་རེད། དེའི་ཕྱིར་དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུ་པའི་མཇུག་གི་ཚུན་ལ་བོད་ཡིག་དང་བོད་ཀྱི་སློབ་གསོའི་ཆེད་ལས་ནས་མཐར་ཕྱིན་པའི་སློབ་མ་ཡིན་ན་བྱ་བའི་བཀོད་སྒྲིག་ཐད་དཀའ་ཁག་ལྟ་ཅི། ཐ་ན་ལས་ཁུངས་སོ་སོར་མི་འདང་བའི་གནས་ཚུལ་གྱིས་འཕྲོག་རྩོད་བྱེད་དགོས་པའི་གནད་དོན་ལ་ཡང་ཐུག་མྱོང་། དུས་རབས་ཉི་ཤུ་པ་མཇུག་བསྒྲིལ་ཏེ། ཚོང་རའི་དཔལ་འབྱོར་གྱི་འཕེལ་རྒྱས་དུས་རབས་ཉེར་གཅིག་པའི་ཉི་གཞོན་དང་འགྲོགས་ནས་སླེབས་རྗེས། བོད་སྐད་དང་བོད་ཡིག་གི་སློབ་གསོ་མྱངས་པའི་མཐོ་རིམ་སློབ་གྲྭ་པ་རྣམས་ཀྱི་ལས་ཞུགས་ཀྱི་གནད་དོན་ཇེ་དཀའ་ནས་ཇེ་དཀའ་རུ་གྱུར་ཏེ། ད་ལྟ་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ཡང་ཕྱིར་ཕ་ཡུལ་དུ་ལོག་ནས་ནོར་ལུག་གི་རྗེས་འབྲངས་པའམ་ཞིང་ཁའི་རྩྭ་ལྡུམ་ལ་འཇུ་བའི་མྱོང་བ་དངོས་སུ་དང་ལེན་མི་བྱེད་ཐབས་མེད་དུ་གྱུར་ཡོད། སྣང་ཚུལ་དེས་བོད་ཀྱི་སྤྱི་ཚོགས་ཁྲོད་བྱིས་པ་སློབ་གྲྭར་བསྐྱལ་བ་ལ་ཡང་ཤུགས་རྐྱེན་ངན་པ་ཐེབས་བཞིན་པ་མངོན་གསུམ་གྱི་བདེན་དོན་ཞིག་ཡིན།

རྒྱལ་ཁབ་ཀྱིས་བྱ་བའི་གནད་དོན་འགན་ལེན་མི་བྱེད་པའི་ཇུས་གཞི་ལག་བསྟར་བྱས་ནས་དུས་ཡུན་རིང་པོ་སོང་མེད་ནའང་། བོད་ཀྱི་སློབ་གསོས་བསྐྱངས་འོངས་པའི་མཐར་ཕྱིན་སློབ་མའི་ལས་ཞུགས་གནད་དོན་ལོ་རེ་ནས་ལོ་རེར་ཇེ་སྡུག་གི་གནས་སུ་འགྱུར་བཞིན་པ་ལ་ང་ཚོས་ད་དུང་རྣ་ཡས་འོན་པ་དང་། མིག་ཡས་ཞར་བའི་བརྟུལ་ཞུགས་བཟུང་ནས་སོས་དལ་བག་ཕེབས་སུ་སྡོད་རྒྱུ་ཡིན་ནམ། ཡང་ན་འུ་ཐུག་ཐབས་ཟད་ཀྱི་སྨྲེ་ངག་མུ་མཐུད་དུ་འདོན་རྒྱུ་ཡིན། ལག་རྩལ་ཚོང་ར་ཁོ་ནས་ཐག་བཅད་པའི་ད་ལྟ་སྤྱི་ཚོགས་ཀྱི་འགྲན་རྩོད་དེ་ཤེས་ལྡན་མི་སྣ་ལ་རག་ལས་ཤིང་། ཤེས་ལྡན་མི་སྣ་དེ་ཡང་སློབ་གསོའི་སྣེ་ཁྲིད་ལ་རག་ལས་ཡོད་པའི་ཕྱིར་ན། ང་ཚོ་བོད་ཀྱི་སློབ་གསོའི་སྟེང་གི་སྣེ་འཁྲིད་བྱེད་ཀྱི་ཨ་ལོང་འདིར་བཅོས་སྒྱུར་བྱེད་རྒྱུ་ཡོད་པ་ལ་ད་ནས་བཟུང་ཐབས་བཀོད་འཐེན་ན་ལེགས་སམ། ཡང་ན་བོད་ཀྱི་སློབ་གསོ་དེས་སྔར་བཞིན་སྲོལ་རྒྱུན་རིག་གནས་ཀྱི་གསང་ལམ་བརྒྱུད་ནས་དེང་རབས་དཔལ་འབྱོར་གྱི་སྤྱི་ཚོགས་འདིའི་གདོང་ལེན་བྱས་ན་ལེགས། འདི་དག་ཐམས་ཅད་དེང་གི་མཐར་ཕྱིན་སློབ་མའི་ལས་ཞུགས་གནད་དོན་སྟེང་ནས་བཏོན་པའི་འདྲི་གཞི་འབའ་ཞིག་སྟེ། དེང་འདིར་མི་རིགས་ཀྱི་རིག་གནས་དང་རང་ཉིད་ཀྱི་སྤུན་ཟླ་ལ་ཤ་ཚ་མཁན་ཞིག་ཡིན་ན། བོད་ཀྱི་སློབ་གསོའི་ལས་དོན་སྟེང་དུ་བྱུང་དང་འབྱུང་བཞིན་པའི་གནད་དོན་འདིར་ཅི་ནས་ཀྱང་བསམ་གཞིགས་ཞིབ་མོ་བྱེད་དགོས་ཆེ་ལ། དེ་བས་ཀྱང་མིག་སྔར་གྱི་གནད་དོན་ཅི་ཡིན་ལ་མྱུར་དུ་ཐག་གཅོད་བྱེད་དགོས་ཤིན་ཏུ་ཆེ། སློབ་གསོའི་ངོ་བོའི་སྟེང་ནས་བཤད་ན། སྔོན་ཆད་དང་ད་ལྟའི་སློབ་གསོ་གང་ཡིན་རུང་དེ་གཉིས་ལ་མི་འདྲ་བའི་དགེ་མཚན་དང་ཁྱད་ཆོས་མང་དུ་གླེང་རྒྱུ་ཡོད་ནའང་། དངོས་ཡོད་སྤྱི་ཚོགས་དང་མཐུན་མི་མཐུན་གྱི་ཕྱོགས་ནས་ཐོག་མའི་སློབ་གསོ་དེས་ད་ལྟའི་སྤྱི་ཚོགས་ཀྱི་འགན་ཁུར་ཐུབ་པའི་ངེས་པ་མེད་ལ། ད་ལྟའི་སློབ་གསོ་འདིས་མ་འོངས་པའི་སྤྱི་ཚོགས་ལ་ཁག་ཐེག་བྱེད་ཐབས་ཀྱང་ཅི་ལ་འོངས། ཉེ་བའི་དུས་སུ་བོད་ཡིག་གི་སློབ་གསོའི་ལག་ལེན་གྱི་ནང་དོན་ཐད་ཚ་ཚ་འུར་འུར་བྱེད་བཞིན་ཡོད་པའི་ལོ་རྒྱུས་དང་། རྩོམ་རིག བརྡ་སྤྲོད་རིག་པ། ནང་དོན་རིག་པ་སོགས་གང་ཡིན་ཡང་ཆེད་སྦྱོང་དེ་ཙམ་ལ་བརྟེན་ནས་རང་ཁ་རང་གསོ་བྱེད་པར་དཀའ་ཁག་གི་གནས་སུ་ལྷུང་ཡོད་ལ། བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་རྣམས་བོད་ཀྱི་རང་ས་མ་གཏོགས་འགྲོ་མི་ཐུབ་པ་དང་། རང་ས་ནས་ཀྱང་བོད་ཡིག་འདི་བེད་སྤྱོད་བྱེད་མི་ཐུབ་པའི་གནས་ཚུལ་འདིས་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་ཚོད་འཛིན་ཆེན་པོ་བྱས་ཡོད་པ་སོགས་ཀྱི་གནད་དོན་འདི་དག་གི་རྩ་བ་འཚོལ་ཐབས་ལ་ཅི་ནས་འབད་པ་བྱེད་དགོས་ལ། ལྷག་པར་དུ་སློབ་གསོའི་བྱ་བ་སྒྲུབ་མཁན་གྱི་མགོ་ཁྲིད་རྣམ་པ་དང་། སློབ་གསོར་ཞིབ་འཇུག་བྱེད་མཁན་རྣམ་པས་བོད་ཡིག་འདི་རིག་གནས་ཐམས་ཅད་སྦྱོང་བྱེད་ཀྱི་ལག་ཆ་བྱེད་ཆོག་པ་ཞིག་དང་། སློབ་གསོའི་ནང་དོན་སྤྱི་ཁོག་ཆེ་ཞིང་ཕུན་སུམ་ཚོགས་པ་ཞིག་ཏུ་གཏོང་བ་ལ་ཞིབ་འཇུག་བྱེད་རྒྱུ་ནི། མི་རིགས་འདིའི་མ་འོངས་པའི་སློབ་གསོའི་བྱེད་ཕྱོགས་ཐག་གཅོད་ཡོང་བྱེད་ཀྱི་ཐབས་ལམ་གཙོ་བོ་དང་། ཉི་མ་དེ་རིང་ནས་བཟུང་སྟེ་དཔལ་འབྱོར་ཚོང་རའི་གནས་ཚུལ་དངོས་དང་མཐུན་པའི་ཚན་རིག་ལག་རྩལ་གྱི་སློབ་གསོ་དེ་བོད་ཡིག་གི་སྟེང་དུ་ལག་ལེན་བྱེད་རྒྱུ་ནི། མི་རིགས་འདིའི་མ་འོངས་པའི་ལས་དབང་ཐག་གཅོད་བྱེད་ཀྱི་ཐབས་ལམ་ཉག་ཅིག་ཡིན་པ་མ་ཟད། སླད་མའི་མཐར་ཕྱིན་སློབ་མ་རྣམས་ཀྱི་བྱ་བའི་གནད་དོན་ཐད་ཀྱི་དཀའ་ཁག་ཀྱང་སེལ་བར་བྱེད་པའི་ཐར་ལམ་གཙོ་བོ་རེད་སྙམ། གཅིག དངོས་ཡོད་དང་མ་འོངས་ལ་ཕྱོགས་པའི་སློབ་གསོའི་སྒྲིག་གཞི་གསར་འཛུགས་བྱེད་དགོས། དེང་འདིར་དུས་རབས་ཉེར་གཅིག་པའི་དཔལ་འབྱོར་དང་བརྡ་འཕྲིན་གྱི་ཁྱད་ནུས་དེ་མི་ཀུན་ལ་མིག་མཐོང་ལག་ཟིན་དུ་ཡོད་ལ། འདིས་མ་འོངས་པའི་སྤྱི་ཚོགས་དེར་ཡང་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་ཁ་ལོ་བསྒྱུར་ངེས་པ་ལ་ཐེ་ཚོམ་ཅི་ཡང་མེད། ད་ལྟའི་སློབ་གསོ་ཡང་དག་པ་ཞིག་བྱུང་ན། མ་འོངས་པའི་འགྱུར་ལྡོག་ཆེན་པོ་དེའི་ནང་མཐར་ཕྱིན་སློབ་མའི་བྱ་བ་གཅིག་པུའི་མ་ཚད་པར་རང་ཅག་མི་རིགས་སྤྱིའི་ལས་དབང་ཐབས་སྡུག་ཡིན་མི་སྲིད་ཅིང་། དེ་བཞིན་དུ་ད་ལྟའི་སློབ་གསོ་ལེགས་ལམ་དུ་མ་སོང་ན་མ་འོངས་པའི་རང་ཅག་གི་མདུན་ལམ་ཡང་ཐེ་ཚོམ་ཅན་ཞིག་ཡིན་ཞེས་བརྗོད་ཆོག་ཆོག་ཡིན། དེའི་ཕྱིར་སློབ་གསོའི་བྱེད་ཕྱོགས་དང་དམིགས་འབེན་ཐམས་ཅད་ཀྱང་གཞུང་ལུགས་སྨྲ་བ་ཞིག་གིས་བསྟན་པ་ཙམ་གྱིས་མི་ཆོག་ལ། སྔ་མའི་ལུགས་སྲོལ་ཞིག་དང་། ན་ནིང་གཞེས་ནིང་གི་ཁྲིམས་སྲོལ་ཞིག་ལག་ལེན་བྱས་པས་ཀྱང་འོངས་ཐབས་མེད། མཐར་ཕྱིན་སློབ་མའི་ལས་ཞུགས་གནད་དོན་ཐག་ཆོད་མི་ཐུབ་པའི་གནད་དོན་འདིའི་སྟེང་ནས། ང་ཚོས་ད་སྔའི་བར་ལག་ལེན་དུ་བསྟར་ནས་འོངས་པའི་སློབ་གསོའི་སྒྲིག་གཞི་ལ་ཕྱི་མིག་ཅིག་བལྟས་ན། ད་ལྟ་ང་ཚོར་སྲོལ་རྒྱུན་རིག་གནས་ཀྱི་ཡོན་ཏན་པ་ཅི་ཙམ་ཡོད་པ་དང་། བོད་མི་རིགས་ཀྱི་འདས་མ་འོངས་ད་ལྟ་ཀུན་གྱི་སྤྱི་ཚོགས་གནས་བྱེད་ཀྱི་སྲོག་རྟེན་དུ་གྱུར་པའི་ཚན་རྩལ་ཡོན་ཏན་པ་དང་། དཔལ་འབྱོར་བརྡ་འཕྲིན་སོགས་ཀྱི་ཆེད་མཁས་པ་ཅི་ཙམ་བགྲང་ཐུབ་པ་འདི་ནི་སྔ་མའི་སློབ་གསོའི་སྒྲིག་གཞི་དེའི་མཇུག་སྡོམ་ཡིན་ལ། ཕྱི་མའི་སློབ་གསོའི་སྒྲིག་གཞི་གསར་བ་འཛུགས་པའི་དཔྱད་གཞི་ཞིག་ཀྱང་རེད། ངས་བསམ་པར། བོད་ཀྱི་སློབ་གསོའི་དེང་ཕྱིན་གྱི་སྒྲིག་གཞི་གསར་བ་འཛུགས་པ་ལ་སྔ་མའི་སློབ་གསོའི་མྱོང་བ་དཔྱད་གཞི་བྱེད་དགོས་པར་མ་ཟད། དེ་བས་གལ་ཆེ་བ་ནི་སྐབས་བབ་སྤྱི་ཚོགས་ཀྱི་གནས་ཚུལ་སྤྱི་དང་བྱེ་བྲག་པ་ལ་རྒྱུས་ལོན་ཐོབ་དགོས་པ་དང་། མ་འོངས་འབྱུང་འགྱུར་གྱི་འཕེལ་ཕྱོགས་གཙོ་བོ་དམ་དུ་འཛིན་རྒྱུ་ཅིས་ཀྱང་གལ་ཆེ་སྙམ། སྔོན་ཆད་ཀྱི་སློབ་གསོའི་རྣམ་པ་འདིས་ད་ལྟའི་སློབ་མའི་ལས་ཞུགས་ལ་དཀའ་ཁག་མང་པོ་བཟོས་ཡོད་པ་དང་། ད་ལྟའི་སློབ་གསོས་མ་འོངས་པའི་མཐར་ཕྱིན་སློབ་མའི་གནད་དོན་ཐག་གཅོད་བྱེད་ངེས་ཡིན་པའི་ཐད་ནས། ཡོད་ཚད་མ་འོངས་པ་ལ་ཕྱོགས་རྒྱུ་ཀུན་གྱི་རྩ་བ་རེད་སྙམ། འདིའི་ཐད་ནས་བློ་མཐུན་ཏིན་ཞོ་ཕིན་ལགས་ཀྱིས་ང་ཚོར་ཁ་ཕྱོགས་པ་གསུམ་གྱི་སློབ་སྟོན་བཟང་པོ་གནང་འདུག་ཅིང་། དེ་ནི་མ་འོངས་པའི་མཐར་ཕྱིན་སློབ་མ་རྣམས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་ཀྱི་གནད་དམ་པ་ཡིན་ལ། མི་རིགས་འདིའི་རིག་གནས་འཕེལ་རྒྱས་དང་། སྤྱི་ཚོགས་དཔལ་འབྱོར་གོང་དུ་སྤེལ་བ་ལ་སྐྱུར་ཐབས་མེད་པའི་ཐབས་ཤེས་ཉག་ཅིག་ཡིན་ཀྱང་རེད་སྙམ།

ཀུན་གྱིས་ཤེས་གསལ་ལྟར། སྤྱི་ཚོགས་ཅི་ཙམ་འཕེལ་རྒྱས་སུ་སོང་ན་དེ་ཙམ་གྱིས་དཔལ་འབྱོར་གྱི་སྟོབས་ཤུགས་ཀྱང་ཆེ་རུ་འགྲོ་བ་དང་། འགྲན་རྩོད་ཀྱི་རྣམ་པ་མང་དུ་འབྱུང་བཞིན་ཡོད་པ་རེད། འགྲན་རྩོད་དེ་ཡང་མཐར་དེད་ན་ཕྱིར་དཔལ་འབྱོར་གྱི་སྟེང་དུ་འབབ་བཞིན་ཡོད་པས་དེ་གཉིས་ལ་ཕན་ཚུན་གཅིག་ལ་གཅིག་ལྟོས་ཀྱི་གཏན་ཚིགས་ཤིག་ཆགས་ཡོད། དེའི་ཕྱིར་ང་ཚོའི་དེང་རབས་སློབ་གསོ་འདིས་དགོན་སྡེ་ལྟ་བུའི་སྲོལ་རྒྱུན་སློབ་གསོ་སྤེལ་བ་ལ་འབད་པ་བྱེད་དགོས་པ་མ་ཡིན་པར་འཇིག་རྟེན་ལུགས་ཀྱི་རིག་གནས་སློབ་གསོ་སྤེལ་ཏེ་བོད་ཀྱི་སྤྱི་ཚོགས་ཆེན་པོའི་དགོས་འདོད་སྐོང་ཐབས་བྱེད་དགོས་པ་ཡིན། རང་རེའི་དགོན་སྡེའི་སློབ་གསོའི་ལོ་རྒྱུས་ཤིན་ཏུ་རིང་བས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཡུན་བརྟན་གྱི་རྨང་གཞི་ཞིག་ཡོད་པ་དང་། སྤྱི་ཚོགས་ལ་ཡང་དགེ་བའི་ནུས་བ་ངེས་ཅན་ཞིག་ཐོན་ཡོད་པས་དེ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་ལས་འགན་བོད་ཀྱི་སྐྱེ་བོ་ཀུན་ལ་ཡོད་པ་བཤད་མ་དགོས་མོད། བོད་ཀྱི་དེང་རབས་སློབ་གསོས་དེའི་གཞུག་འདེད་དགོས་པ་ཞིག་ཡིན་པ་ཤེས་རྒྱུ་གལ་ཤིན་ཏུ་ཆེ། ང་ཚོའི་དེང་རབས་སློབ་གསོའི་སྒྲིག་གཞི་ལ་སྲོལ་རྒྱུན་གྱི་རྣམ་པ་ཅུང་མང་ཙམ་འདྲེས་ཤིང་། དེས་སློབ་སྒྲུབ་ཀྱི་དམིགས་ཡུལ་དང་དུས་རབས་ཀྱི་ངང་ཚུལ་སོགས་ད་ལྟའི་དངོས་ཡོད་དང་མི་མཐུན་པའི་གནད་དོན་མི་ཉུང་བ་ཞིག་འདོན་བཞིན་ཡོད་པ་ལ་བསམ་གཞིགས་ཞིབ་མོ་བྱེད་དགོས། དུས་རབས་ཀྱི་མངོན་རྟགས་སུ་འཆར་བའི་དེང་རབས་རིག་གནས་ཀྱི་ནུས་རྩལ་ཞིག་མེད་ན་ལོ་རྒྱུས་རིང་བ་ཙམ་དང་། སྔོན་ཆད་རིན་ཐང་ཆེ་བ་ཙམ་པོས་དུས་རབས་ཀྱི་རྗེས་ཟིན་ཐབས་མེད། ད་ལྟའི་སྤྱི་ཚོགས་འདིའི་ནང་གི་ཆབ་སྲིད་དང་དཔལ་འབྱོར། ཚན་རྩལ་དང་དམག་དོན། རིག་གནས་ཉོ་ཚོང་གང་གི་འགྲན་རྩོད་ཀྱང་མདོ་དེད་ན་དཔལ་འབྱོར་ལ་མ་འབྲེལ་བ་མེད་ལ། དཔལ་འབྱོར་གྱི་སྟེང་ནས་ཡར་རྒྱས་འབྱུང་མ་ཐུབ་ཚེ་གོང་གི་འགྲན་རྩོད་གང་ཡིན་རུང་རྒྱལ་ཁ་ཆེན་པོ་ཐོབ་པའི་རེ་བ་ཆེན་པོ་མི་འདུག དེའི་ཕྱིར་དངོས་ཡོད་དང་ཁ་བྲལ་བའི་ཤེས་བྱ་ཡོན་ཏན་ལག་ཏུ་བཟུང་སྟེ་རང་ཉིད་གཟེངས་བསྟོད་ཀྱི་སྒྲོ་གུར་ཇི་ལྟར་ཕུབ་རུང་གཞན་གྱིས་རྡོག་བརྫིས་བྱེད་ངེས་ཡིན་པ་འགྲན་རྩོད་འདིའི་ཆོས་ཉིད་ཁོ་ནའོ། དཔལ་འབྱོར་གོང་དུ་སྤེལ་ཐབས་ལ་འབད་རྒྱུ་ནི་སྐབས་བབས་ཀྱི་སྤྱི་ཚོགས་འདིའི་དངོས་དོན་ཞིག་ཏུ་ཆགས་ཡོད་ལ། མ་འོངས་པའི་འཛམ་གླིང་སྤྱིའི་འཕེལ་ཕྱོགས་གཙོ་བོ་ལྟ་བུ་ཞིག་ཏུ་ཡང་ཆགས་འདུག རང་རེའི་བོད་མི་རིགས་ལ་མཚོན་ན་ཡང་དེ་དང་དེའི་ཆོས་ཉིད་དང་ལེན་མི་བྱེད་ཐབས་མེད་དུ་གྱུར་འདུག ད་ལྟའི་བར་བོད་ཀྱི་སློབ་གསོས་དུས་རབས་གསར་བའི་སྒྲིག་གཞི་གསར་བ་བཟོ་རྒྱུའི་ཐད་ནས་དང་ལེན་དང་སྟ་གོན་བྱས་པ་མ་འདང་བའི་དབང་གིས། དཔལ་འབྱོར་གཙོ་གནད་དུ་གྱུར་པའི་དུས་རབས་འདིར་སླེབས་རྗེས་ན་གཞོན་ཡོན་ཏན་པ་ཐམས་ཅད་ལས་གནས་ཀྱི་སྒོ་མོ་གཅིག་གི་ནང་དུ་འཚང་དགོས་བྱུང་བ་ལས། སྣ་མང་སྤྱི་ཚོགས་དཔལ་འབྱོར་གྱི་ཁྱབ་ཁོངས་སུ་ཞུགས་ཐུབ་ཀྱི་མེད་པ་ནི་སློབ་གསོའི་དམིགས་ཡུལ་དཀྱོག་ལམ་དུ་སོང་བའི་གསལ་བཤད་ཁོ་ན་ཡིན་ཞིང་། དེ་ནི་བོད་སྐད་ཡིག་གི་སློབ་གསོ་དུས་དང་བསྟུན་ནས་མདུན་སྐྱོད་བྱེད་མ་ཐུབ་པའི་སྐྱོན་ཁོ་ན་ཡང་ཡིན། དེས་ན་རང་རེའི་བོད་སྐད་བོད་ཡིག་གི་སློབ་གསོའི་གམིགས་ས་གཙོ་བོ་ཡང་སྲོལ་རྒྱུན་རིག་གནས་ལ་ཤུགས་བརྒྱབ་པ་ལས་གཞན། སྤྱི་ཚོགས་ལ་འཇུག་པ་དང་སྤྱི་ཚོགས་ལ་མཁོ་བའི་བསླབ་ཚན་བཀོད་སྒྲིག་བྱས་ན་མཐར་ཕྱིན་སློབ་མའི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་ངེས་ཡིན་ལ། དེར་མ་གཏོགས་པའི་འཐབ་ཇུས་མེད་པས་བོད་སྐད་བོད་ཡིག་སྤེལ་དགོས་པའི་ཀུ་ཅོ་སྒྲོག་པ་ནི་ཆར་བ་འབབ་རྒྱུ་མེད་པའི་འབྲུག་སྒྲ་སྟོང་གྲགས་ཙམ་མོ། དེ་ཡིས་བོད་མི་རིགས་དང་རིག་གནས་ལ་ཕན་ཅི་ཞིག་ཐོགས་ཨང་། གཉིས། སློབ་གསོའི་སྒྲིག་གཞི་གསར་བའི་ནང་དོན་ཕུན་སུམ་ཚོགས་པོར་གཏོང་དགོས། སློབ་གསོ་རིགས་པའི་གཞུང་ལུགས་ཀྱི་བཤད་སྟངས་ལྟར་ན། སློབ་གྲྭ་ནི་ལག་རྩལ་བཟོ་གྲྭ་ཞིག་གི་དཔེ་རུ་བཀོད་ཡོད་ལ། སློབ་མ་ནི་སློབ་གྲྭའི་བཟོ་གྲྭ་དེའི་ཐོན་རྫས་ལྟ་བུར་ངོས་འཛིན་བྱས་ཡོད་པ་བཞིན། ཐོན་རྫས་དེ་ཚོང་ར་ལ་འགྲིམ་མིན་ནི་བཟོ་གྲྭ་རང་གི་ལས་སྣོན་བྱས་པའི་རྒྱུ་སྤུས་ཁོ་ན་ལ་རག་ལས་པ་ཡིན། དེང་འདིར་སློབ་གྲྭའི་ཐོན་རྫས་སློབ་མ་རྣམས་ལ་འཁོར་སྐྱོད་བྱེད་སའི་ཚོང་ར་ཤིན་ཏུ་དཀོན་པར་གྱུར་བའི་དཀའ་ཁག་ཆེན་པོར་ཐུག་པའི་སྐབས་སུ། ང་ཚོས་གནད་དོན་གྱི་རྩ་བ་ཐོན་རྫས་འབྱུང་ཡུལ་དུ་གྱུར་བའི་སློབ་གྲྭའི་སྟེང་དུ་མི་འདེད་རང་འདེད་ཡིན་ལ། དེ་ལས་ཀྱང་ཚོང་རྫས་ཀྱི་ལས་སྣོན་ལག་རྩལ་དང་ནང་དོན་གྱི་རྣམ་པ་ཕུན་སུམ་ཚོགས་པོ་ཡིན་མིན་ལ་ཅི་ནས་ཀྱང་རག་ལས་དགོས་པ་ཡིན། ཚོང་རྫས་ཡིན་ན་དང་པོར་ཚོད་དཔག་གི་སྐབས་དང་། གཉིས་པ་ཚོང་རས་ཁས་ལེན་ཐོབ་པའི་སྐབས། གསུམ་པ་རྣམ་པ་ཕུན་སུམ་ཚོགས་པོར་གཏོང་བའི་སྐབས་བཅས་བརྒྱུད་དགོས་པ་བཞིན་རང་རེའི་བོད་ཀྱི་སློབ་གསོའི་སྒྲིག་གཞི་འདི་ཡང་ད་ལྟ་ནི་ཚོང་རས་ཁས་ལེན་ཐོབ་པའི་སྐབས་སུ་སླེབས་དགོས་པར་མ་ཟད། རྣམ་པའི་ཐད་ནས་ཕུན་སུམ་ཚོགས་པོར་འགྲོ་བ་ཞིག་ཏུ་ཡང་བསླེབ་དགོས་པ་ཡིན་མོད་ཀྱི། ངས་བལྟས་ན་བོད་ཀྱི་སློབ་གསོའི་ལག་ལེན་གང་ཡིན་རུང་ད་དུང་ཚོད་ལྟ་ཅན་དུ་གནས་ཡོད་དེ། རེ་འགར་བྱེད་ཐབས་འདི་ལག་ལེན་བྱེད་ཀྱི་ཡོད་པ་དང་། རེ་འགར་བྱེད་ཐབས་དེ་ལག་ལེན་བྱེད་པའི་འགྱུར་ལྡོག་མང་བས་གཏན་ཆགས་སུ་སོང་མེད། བོད་ཀྱི་སློབ་གསོ་སྤྱིའི་སྒྲིག་གཞི་གཏན་ཆགས་མ་བྱུང་བའི་དབང་གིས་དེ་ལས་བྱུང་བའི་སློབ་མའི་ཤེས་རིག་གི་སྤྱི་ཁོག་ཀྱང་སྣ་གཅིག་ཅན་དང་། ཁ་མི་ཚང་བ། གཏན་ཆགས་མིན་པ་ཞིག་ཏུ་གྱུར་བ་ལས་བཟོ་ཚོང་ཆེད་ལས་དགོས་སར་བཟོ་ཚོང་ཆེད་ལས་དང་། རྩིས་འཁོར་དང་དྲུང་ཡིག ཡིག་བསྒྱུར་སོགས་ཀྱི་ཆེད་ལས་དགོས་སར་དེ་བཞིན་གྱི་ཆེད་ལས་ཤེས་ལྡན་པ་གཏོང་རྒྱུ་ཡོད་པ་ཞིག་ཏུ་ཆགས་མེད།

མི་རིགས་སུ་དང་གང་ལ་མཚོན་རུང་། རང་སྐད་དང་རང་གི་ཡི་གེ རང་གི་རིག་གནས་བཅས་བེད་སྤྱོད་བྱེད་རྒྱུ་དེ་མ་སྐུལ་དང་ལེན་བྱེད་དགོས་པའི་ལས་འགན་ཞིག་ཏུ་ལྟ་དགོས་ལ། ཏང་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་དུ་ཡང“མི་རིགས་སོ་སོ་ལ་རང་ཉིད་ཀྱི་སྐད་དང་ཡི་གེ་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་ཡོད།”ཅེས་བཀོད་ཡོད་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གསུང་བཤད་མང་བོའི་ནང་དུ་ཡང“ང་ཚོས་རང་གི་སྐད་དང་རིག་གནས་ལ་དེ་འདྲའི་གཅེས་སྤྲས་བྱེད་དགོས་པའི་རྒྱུ་མཚན་ནི། བོད་ཡིག་དང་བོད་སྐད་ནི་རྒྱ་ཡིག་དང་རྒྱ་སྐད་ལས་མཆོག་ཅེས་བསམ་པ་མ་ཡིན་པར། དེ་ནི་བོད་མི་རིགས་ཀྱི་ཡར་རྒྱས་གོང་འཕེལ་ལ་འབྲེལ་བའི་གནད་དོན་ཆེན་པོ་ཞིག་ཡིན་པའི་ཕྱིར་རོ།”ཞེས་གསུངས་མྱོང་བའི་གོ་དོན་ཡང་མི་རིགས་ལ་མི་རིགས་དེའི་གནས་ཚུལ་དང་མཐུན་པའི་སྐད་དང་ཡི་གེ་བེད་སྤྱོད་བྱས་པས་རིག་གནས་དཔལ་འབྱོར་གྱི་འཕེལ་རྒྱས་མགྱོགས་པོ་ཡོད་པའི་གནས་ཚུལ་དངོས་ལ་བསམ་གཞིགས་ཟབ་མོ་གནང་ཡོད་པ་རེད།

ད་ལྟ་སློབ་གྲྭ་ཆེན་མོའི་བསླབ་གཞིའི་ཆེད་གཉེར་གྱི་བཀོད་སྒྲིག་ཐད་ནས་བལྟས་ན། སྤྱིའི་ཆ་ནས་བོད་སྐད་ཡིག་དང་རྩོམ་རིག་གཅིག་པུའི་དབང་དུ་གྱུར་ཡོད་ལ། དེ་ནས་དྲུང་ཡིག་དང་ཡིག་སྒྱུར་སོགས་ཀྱི་ཆེད་ལས་རེ་གཉིས་བཀོད་སྒྲིག་ཡོད་ཀྱང་སྦྱོང་ཚན་དང་། བསླབ་གཞིའི་ནང་དོན་ནི་གོང་གི་བོད་སྐད་ཡིག་དང་རྩོམ་རིག་གི་ཆེད་ལས་རྣམས་དང་ཁྱད་པར་ཅང་མེད་ཕྱིར། བྱ་བའི་གནད་དོན་ཐད་སྐད་ཡིག་དང་རྩོམ་རིག་གི་ཆེད་ལས་རྣམས་དང་འཚང་ཁ་མཉམ་དུ་མི་རྒྱག་རང་རྒྱག་ཏུ་གྱུར་ཡོད། སྦྱང་བྱའི་ནང་དོན་མང་ཤོས་རྩོམ་རིག་གཞུང་ལུགས་དང་། རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས། རྩོམ་རིག་གཤིབ་བསྡུར། རྩོམ་འབྲི་དང་རོལ་མྱོང་། དེང་རྩོམ་དང་གནའ་རྩོམ་ལ་སོགས་ལས། སྤྱི་ཚོགས་ལ་ཁ་གཏད་པའི་བོད་ཡིག་གི་སྲིད་འཛིན་དོ་དམ་སྡེ་ཁག་དང་། དགེ་འོས་ཆེད་གཉེར་གྱི་སྡེ་ཁག་དཔལ་འབྱོར་ཡུལ་སྐོར་སོགས་ཀྱི་ཆད་གཉེར་སྡེ་ཁག་ལྟ་ཅི། ཐ་ན་མཐར་ཕྱིན་ཚེ་མཁོ་ཉག་ཤིན་ཏུ་ཆེ་བའི་གཞུང་ཡིག་དང་། སྤྱི་འབྲེལ། དོ་དམ་གྱི་རིག་པ། སློབ་གསོ་དང་སེམས་ཁམས་རིག་པ་སོགས་ཀྱང་བཀོད་སྒྲིག་བྱས་མེད། ཀུན་གྱི་ལྟ་ཚུལ་ལའང་། བོད་ཡིག་གི་སློབ་དེབ་ཟེར་དུས་ངོས་འཛིན་བྱེད་སྟངས་ལ་ལོ་རྒྱུས་དང་། རྩོམ་རིག་གམ་བརྡ་སྤྲོད་གང་རུང་ཞིག་གི་སློབ་དེབ་ལ་གོ་འགྲོ་བ་ལས་གཞན་དུ་འདའ་ས་མེད་པས། ང་ཚོའི་མཐར་ཕྱིན་སློབ་མ་རྣམས་ལག་རྩལ་མི་སྣའི་ཚོང་རར་སླེབས་མ་ཐག་གཞན་གྱིས་ཆེད་ལས་ཅི་ཡིན་དྲིས་ན་བོད་ཡིག་ཡིན་ཟེར་གྱིན་ཡོད། གནད་དོན་དེའི་སྟེང་ནས་ཀྱང་དེང་གི་བོད་ཀྱི་སློབ་མ་རྣམས་ཀྱི་སེམས་སུ་བོད་ཡིག་ཟེར་དུས་བརྡ་སྤྲོད་དང་ལོ་རྒྱུས། ཚད་མ་དང་རྩོམ་རིག་སོགས་ཀྱི་ཆེད་གཉེར་ཤེས་བྱ་ཞིག་ཡིན་སྙམ་པ་ལས། བོད་ཡིག་ཟེར་བ་རིག་གནས་ཡོན་ཏན་སྣ་ཚོགས་སྦྱོང་བྱེད་ཀྱི་ལག་ཆ་ཞིག་ཏུ་ངོས་འཛིན་མཁན་ཤིན་ཏུ་ཉུང་། དེའི་ཕྱིར་སྐད་དང་ཡིག་རིགས་གཅིག་པུའི་སྟེང་ནས་ཆེད་ལས་ཐག་གཅོད་པ་མ་ཡིན་པར་སྦྱང་བྱའི་ནང་དོན་གྱི་སྟེང་ནས་ཐག་གཅོད་དགོས་པ་ཡིན་ལ། དེ་བས་ཀྱང་སྐད་དང་ཡི་གེའི་སྟེང་ནས་སློབ་གསོའི་ནང་དོན་སྣ་མང་པོ་ཅན་ཞིག་མ་བྱས་པའི་ཉེས་ཆད་ད་ལྟའི་དངོས་ཡོད་ཀྱིས་གཅོད་བཞིན་པ་འདི་རྟོགས་རྒྱུ་ཤིན་ཏུ་གལ་ཆེ། དངོས་གནས་འདི་དག་ཐམས་ཅད་སློབ་གསོ་སྒྲུབ་མཁན་རྣམས་ཀྱིས་དཔྱད་པར་བྱ་བའི་ལས་དོན་གལ་ཆེན་དུ་ངེས་ལ། སྲིད་འཛིན་སྡེ་ཁག་དང་གཞུང་ལུགས་སྨྲ་བར་གོམས་པ་ཚོས་དོ་ཁུར་བྱེད་འོས་པའི་གནད་དོན་འགངས་ཆེན་ཞིག་ཡིན་པར་སྙམ། །