མདུན་ཤོག- དཔལ་འབྱོར་འཚོ་བ།- ཁྱིམ་ཇུས་ནོར་གཉེར།

རེབ་གོང་སྒྱུ་རྩལ་ཐུན་རིན་རྫོང་གི་རིག་གནས་ཐོན་ལས་གཙོ་བོར་གྱུར་བ།

ཤ་བོ་རིན་མཚོ།  མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2011-01-20 11:37

ཉེ་བའི་ལོ་འགའི་ནང་། ཐུན་རིན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས“རིག་གནས་ནི་ཐོན་སྐྱེད་ནུས་ཤུགས་དང་། རིག་གནས་ནི་ཐོན་ལས་ཆེན་པོ་”ཡིན་པའི་བྱ་བའི་བསམ་ཕྱོགས་གཙོ་གནད་དུ་བཟུང་ཞིང་། མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཐོན་ཁུངས་ཧུར་བརྩོན་སྒོས་སྔོག་འདོན་བྱེད་པ་དང་། རིག་གནས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ། རེབ་གོང་རིག་གནས་ཀྱི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ། རིག་གནས་ཐོན་ཁུངས་ཀྱི་གནས་བབས་བཟང་པོ་དེ་དཔལ་འབྱོར་ཕན་འབྲས་སུ་བསྒྱུར་བའི་དམིགས་ཡུལ་བཅས་མངོན་འགྱུར་བྱས་ནས། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་བ་དང་། འཆམ་མཐུན་གྱི་ཐུན་རིན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ནུས་ལྡན་བྱས།

ཐུན་རིན་རྫོང་གིས་ཕུལ་དུ་བྱུང་བའི་དམངས་ཁྲོད་རིག་གནས་ཀྱི་གསར་གཏོད་དང་སྲུང་སྐྱོབ་ལ་ཧ་ཅང་མཐོང་ཆེན་བྱས་པ་དང་། རིག་གནས་སྣ་ཚོགས་ཀྱི་ཐོན་ཁུངས་སྔོག་འདོན་དང་ལེགས་སྒྲིག་བྱེད་པར་ཧ་ཅང་མཐོང་ཆེན་བྱས། འཁྲབ་མཚམས་བཞག་ནས་ལོ་ངོ་ཉི་ཤུ་ཙམ་འགོར་བའི་དམངས་ཁྲོད་ཀྱི་ཟློས་གར་དང་རྟ་རྒྱུགས་སོགས་སླར་གསོ་བྱས་པའི་དུས་མཚུངས་སུ་དམངས་ཁྲོད་དུ་བོད་རིགས་ཀྱི“ཀླུ་རོལ”དང་ཧོར་རིགས་ཀྱི“བའོ་ཐོའུ”སོགས་དམངས་ཁྲོད་ཀྱི་རིག་གནས་བྱ་འགུལ་བཟང་བོར་སྤེལ་བར་ཧུར་ཐག་གིས་མཛུབ་སྟོན་བྱས། ལྷག་པར་དུ་རེབ་གོང་སྒྱུ་རྩལ་གྱི་སྲུང་སྐྱོབ་དང་། གསར་གཏོད། བཀོལ་སྤྱོད་བཅས་ནི་རེབ་གོང་རིག་གནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་བརྒད་གཏོར་བྱེད་སར་བརྩིས་ནས། སེམས་ཞིབ་མོས་སྐྱེད་སྲིང་བྱས་པས། རིག་གནས་ཐོན་ཁུངས་དཔལ་འབྱོར་ཕན་འབྲས་སུ་བསྒྱུར་བའི་དམིགས་ཡུལ་དེ་ཕལ་ཆེར་མངོན་འགྱུར་བྱས་པ་དང་། རེབ་གོང་སྒྱུ་རྩལ་ལ་ཐོན་ལས་ཀྱི་གཞི་ཁྱོན་ཕལ་ཆེར་ཆགས་སུ་བཅུག་ནས། རེབ་གོང་སྒྱུ་རྩལ་ལ“མཚོ་བོད་མཐོ་སྒང་གི་ཆེས་མཛེས་པའི་མེ་ཏོག་རྐང་གཅིག”དང་། “རང་རྒྱལ་གྱི་མི་རིགས་སྒྱུ་རྩལ་བང་མཛོད་ནང་གི་མུ་ཏིག་རྡོག་གཅིག”གི་མཚན་སྙན་བསྐྲུན་ཡོད། 2006ལོའི་ལོ་མཇུག་ཏུ། ཐུན་རིན་རྫོང་ཡོངས་སུ“རེབ་གོང་སྒྱུ་རྩལ”གསར་རྩོམ་བྱེད་མཁན་གྱི་མི་སྣ་ཉིས་སྟོང་ལྷག་ལ་སླེབས་ནས། རེབ་གོང་སྒྱུ་རྩལ་གྱི་སྤྱིའི་ཡོངས་སྒོ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་དགུ་ཁྲི་གཅིག་ལྷག་བླངས། མིག་སྔར། རེབ་གོང་སྒྱུ་རྩལ་དང་བོད་ཀྱི“ཀླུ་རོལ” ཧོར་རིགས་ཀྱི་དམངས་ཁྲོད་རྩེད་རིགས“བའོ་ཐོའུ” “རེབ་གོང་གི་བོད་ཀྱི་ཟློས་གར”བཅས་ནི་རིག་གནས་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྐོར་དང་པོའི་གྲས་སུ་ཚུད་ཡོད་པ་དང་། ལས་གཞི་སྐོར་དང་པོ་དེའི་གྲས་སུ་རྒྱལ་ཡོངས་ཀྱི་ལས་གཞི་ལྔ་བརྒྱ་དང་བཅོ་བརྒྱད་ཡོད་ལ། དེའི་ནང་མཚོ་སྔོན་ལ་ལས་གཞི་བཅུ་དགུ་ཡོད། དེའི་ཁྲོད་དུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལས་གཞི་བཞི་ཡོད། དེ་ལས་རྒྱལ་ཁབ་ཀྱིས་མི་རིགས་ཀྱི་དམངས་ཁྲོད་ཕུལ་བྱུང་རིག་གནས་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པ་གསལ་བོར་མཚོན་ཡོད་པ་དང་། ཐུན་རིན་རྫོང་གི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་བྱ་བར་བརྒད་གཏོར་རང་བཞིན་གྱི་གྲུབ་འབྲས་བླངས་བ་ཡང་མཚོན་ཡོད་པས། རེབ་གོང་རིག་གནས་དེ་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་འཛམ་གླིང་གི་མིའི་རིགས་དང་ངག་ཐོག་གི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་གཞག་གི་ལས་གཞིར་ཡར་ཞུ་བྱེད་པར་རྨང་གཞི་བཟང་བོ་ཞིག་བཏང་ཡོད།

ཉེ་བའི་ལོ་འགའི་རིང་ལ། ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་པ་དང་། སྒྱུ་རྩལ་པ་གསོ་སྐྱོང་བྱེད་པའི་ཐབས་ལམ་ཇེ་བཟང་དུ་གཏོང་བ། སྒྱུ་རྩལ་བརྩམས་ཆོས་དྲིལ་སྒྲོག་ལ་ཤུགས་སྣོན་པ། ཁྲོམ་རའི་འགྲན་རྩོད་ནུས་ཤུགས་མཐོར་འདེགས་སུ་གཏོང་བ་སོགས་ཀྱི་ཐད་ནས། ཐུན་རིན་རྫོང་སྲིད་གཞུང་གིས་སེང་གེ་གཞོང་སྡེ་བའི་འཕེལ་རྒྱས་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་སྐྱོར་བྱས། རེབ་གོང་སྒྱུ་རྩལ་པ་མང་ཆེ་བ་ནི་སེང་གེ་གཞོང་སྡེ་བར་ཡོད་ལ། སྡེ་བ་དེར་རེབ་གོང་སྒྱུ་རྩལ་གྱི་ཐོན་ལས་གཉེར་བའི་ཁྱིམ་ཚང་བརྒྱ་ཆའི་གྱ་དྲུག་ཏུ་སླེབས་ནས། སྡེ་བ་དེས་རེབ་གོང་སྒྱུ་རྩལ་གྱི་ཐོན་ལས་ཀྱིས་གཞི་ཁྱོན་ངེས་ཅན་ཞིག་བཟུང་ཡོད་པས། ཐུན་རིན་རྫོང་གི་རེབ་གོང་སྒྱུ་རྩལ་བཟོ་བྱེད་ཡུལ་གཙོ་བོར་གྱུར་ཡོད། སྡེ་བ་དེར“ཁྱིམ་ཚང་རེ་རེས་ལྷ་རིས་འབྲི་བ་དང་མི་རེ་རེས་སྒྱུ་རྩལ་གཉེར་བའི”སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་པས། མིང་དོན་མཚུངས་པའི་རིག་གནས་སྒྱུ་རྩལ་སྡེ་བར་གྱུར་ཡོད། 2006ལོའི་ཟླ6པར། རིག་གནས་པུའུ་ཡིས་སེང་གེ་གཞོང་སྡེ་བར་རྒྱལ་ཁབ་ཀྱི་སྐོར་གཉིས་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞིའི་མིང་བཏགས་གནང་། ལོ་དེར་ཞིང་ཆེན་དང་། ཁུལ། རྫོང་བཅས་ཀྱིས་སྡེ་བ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་གྱི་དཔེ་སྟོན་སྡེ་བར་གཏན་འཁེལ་བྱས་པ་དང་། མིག་སྔར། ཐུན་རིན་རྫོང་གིས་སྟོབས་ཤུགས་གཅིག་བསྡུས་བྱས་ནས་སེང་གེ་གཞོང་རིག་གནས་སྡེ་བའི་འཛུགས་སྐྲུན་ལས་གཞི་སྤེལ་བཞིན་ཡོད།

རེབ་གོང་སྒྱུ་རྩལ་གྱི་ཐོན་རྫས་དེ་དམངས་ཁྲོད་ནས་རང་སྤེལ་བྱེད་པའི་གོ་རིམ་དམའ་བ་དང་། གཞི་ཁྱོན་ཆུང་བའི་བདག་གཉེར་རྣམ་པ་དེ་ལེགས་བཅོས་བྱེད་ཆེད། ཐུན་རིན་རྫོང་གིས་རེབ་གོང་སྒྱུ་རྩལ་ཐོན་རྫས་ཀྱི་ཐོན་སྐྱེད་རྣམ་པ་དེ་ཀུང་ཟི་དང་ཞིང་བ་ཁྱིམ་ཚང་མཉམ་འབྲེལ་བྱེད་པའི་བདག་གཉེར་ཐབས་ལམ་དུ་ཞུགས་པར་ཧུར་ཐག་གིས་མཛུབ་སྟོན་བྱས་ཏེ། སྲིད་གཞུང་གི་རྒྱབ་སྐྱོར་དང་ཁྲིད་སྟོན་འོག དམངས་ཁྲོད་སྒྱུ་རྩལ་པས་ཧུར་ཐག་སྒོས་མ་དངུལ་བཏང་སྟེ་རེབ་གོང་པོ་ཏཱ་ལ་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་ཟི་དང་། ཆོས་འཁོར་རེབ་གོང་སྒྱུ་རྩལ་ཚད་ཡོད་ཀུང་ཟི། སྨན་ཐང་རེབ་གོང་སྒྱུ་རྩལ་འཕེལ་རྒྱས་ལྟེ་གནས་སོགས་གཞི་ཁྱོན་ཅུང་ཆེ་བའི་རིག་གནས་ཁེ་ལས་ལྔ་བཙུགས་པ་དང་། ཀུང་ཟིའི་ལོ་རེའི་ཡོང་སྒོ་སྒོར་ས་ཡ་གཅིག་ལྷག་ལ་སླེབས་ནས། ཐང་ག་དང་གཙག་གྲུབ། འཇིམ་བཟོ་སོགས་གཙོ་ཡིན་པའི་རེབ་གོང་རིག་གནས་ཐོན་རྫས་དེ་གཙོ་བོ་ཀན་སུའུ་དང་། ཟི་ཁྲོན། བོད་ལྗོངས། ཡུན་ནན་སོགས་དང་དེ་མིན་ནེ་པ་ལ་དང་། འཇར་པན། རྒྱ་གར། ཕྱི་སོག ཨ་མེ་རི་ཀ་སོགས་ས་ཁུལ་དང་རྒྱལ་ཁབ་དུ་ཚོང་བྲིན་པར་གྱུར་ནས། དབུལ་ཕོངས་མི་གྲངས་ཀྱིས་ཧུར་ཐག་སྒོས་རིག་གནས་ཐོན་ལས་གཉེར་བར་སྣེ་ཁྲིད་ནུས་ལྡན་བྱས་པ་དང་། དབུལ་ཕོངས་ངལ་རྩོལ་པའི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་པ་དང་། རེབ་གོང་སྒྱུ་རྩལ་ཐོན་རྫས་ཚོང་རར་ཞུགས་པར་རྩ་འཛུགས་དང་ཁྲིད་སྟོན་བྱེད་པ། ཐོན་སྐྱེད་ཀྱི་གཞི་ཁྱོན་རྒྱ་ཆེར་གཏོང་བ། སྒྱུ་རྩལ་མི་སྣའི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཕྱོགས་ལ་དགེ་མཚན་ལྡན་པའི་ནུས་བ་འདོན་སྤེལ་བྱས་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་བའི” སྐབས་སུ། ཐུན་རིན་རྫོང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་སྟོང་གཉིས་དང་སུམ་བརྒྱ་གྱ་གསུམ་དང་མི་གྲངས་ཁྲི་གཅིག་དང་སྟོང་གསུམ་བཞི་བརྒྱ་བརྒྱད་ཅུའི་ཁ་རྒྱབ་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། དེའི་ནང་། རེབ་གོང་རིག་གནས་ཀྱི་ཐོན་ལས་གཉེར་ནས་ཁ་རྒྱབ་ཀྱི་གནད་དོན་ཐག་གཅོད་བྱས་པའི་དབུལ་ཕོངས་ཁྱིམ་ཚང་བརྒྱད་བརྒྱ་ལྔ་བདུན་དང་མི་གྲངས་སྟོང་གཅིག་སུམ་བརྒྱ་སོ་དགུ་ཡོད་པས། སོ་སོར་ཁ་རྒྱབ་ཀྱི་གནད་དོན་ཐག་གཅོད་བྱས་ཟིན་པའི་དབུལ་ཕོངས་ཁྱིམ་ཚང་གི་སྤྱི་གྲངས་དང་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་སོ་དྲུག་དང་བརྒྱ་ཆའི་བཅུ་ཟིན་ཡོད། ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། དམངས་ཁྲོད་ཀྱི་རིག་གནས་ཁེ་ལས་རྒྱ་བསྐྱེད་པ་ནི་རིག་གནས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་ལ་གཏོང་བ ། “ཞིང་བ། ཞིང་ལས། ཞིང་སྡེ་གསུམ”གྱི་གནད་དོན་ཐག་གཅོད་པ། དབུལ་སྐྱོར་བྱ་བར་སྐུལ་འདེད་བྱེད་པའི་ཐབས་ལམ་བཟང་བོ་ཞིག་ཡིན་པ་ལག་ལེན་ལས་ར་སྤྲོད་བྱུང་ཡོད། །