མདུན་ཤོག- དཔལ་འབྱོར་འཚོ་བ།- ཁྱིམ་ཇུས་ནོར་གཉེར།

ཁྲི་ཀ་རྫོང་གིས་ཞིང་བའི་སྤྲོ་ཁྱིམ་གཉེར་བའི་ནུས་པ་གསོ་སྦྱོང་བྱས་ཏེ་ཞིང་བའི་སྤྲོ་ཁྱིམ་ཁང་གིས་ཞིང་བར་སྤྲོ་སྐྱིད་ལྡན་དུ་བཅུག་པ།

ཤ་བོ་རིན་མཚོ།  མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2011-01-20 11:37

སིལ་སྡོང་མེ་ཏོག་དེ་ཁྲི་ཀ་རྫོང་གི་ཁྱད་མཚར་མཚོན་རྟགས་ཤིག་ཡིན་པའི་ཆ་ནས། དཔྱིད་ཀའི་གོམ་འགྲོས་དང་བསྟུན་ནས་དཀར་ལམ་ལམ་གྱི་སིལ་སྡོང་མེ་ཏོག་གིས་ཁྲི་ཀ་རྫོང་གི་ཁོ་ར་ཁོར་ཡུག་ཀུན་ནས་བརྒྱན་ཞིང་། ཁྲི་ཀའི་དྭངས་ཤིང་གཙང་བའི་རྨ་ཆུའི་བརྒྱུད་ཀྱི་ཞིང་བའི་སྤྲོ་ཁྱིམ་ཁང་མང་པོ་ཡང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ད་ལྟ་ས་འདིའི་ཞིང་བའི་སྤྲོ་ཁྱིམ་ཁང་དེ་བཟའ་བཏུང་ལ་རོལ་ས་ཁོ་ན་ཙམ་མ་ཡིན་པར་ཁྲི་ཀའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། ཞིང་བའི་སྤྲོ་ཁྱིམ་ཁང་གི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། གཞི་ཁྱོན་ཅན་གྱི་དོ་དམ་ཁྲོད་ཞིང་བའི་སྤྲོ་ཁྱིམ་ཁང་དེ་ཡང་ཁྲི་ཀ་རྫོང་གི་མཚོན་རྟགས་གཞན་ཞིག་ཏུ་འགྱུར་བར་བྱེད་ཆེད། ཉིན་འདི་གར། ཁྲི་ཀ་རྫོང་གི་ལས་ཞུགས་ཅུའུ་དང་ལྗོངས་རྒྱུ་ལྟ་སྐོར་ཅུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་རྫོང་ཡོངས་ཀྱི་ཞིང་བའི་སྤྲོ་ཁྱིམ་ཁང་གི་བཟའ་བཏུང་ཞབས་ཞུའི་ལས་སྒོ་གཉེར་མཁན་དག་ལ་རིན་མི་དགོས་བའི་ནུས་རྩལ་གསོ་སྦྱོང་བྱས།

ཉེ་བའི་ལོ་འགའི་རིང་ལ། ཁྲི་ཀ་རྫོང་གི་ལྗོངས་རྒྱུའི་ལས་དོན་བདེ་བླག་ངང་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། “ཞིང་བའི་སྤྲོ་ཁྱིམ་ཁང་གི”ལྗོངས་རྒྱུ་ཡང་དེ་དང་བསྟུན་ནས་རིམ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། མིག་སྔར་རྫོང་དེར་བསྡོམས་པས་ཞིང་བའི་སྤྲོ་ཁྱིམ་ཁང་བརྒྱ་དང་བཅུ་དྲུག་ཡོད། ཞིང་བའི་སྤྲོ་ཁྱིམ་ཁང“ཚད་ལྡན་དང་གོ་རིམ་ཡོད་ལ། བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར”ཁག་ཐེག་བྱེད་ཆེད། ཁྲི་ཀ་རྫོང་ལས་ཞུགས་ཅུའུ་ཡིས་ཉེ་བའི་ལོ་འགའི་རིང་ཞིང་བའི་སྤྲོ་སྐྱིད་ཁང་གི་འཕེལ་རྒྱས་ཁྲོད་གནས་བའི་བཟའ་བཏུང་ཞབས་ཞུའི་རྩལ་ནུས་སྣ་གཅིག་ཡིན་པ་དང་། ཚོང་ལས་བདག་གཉེར་གྱི་ཤེས་བྱ་དམན་པ། ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས་པ་སོགས་ཀྱི་སྣང་ཚུལ་ལ་དམིགས་ནས། སྔོན་ཆད་ལྗོངས་རྒྱུའི་ཞབས་ཞུའི་ལས་རིགས་ཀྱི་ལས་ཞུགས་གསོ་སྦྱོང་སྤེལ་མྱོང་བའི་རྨང་གཞིའི་སྟེང་། ད་ལོར་གཙོ་བོ“ཞིང་བའི་སྤྲོ་ཁྱིམ་ཁང”གི་ལས་བྱེད་མི་སྣའི་གསོ་སྦྱོང་བྱ་བར་ཤུགས་སྣོན་བྱས། བྱེད་ཐབས་དེས་ཕན་ནུས་ཡོད་པའི་སྒོ་ནས་ཞིང་བའི་སྤྲོ་ཁྱིམ་ཁང་གི་སྤྱིའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་བའི་དུས་མཚུངས་སུ། ཞིང་སྡེའི་ངལ་རྩོལ་པ་ལྷག་མ་དང་ལས་གནས་ལས་མར་བབས་པའི་མི་སྣའི་ལས་ཞུགས་ཀྱི་ནུས་པ་ཇེ་ཆེར་བཏང་། ཁྲི་ཀ་རྫོང་ལས་ཞུགས་ཅུའུ་ཡི་ཅུའུ་ཀྲང་ཀྲང་ཧྲི་ཡན་གྱིས་གསར་འགོད་པར་བཤད་རྒྱུར། ཁྲི་ཀ་རྫོང་གི་ལྗོངས་རྒྱུ་ལས་རིགས་འཕེལ་རྒྱས་ཀྱི་རྩ་བའི་རྨང་གཞི་ཧ་ཅང་བཟང་ཡང་། འཕེལ་རྒྱས་རྗེས་ལུས་ཡིན་པ། ཞིང་བའི་སྤྲོ་ཁྱིམ་ཁང་གི་ད་ལྟའི་གནས་བབ་ལ་བལྟས་ན། ཞབས་ཞུ་མི་སྣའི་བྱང་ཚད་དང་སྤྱིའི་ཞབས་ཞུའི་ཆུ་ཚད་ལ་ད་དུང་བར་ཁྱད་མི་ཉུང་བ་ཞིག་ཡོད་པ་དང་། ཁྱད་པར་དུ་ཞིང་བའི་སྤྲོ་ཁྱིམ་ཁང་ཚད་ལྡན་ཅན་གྱི་དོ་དམ་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བར་ཤུགས་བསྣོན་དགོས།

རྒྱུས་ལོན་བྱས་པ་ལྟར་ན། ད་ལོའི་ཁྲི་ཀའི་ཞིང་བའི་སྤྲོ་ཁྱིམ་ཁང་གི་བཟའ་བཏུང་ཞབས་ཞུའི་ལས་སྒོ་གཉེར་མཁན་ལ་རིན་མི་དགོས་བའི་ནུས་རྩལ་གསོ་སྦྱོང་བྱེད་པའི་དུས་ཡུན་ཉིན་ཞེ་ལྔ་ཡིན་པ་དང་། མིག་སྔར་གསོ་སྦྱོང་བྱ་བ་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བཞིན་ཡོད། རྫོང་ཡོངས་ཀྱི་ཞིང་བའི་སྤྲོ་ཁྱིམ་ཁང་བདུན་ཅུ་ལྷག་གི་བདག་གཉེར་བ་དང་། ཞབས་ཞུའི་མི་སྣ། ཇ་མ་བཅས་བསྡོམས་པས་མི་སུམ་བརྒྱ་དང་སོ་བཞི་ཐེངས་འདིའི་གསོ་སྦྱོང་ལ་ཞུགས་པ་དང་། གསོ་སྦྱོང་དེ་ཡང་ཞིང་བའི་སྤྲོ་ཁྱིམ་ཁང་གི་དོ་དམ་མི་སྣ་དང་། ཀྲུང་ལུགས་ཀྱི་གཡོས་སྦྱོར་བྱེད་སྟངས། གསོལ་ཁང་གི་ཞབས་ཞུ། མགྲོན་ཁང་གི་ཞབས་ཞུ། མི་རིགས་ཀྱི་གླུ་དང་ཞབས་བྲོའི་གསོ་སྦྱོང་བཅས་སུ་དགར་ཡོད་ལ། དེའི་ནང་དོ་དམ་མི་སྣ་དང་མི་རིགས་ཀྱི་གླུ་དང་ཞབས་བྲོའི་གསོ་སྦྱོང་དེ་ཁྲི་ཀ་རྫོང་ནས་ཐེངས་དང་པོར་བཙུགས་པ་དང་། གསོ་སྦྱོང་མཇུག་སྒྲིལ་རྗེས། རྒྱུགས་འཕྲོད་མཁན་གྱི་མི་སྣ་རྩལ་ནུས་གསལ་འབྱེད་ལ་ཞུགས་དགོས། གསོ་སྦྱོང་གི་སྤུས་ཚད་མཐོར་འདེགས་སུ་གཏོང་ཆེད། ཁྲི་ཀ་རྫོང་ལས་ཞུགས་ཅུའུ་ཡིས་ཆེད་དུ་ཟི་ལིང་མགྲོན་ཁང་གསོ་སྦྱོང་ལྟེ་གནས་དང་ཟི་ལིང་གི་ཤེས་ལྡན་མི་སྣ་སྐྱེད་སྲིང་ལས་རིགས་གསོ་སྦྱོང་སློབ་གྲྭ་གདན་ཞུ་བྱས་ཏེ་ཐེངས་འདིའི་ཞིང་བའི་སྤྲོ་ཁྱིམ་ཁང་གི་རྩལ་ནུས་གསོ་སྦྱོང་གི་སློབ་ཁྲིད་ཀྱི་འགན་ཁུར་དུ་བཅུག་པར་མ་ཟད། གསོ་སྦྱོང་མ་སྤེལ་གོང་ཞིང་བའི་སྤྲོ་ཁྱིམ་ཁང་རེ་རེར་རྒྱུས་ལོན་བྱས་པ་དང་། ངལ་རྩོལ་ལས་ཞུགས་སྲིད་ཇུས་རྒྱ་ཆེར་དྲིལ་སྒྲོག་བྱེད་པ། སེམས་ཞིབ་མོས་གསོ་སྦྱོང་གི་ལས་དོན་བཀོད་སྒྲིག་དང་རྩ་འཛུགས་བྱས་ཏེ། རྒྱ་ཆེའི་ཞིང་བའི་སྤྲོ་ཁྱིམ་ཁང་གི་བདག་གཉེར་བ་རྣམས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཚོར་དུ་བཅུག་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་བྱ་བ་རྒྱ་ཆེར་སྤེལ་པའི་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། སྤྲོ་སེམས་འཁོལ་བའི་ངང་ཁྲི་ཀའི་ཡུལ་གྱི་ལྗོངས་རྒྱུའི་དུས་ཚིགས་བཟང་བོར་བསུ་མ་བྱེད་དུ་བཅུག །