མདུན་ཤོག- དཔལ་འབྱོར་འཚོ་བ།- མ་རྩ་འདེབས་ཕྱོགས།

པེ་ཅིང་ཀུ་ཤུ་ཐེབས་རྩ་ལྷན་ཚོགས་ཀྱིས་མངའ་རིས་ས་ཁུལ་ལ་ཞལ་འདེབས་སྒོར་ཁྲི་ཚོ་ཉིས་སྟོང་གནང་ནས་བོད་སྨན་གོང་འཕེལ་གཏོང་རྒྱུ་རེད།

བདེ་ལྷ་མོས་བསྒྲིགས།  བོད་ལྗོངས་རླུང་འཕྲིན།  2011-01-24 15:13

ཉེ་སྔོན་པེ་ཅིང་ཀུ་ཤུ་ཐེབས་རྩ་ལྷན་ཚོགས་ཀྱིས་མངའ་རིས་ས་ཁུལ་ལ་ཞལ་འདེབས་སྒོར་ཁྲི་ཚོ་ཉིས་སྟོང་གནང་ཞིང་། མངའ་རིས་ས་ཁུལ་གངས་ཏི་སིའི་གསོ་རིགས་སློབ་གླིང་འཛུགས་སྐྲུན་དང་། བོད་ལུགས་གསོ་རིག་དང་བོད་སྨན་སྔོག་འདོན་དང་ཞིབ་འཇུག ཐོན་སྐྱེད་བཅས་དང་། ལས་རིགས་སློབ་གསོ། གཞི་རིམ་གྱི་སྨན་བཅོས་ཆ་རྐྱེན་ལེགས་བཅོས་གཏོང་རྒྱུ་སོགས་ཀྱི་ཐད་གཏོང་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། གངས་ཏི་སི་གསོ་རིག་སློབ་གླིང་གྱི་ཐོག་མ་ནི་གངས་ཏི་སི་གསོ་རིག་སློབ་གྲྭ་ཟེར་བ་དང་སློབ་གྲྭ་དེ་གངས་རིན་པོ་ཆེའི་གཤམ་གྱི་དར་ཆེན་ཁུལ་དུ་གནས་ཡོད་པ་དང་། སྐུ་འདས་ཟིན་པའི་གསོ་རིག་གི་དགེ་རྒན་ཆེན་མོ་བསྟན་འཛིན་དབང་གྲགས་ཀྱིས་དུས་རབས ༩༠ པའི་དུས་དཀྱིལ་དུ་གཉེར་བ་ཞིག་རེད། མ་དངུལ་དང་གཞི་ཁྱོན་སོགས་ཀྱིས་རྐྱེན་པས་སློབ་གྲྭ་དེའི་སློབ་མ་བསྡུ་རྒྱུ་དང་གོང་འཕེལ་གཏོང་རྒྱུའི་ཐད་ཚོད་འཛིན་ཐེབས་ཡོད་པ་རེད། ཀུ་ཤུ་ཐེབས་རྩ་ལྷན་ཚོགས་ཀྱིས་དེར་གཏོང་འཇོག་དང་དོ་འཁུར་ཆེན་པོ་བྱས་ནས། སློབ་གྲྭ་དེ་འཕེལ་རྒྱས་འགྲོ་མི་ཐུབ་པ་དང་གཞི་ཁྱོན་ཆགས་མི་ཐུབ་པའི་རྣམ་པར་འགྱུར་ལྡོག་མཐར་ཕྱིན་བཏང་བ་དང་། ས་གནས་དེ་གའི་གསོ་བ་རིག་པའི་ཤེས་ལྡན་པ་གསོ་སྐྱོང་ཤུགས་ཆེན་བྱས་ནས། མངའ་རིས་ས་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་གོང་འཕེལ། བེད་སྤྱོད་བཅས་བྱེད་རྒྱུར་སྐུལ་སྤེལ་བཏང་ཏེ་བོད་ལུགས་གསོ་རིག་སྲུང་སྐྱོབ་དང་དར་སྤེལ། རྒྱུན་འཛིན་བཅས་བྱས་ཡོད་པ་རེད།

ཀུ་ཤུ་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་ཝང་ཏེ་ཡང་གིས་སྲོལ་རྒྱུན་རྒྱུན་འཛིན་ཐུབ་པ་དང་གཞོན་ནུ་ལོ་ཆུང་ཚོ་ལས་ཞུགས་ཐུབ་པ། གསོ་རིག་རིག་གནས་ཀྱིས་ས་གནས་དེ་གའི་མང་ཚོགས་ལ་ཞབས་ཞུ་དེ་བས་ལེགས་པ་བྱེད་ཐུབ་པ་བཅས་བྱེད་རྒྱུ་དེ་ང་ཚོའི་འདུན་པ་ཆེ་ཤོས་དེ་ཡིན་ཞེས་གསུངས་པ་རེད། །